ཤེས་རབ་ཕོ་ཉའི་གཟེངས་རྟཊ་ཕྱིར་བསྡུ་བྱས།

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་འབར་མ་གཞུང་གི་སློབ་སྟོན་པ་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱིས་མངོན་གསལ་དོད་པོའི་ཐོག་ནས་ཡང་དང་བསྐྱར་དུ་འགྲོ་བ་མིའི་གཞི་རྩིའི་རིན་ཐང་ལ་སྣང་མེད་བཏང་ཡོད་སྐོར་བརྗོད་དེ་ཤེས་རབ་ཕོ་ཉའི་གཟེངས་རྟགས་ཕྱིར་བསྡུ་བྱས།ཁ་སང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་གནས་ཚུལ་སྤེལ་བ་ལྟར་ན། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱིས་སྤོབས་པ་དང་རེ་བ། འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་པའི་ངོ་ཚབ་ཅིག་གནང་ཐུབ་ཀྱི་མེད་སྟབས། ཕྱི་ལོར་ ༢༠༠༩ ལོར་མོ་ལ་སྤྲད་པའི་རྒྱལ་སྤྱིའི་ཤེས་རབ་ཕོ་ཉའི་གཟེངས་རྟགས་ཕྱིར་བསྡུ་བྱས་ཡོད་པ་དང་། ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དོན་གཉེར་གནང་གི་མེད་པའི་ཉེས་མིང་འོག དེ་སྔོན་མོ་ལ་སྤྲད་པའི་གཟེངས་རྟགས་ཡོངས་གྲགས་ཐོག་ཕྱིར་བསྡུ་བྱས་པ་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་དྲུང་ཆེ་ཁོ་མི་ནེ་ཌུ་ (Kumi Naidoo) ཡིས། ལྕམ་ཨང་སན་སུའུ་སྐྱིད་ལགས་ལ་ཡིག་འཕྲིན་ཞིག་བཏང་སྟེ། གཟེངས་རྟགས་དེ་འབུལ་སྐབས་མོས་མུ་མཐུད་བཟང་སྤྱོད་ཐོག་ནས་མ་མཐའ་ཡང་འབར་མའི་ནང་གི་དྲང་བདེན་མིན་པའི་བྱ་སྤྱོད་ལ་ཁ་གཏད་གཅོག་པ་རྒྱུ་དེ་ཚོགས་པའི་རེ་བ་ཡིན་ཡང་། དེ་ལས་ལྡོག་ཏེ་ལོ་འགའི་རིང་མངོན་གསལ་དོད་པོའི་ཐོག་ནས་ཡང་དང་བསྐྱར་དུ་གཞི་རྩའི་རིན་ཐང་ལ་བསླུ་བྲིད་བཏང་བར་བློ་ཕམ་དང་སེམས་ཚབས་བྱུང་བས། མུ་མཐུད་ཚོགས་པ་དེས་མོ་ལ་ཤེས་རབ་ཕོ་ཉའི་གཟེངས་རྟགས་ཐོབ་མཁན་ཞིག་ལ་ངོས་འཛིན་བྱ་ཐབས་བྲལ་བར་བརྟེན། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་གཟེངས་རྟགས་ཀྱི་མཚན་གནས་ཕྱིར་བསྡུ་བྱས་པ་བསྒྲགས་པ་ཡིན་སྐོར་བརྗོད་འདུག

གཞུང་འབྲེལ་དྲ་ཐོག་ཏུ་བཀོད་པའི་གནས་ཚུལ་དེའི་ནང་། ཕྱི་ལོ་ ༢༠༡༦ ལོར་ཨང་སན་སུའུ་སྐྱིད་ལགས་འབར་མའི་མི་མང་གི་མགོ་འཁྲིད་དུ་གྱུར་པ་ནས་མོའི་འཛིན་སྐྱོང་གིས་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་དང་། དམག་གི་དྲག་སྤྱོད་ཀྱིས་འབར་མའི་རཱ་ཁེན་མངའ་སྡེའི་ (Rakhine State) ནང་གི་ཁ་ཆེ་བ་རོ་ཧན་གྷ་གྲངས་ཉུང་མི་རིགས་སྟོང་ཕྲག་འགའ་བསད་པ་དང་བུད་མེད་ལ་བཙན་གཡེམ་བཏང་བ། སྐྱེས་པ་རྣམས་བཀག་ཉར་གྱིས་མནར་གཅོད་བཏང་བ་དང་སྡོད་གནས་བརྒྱ་ཕྲག་མང་པོ་མེར་བསྲེགས་པ། མི་གྲངས་འབུམ་ ༧ ལྷག་བྷང་ལ་ཌི་ཤི་ནང་སྐྱབས་བཅོལ་དུ་ཕྱིན་ཡོད་སྐོར་གྱི་གནས་ཚུལ་བཀོད་འདུག

