པར་རིས་རྟོག་སྒྲུང་རྩོམ་པ་པོ་གྲགས་ཅན་སི་ཊན་ལི་འདས་གྲོངས་སུ་ཕྱིན།

འཛམ་གླིང་གི་པར་རིས་རྟོག་སྒྲུང་རྩོམ་པ་པོ་གྲགས་ཅན་དང་མཱར་ཝལ་པར་རིས་རྟོག་སྒྲུང་ཁང་གི་འགན་འཛིན་ཟུར་པ་སི་ཊི་ལི་ལགས་འདས་གྲོངས་སུ་ཕྱིན་ཡོད་པས་འཛམ་གླིང་གི་སྒྱུ་རྩལ་བ་སོགས་མི་མང་པོས་མྱ་ངན་ཞུས།རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཕྱི་ཚེས་ ༡༢ ཉིན་འཛམ་གླིང་ཐོག་ཧ་ཅང་སྐད་གྲགས་ཆེ་བའི་སྡོམ་འབུའི་མི་(Spider-man)དང་། མི་བོ་ཆེ་(Hulk) ལྕགས་མི།(Iron Man) ཐཱོར།(Thor) དང་ཨེག་སི་མཱེན་(X-men)སོགས་པར་རིས་རྟོག་སྒྲུང་རྩོམ་པ་པོ་གྲགས་ཅན་དང་། རྒྱལ་སྤྱིའི་མཱར་ཝལ་པར་རིས་རྟོག་སྒྲུང་ཁང་གི་འགན་འཛིན་ཟུར་པ་སྐུ་ཞབས་སི་ཊན་ལི་(Stan Lee)ལགས་ལོ་ ༩༥ ཐོག་ཨ་རིའི་ལོ་སི་ཨན་ཇི་ལེ་སི་མངའ་སྡེའི་(Los Angeles)སྨན་ཁང་ཞིག་ཏུ་འདས་གྲོངས་སུ་ཕྱིན་ཡོད་འདུག ཁོང་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་གྱིས་འཛམ་གླིང་གི་སྒྱུ་རྩལ་ལས་རིགས་ཀྱི་ཆེད་ལས་པ་ཙམ་མིན་པར། པར་རིས་རྟོག་སྒྲུང་གི་ཤུགས་རྐྱེན་འོག་འཚར་ལོངས་བྱུང་བའི་ཕོ་མོ་རྒན་གཞོན་མང་པོས་མྱ་ངན་ཞུ་ཡི་ཡོད་འདུག

སི་ཊན་ལི་གྲོངས་པའི་གནས་ཚུལ་ཐོས་མ་ཐག་ཁོང་གི་རྟོག་སྒྲུང་ཨ་རིའི་དེད་དཔོན་(Captain American)གྱི་འཁྲབ་སྟོན་པ་གཙོ་བོ་ཁི་རི་སི་ཨི་ཧྦན་སི་(Chris Evans)ཡིས་སྒེར་གྱི་ཊུའེ་ཊར་ཐོག སི་ཊན་ལི་འདྲ་བའི་མི་ཞིག་བྱུང་མི་སྲིད་པ་དང་། ཁོང་གིས་ལོ་ངོ་དུ་མའི་རིང་ཕོ་མོ་རྒན་གཞོན་མང་པོར་སྤྲོ་སེང་དང། བྲོས་བྱོལ། བདེ་སྣང་། གདེང་སྤོབས། སྐུལ་འདེད། སྙིང་སྟོབས། གྲོགས་འདྲིས། སྤྲོ་སྣང་བཅས་བྱིན་ཡོད་པས། ཁོང་གི་བརྩེ་འདང་གིས་མི་མང་པོའི་འཚོ་བར་ཤུགས་རྐྱེན་ཟབ་མོ་སྤྲད་པ་དེ་གསུབ་ཐབས་མེད་པ་ཞིག་རེད། ཅེས་བརྗོད་ཡོད་པ་དང་། ཡང་ལཱི་པཱོ་གློག་བརྙན་སྤྱི་གཉེར་ཁང་(Lee Pow Entertainment)གི་འགན་འཛིན་ཤཱན་ཌ་ཧྥི་(Shane Duffy)ཡིས། སི་ཊན་ལི་ཡིས་འཇིག་རྟེན་ཁམས་འདིར་མི་ཤོང་བའི་རྟོག་སྒྲུང་གི་མི་སྣ་མང་པོ་ཞིག་བཞེངས་བསྐྲུན་བྱས་པ་དེས། ཁོང་ནི་རིག་གནས་དེའི་གཙོ་མི་ཡིན་པ་མཚོན་ཐུབ་ཅེས་བསྟོད་བསྔགས་བྱས་ཡོད་ལ། དེ་བཞིན་མི་མང་པོས་སྤྱི་ཚོགས་དྲ་ལམ་ཁག་ནང་ཁོང་གི་རྟོག་སྒྲུང་གིས་རང་གི་མི་ཚེར་སྐུལ་འདེད་དང་འགྱུར་བ་ཇི་བྱུང་གི་བསམ་ཚུལ་དང་གདུང་སེམས་མཉམ་སྐྱེད་ཀྱི་གྱེས་ཚིག་འབུལ་གྱི་འདུགསི་ཊན་ལི་ནི་ཕྱི་ལོ་ ༡༩༢༢ ལོར་ཨ་རིའི་རྒྱལ་ས་ནིའུ་ཡོག་ཏུ་ཇིའུ་རིགས་སུ་སྐྱེས་ཡོད་པ་དང་། སློབ་མཐར་སོན་རྗེས་ཕྱི་ལོ་ ༡༩༣༩ ལོར་ཏཱམ་ལི་ཀོ་མིག་(Timely Comics)ཞེས་པའི་པར་རིས་རྟོག་སྒྲུང་བཟོ་བསྐྲུན་ཁང་ཞིག་གི་ནང་རྩོམ་པ་པོ་དང་། རྩོམ་སྒྲིག་པ། རི་མོ་བའི་ལས་གནས་སུ་ཞུགས་ཡོད་ཀྱང་། རིང་པོར་མ་འགོར་བར་རང་གི་ཐོན་འབྲས་ལ་ཡིད་མ་ཚིམས་པའི་རྐྱེན་གྱིས་ལས་ཁུངས་དེ་ནས་ཐོན་རྩིས་བྱས་ཡོད་ཀྱང་། ཕྱི་ལོ་ ༡༩༦༠ ལོའི་ལོ་མགོ་ཙམ་ནས་སྐབས་དེའི་སྐད་གྲགས་ཆོད་པའི་ཌི་སི་རྟོག་སྒྲུང་བཟོ་བསྐྲུན་ཁང་(DC Comics)གི་ཁ་གཏད་དུ་རྟོག་སྒྲུང་གི་མི་སྣ་གསར་པ་བཞེངས་བསྐྲུན་བྱེད་རྒྱུའི་ལས་གཞི་གསར་པ་ཞིག་སླེབས་པར་བརྟེན། སྐབས་དེའི་རྟོག་སྒྲུང་སྒྱུ་རྩལ་པ་ཇེག་ཀིར་བྷི་(Jack Kirby)དང་སི་ཊིབ་ཌི་ཀོ་(Steve Ditko)གཉིས་ལ་མཉམ་འབྲེལ་ཐོག་མི་ཚུལ་ལས་བརྒལ་བའི་དཔའ་པོའི་(Superhero)སྣང་བརྙན་བཞེངས་སྐྲུན་བྱེད་མགོ་བརྩམས་ཡོད་པ་དང་། ལོ་དེ་རང་ལ་སྟོབས་པོ་ཆེ་བཞི་(Fantastic Four)ཞེས་པའི་རྟོག་སྒྲུང་གྲགས་ཅན་དེ་འགྲེམ་སྤེལ་བྱས་ཏེ། ཏཱམ་ལི་ཀོ་མིག་ལ་ཚོང་འགྲེམ་སོགས་ཀྱི་ཐོག་ནས་རྒྱལ་ཁ་ཆེན་པོ་ཐོབ། སི་ཊན་ལི་ཡིས་ཕྱིར་དྲན་བྱས་ཞོར་དེ་དུས་ངའི་ལག་ལ་ལས་གཞི་དེ་བསླེབས་མེད་ན། ངས་མུ་མཐུད་རྟོག་སྒྲུང་ཆུང་ཙག་རིགས་འབྲི་བསྡད་ཡོད་སྲིད། ཅེས་བརྗོད་ཡོད་པ་རེད།སི་ཊན་ལི་ཡིས་ལས་གཞི་དེ་མགོ་བརྩམས་ནས་རིམ་པས་མིའི་འཚོ་བ་དང་ཐག་ཉེ་ཞིང་། རྒྱུན་ལྡན་གྱི་སྤྱི་ཚོགས་ཁྲོད་ཀྱི་དཀའ་སྡུག་གཞིར་བཞག་པའི་རྟོག་སྒྲུང་གི་མི་སྣ་བཞེངས་སྐྲུན་བྱེད་མགོ་བརྩམས་པ་དེས་ཀློག་པ་པོ་མང་པོ་ཡིད་དབང་འཕྲོག