ཡང་གནས་ཚུལ་དེའི་ནང་། འབར་མིའི་དབང་ཆ་དམག་མིས་བཟུང་ཡོད་ཀྱང་ལྕམ་ཨང་སན་སུའུ་སྐྱིད་ཀྱིས་སྣེ་འཁྲིད་པའི་མི་མང་གི་གཞུང་དེར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་སྨྲ་བརྗོད་རང་དབང་། མི་མང་ཞི་བའི་ངང་འདུ་འཛོམས་བྱེད་པ་སོགས་ཀྱི་ཁྲིམས་ལ་བསྐྱར་བཅོས་བྱེད་པའི་ཐོབ་ཐང་ཡོད་ནའང་། ད་ལྟ་ད་དུང་འབར་མིའི་ནང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་ཞི་བའི་འཐབ་རྩོད་པ། གསར་འགོད་པ་སོགས་ཀྱིས་རང་ཉིད་ཀྱི་ལས་ཀ་བྱས་པ་ཙམ་གྱིས་ཀྱང་འཛིན་བཟུང་བཙོན་འཇུག་དང་། ཉེན་བརྡ་བསུན་གཙེར། འཇིགས་སྐུལ་སོགས་བྱེད་ཀྱི་ཡོད་པ་རེད། ཅེས་བཀོད་འདུག

ཕྱི་ལོ་ ༢༠༠༩ ལོར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ལྕམ་ཨང་སན་སུའུ་སྐྱིད་ལགས་ལ་ཤེས་རབ་ཀྱི་ཕོ་ཉའི་གཟེངས་རྟགས་ཕུལ་ཏེ། མོས་ཞི་བའི་ངང་དམངས་གཙོ་དང་འགྲོ་བ་མིའི་འཐབ་རྩོད་གནང་བར་ངོས་འཛིན་གནང་ཡོད་ན་ཡང་། སྐབས་དེར་མོ་གཞུང་གི་བཟང་བཙོན་འོག་ཡོད་པས་ཕྱི་ལོ་ ༢༠༡༢ ལོར་གཟེངས་རྟགས་དེ་བླངས་ཡོད་པ་རེད།  སྐབས་དེར་མོས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་མིག་དང་སེམས་པ་གཉི་ག་ང་ཚོར་གཏད་དེ་རེ་བ་དང་ལོ་རྒྱུས་གཉིས་གཞི་གཅིག་ཏུ་འདྲིས་ནས་འབར་མ་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་བར་རོགས་རམ་གནང་རོགས། ཞེས་བརྗོད་ཡོད་འདུག

རོ་ཧན་གྷ་ཡའི་གནད་དོན་བྱུང་རྗེས། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་གཙོས་དེ་སྔོན་ལྕམ་ཨང་སན་སུའུ་སྐྱིད་ལགས་ལ་སྤྲད་པའི་གཟེངས་རྟགས་མང་པོ་ཞིག་ཕྱིར་བསྡུ་དགོས་པའི་གླེང་སློང་བྱུང་ཡོད་པ་ལྟར། ཕྱི་ལོ་ ༡༩༩༧ ལོར་དབྱིན་ཇིའི་དབུས་ལྷོད་རྒྱུད་ཀྱི་གྲོང་ཁྱེར་ཨོ་ཁུ་སི་ཧྥོ་ཌིས་ཨོ་ཁུ་ཧྥོ་ཌོ་རང་དབང་གཟེང་རྟགས(Oxford Freedom Award)ཞེས་པ་ཞིག་ལྕམ་ཨང་སན་སུའུ་སྐྱིད་ལགས་ལ་ཕུལ་ཡོད་པ་དེ་ཕྱིར་བསྡུས་བྱས་ཡོད་པ་རེད། གཟེངས་རྟགས་དེ་ལྕམ་སུའུ་སྐྱིད་ལགས་ཀྱིས་ལོ་མང་རིང་དམངས་གཙོའི་ཆེད་དུ་དཀའ་ངལ་ལ་གདོང་གཏད་ཀྱིས་འཐབ་རྩོད་བྱས་པར་ཆེད་བསྟོད་དུ་ཕུལ་བ་ཞིག་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༡/༡༣

Leave a Reply

One thought on “ཤེས་རབ་ཕོ་ཉའི་གཟེངས་རྟཊ་ཕྱིར་བསྡུ་བྱས།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    སྔ་མོ་བོད་ཀྱི་གཏམ་དཔེ་ལ་སྦྱིན་ནས་ལེན་པ་དང་པོའི་དགྲ་ལས་སྡུག་ཟེར་བ་
    དང་མ་སྦྱིན་སྔོན་དུ་བསམ་བློ་མཐོང་སྦྱིན་ནས་ལེན་པ་ངོ་ཚའི་རྒྱུ་ཟེར་བའི་
    གཏམ་དེ་ངོ་མའི་བདེན་བྱུང་ངོ།