སྐབས་དེའི་ན་གཞོན་རྟོག་སྒྲུང་ཀློག་པ་པོ་རྣམས་ལ་མཚོན་ན། སི་ཊན་ལི་ཡིས་བཞེངས་སྐྲུན་བྱས་པའི་མཐོ་སློབ་ནས་མཐར་སོན་ཏེ་ལས་ཀར་ཞུགས་མ་ཐག་པའི་ན་གཞོན་ཞིག་སྡོམ་འབུས་སོ་བརྒྱབ་ལ་བརྟེན་ནས་སྡོམ་འབུའི་ཁྱད་ཆོས་ཐོབ་པའི་སྡོམ་འབུའི་མི་(Spider-man)དུ་གྱུར་བ་དང་། རྫས་འགྱུར་ཕོག་པའི་རྐྱེན་གྱིས་མདོག་ལྗང་ཞིང་གཟུགས་སྟོབས་ཆེན་པོར་གྱུར་བའི་མི་བོ་ཆེ(Hulk)། དེ་བཞིན་རང་ཉིད་ཀྱི་ལུས་ཡོངས་རྫོགས་ནུས་སྟོབས་ཆེ་བའི་ལྕགས་གོས་ཀྱིས་བཏུམ་ཞིང་འཕུར་བ་སོགས་མི་ལས་ཚད་བརྒལ་གྱི་སྟོབས་ཤུགས་ལྡན་པའི་ལྕགས་མི་(Iron man)། ལག་ལ་ནུས་མཐུ་ཆེ་བའི་ཐོ་བ་བཟུང་ཞིང་འཕུར་ནུས་ཡོད་པའི་ཡི་ཤུའི་ལྷ་སྒྲུང་ནང་གི་མི་སྣ་ཐཱོར་(Thor) བཅས་ནི་སྤྲོ་སྣང་དང་། སྙིང་སྟོབས། དངོས་ཡོད་འཚོ་བ། བདེན་པ་སོགས་ཀྱི་མཚོན་དོན་ལྟ་བུར་གྱུར་ཡོད་པ་དང་། ཏཱམ་ལི་ཀོ་མིག་དེ་རིམ་པས་དེང་སང་སྐད་གྲགས་ཡོད་པའི་མཱར་ཝལ་པར་རིས་རྟོག་སྒྲུང་(Marvel Comics)ཞེས་པར་བསྒྱུར་ཡོད་པ་དང་།  པར་རིས་རྟོག་སྒྲུང་ཁང་དེས་པར་རིས་རྟོག་སྒྲུང་གི་དཔེ་དེབ་ས་ཡ་ ༥༠ ལྷག་འགྲེམ་སྤེལ་བྱས་ཐུབ་ཡོད་པ་དང་། སི་ཊན་ལི་ཡི་པར་རིས་རྟོག་སྒྲུང་རྣམས་ཕྱི་ལོ་ ༡༩༨༩ ནས་གློག་བརྙན་དུ་ཕབ་མགོ་བརྩམས་ཏེ། ད་བར་པར་རིས་རྟོག་སྒྲུང་ ༣༠ ལས་མང་བ་གློག་བརྙན་དུ་ཕབ་ཟིན་པ་དང་། ཕལ་ཆེ་བས་ཨ་སྒོར་ས་ཡ་མང་པོའི་ཁེ་ཕན་བསྐྲུན་ཐུབ་ཡོད་པ་དང་། གློག་བརྙན་མི་ཉུང་བ་ཞིག་གི་ནང་རང་ཉིད་མི་སྣ་ཕལ་བའི་ངོ་བོར་འཁྲབ་སྟོན་ཡང་བྱས་ཡོད་འདུག

ཕྱི་ལོ་ ༡༩༧༢ ལོར་ས་ཊན་ལི་ལགས་མཱར་ཝལ་པར་རིས་རྟོག་སྒྲུང་གི་རྩོམ་སྒྲིག་ཚན་པའི་འགན་འཛིན་དུ་བསྐོ་བཞག་བྱས་ཏེ། མུ་མཐུད་པར་རིས་རྟོག་སྒྲུང་གི་འཇིག་རྟེན་བསྐྲུན་རྒྱུར་ཞུགས་ཡོད་པ་དང་། ཁོང་གི་བུ་མོ་ཇེ་སི་ལི་(JC Lee)ཡིས་ཁོང་གིས་རང་ལ་དགའ་མོས་བྱེད་མཁན་ཚོའི་ཆེད་དུ་པར་རིས་རྟོག་སྒྲུང་འབྲི་རྒྱུ་དེ་འོས་འགན་ཞིག་ཏུ་རྩི་ཡི་ཡོད། ཅེས་བརྗོད་ཡོད་པ་དང་། ཁོང་ལ་ཕྱི་ལོ་ ༢༠༠༨ ལོར་ཨ་རིའི་གཞུང་གི་སྒྱུ་རྩལ་ལས་རིགས་ཐོག་གི་གཟེངས་རྟགས་མཐོ་ཤོས་རྒྱལ་ཡོངས་སྒྱུ་རྩལ་གཟེངས་རྟགས་ཐོབ་པ་སོགས་འཛམ་གླིང་གི་གཟེངས་རྟགས་མང་པོ་ཞིག་ཐོབ་ཡོད་པ་དང་། ཁོང་གིས་པར་རིས་རྟོག་སྒྲུང་གི་ལས་རིགས་ལས་བརྒལ་ནས་ཤེས་ཡོན་སོགས་ཀྱི་ཐད་ལའང་དཀའ་ལས་བརྒྱབས་ཏེ་གྲུབ་འབྲས་ཆེན་པོ་ཐོན་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༡/༡༣

Leave a Reply