འཇོ་མདའ་རྫོང་སྤོ་ལུ་ཕྱོགས་ཀྱི་དྲ་ལམ་བཀག་སྡོམ་བྱས་འདུག

འབྲི་ཆུའི་འཁྱིལ་མཚོ་གློད་དེ་ཆུ་ཤུགས་ཆེན་པོ་རྒྱས་པའི་རྐྱེན་གྱིས་ཆུ་རྒྱུད་ཀྱི་རྫོང་ཁག་མང་པོ་ཉེན་ཁར་འཕྲད་དེ་ཟམ་པ་དང་སེམས་ཅན་སོགས་ཆུས་འཁུར་བའི་གནས་ཚུལ་ཡོང་བཞིན་འདུགཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་འབྲི་ཆུའི་འཁྱིལ་མཚོ་གློད་ཐུབ་ཡོད་ཀྱང་འཁྱིལ་མཚོས་གནོད་སྐྱོན་ཚབས་ཆེན་ཕོག་པའི་འཇོ་མདའ་རྫོང་སྤོ་ལུ་དགོན་གྲོང་གཉིས་ཀྱི་མི་མང་ལ་མུ་མཐུད་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། འབྲི་ཆུའི་སྨད་རྒྱུད་ཀྱི་མི་མང་ལ་ཆུ་ཤུགས་ཆེན་པོས་གནོད་སྐྱོན་ཐེབས་བཞིན་ཡོད་འདུག

འདི་གའི་གསར་འགོད་པས་འཇོ་མདའ་སྤོ་ལུ་དགོན་ནས་ཡིན་པའི་དགེ་འདུན་པ་ཞིག་ལ་ད་ལྟའི་ཆར་སྤོ་ལུ་དགོན་པའི་གནས་སྟངས་ག་འདྲ་ཆགས་ཡོད་སྐོར་དྲིས་པར་ཁོང་གིས། འབྲི་ཆུའི་ནང་རི་ཐེངས་གཉིས་ལ་ཉིལ་བ་རེད། མཐའ་མ་དེར་འབྲི་ཆུ་ཡར་འཁྱིལ་ནས་དགོན་པ་རྙིང་པ་དང་གྲྭ་ཤག་ཧ་ལམ་བདུན་ཅུ་ནས་བརྒྱད་ཅུ་ཙམ་ཡོད་པ་དང་། དེ་བཞིན་མཆོད་རྟེན་ཆེན་པོ་གཅིག་དང་བཤད་གྲྭ་བཅས་ཚང་མ་ཆུའི་ནང་ནུབ་པ་རེད། དེ་མ་ཚད་གཙུག་ལག་ཁང་གསར་པ་དང་མགོན་ཁང་གསར་པ་ཆེན་པོ་ཞིག་བཞེངས་ཡོད་པ་རེད་དེ། ད་ལྟ་དེ་གཉིས་ནུབ་གྲབས་ཡོད་པའི་ཉེན་ཁ་ཆེན་པོ་ཞིག་ལ་ཐུག་ཡོད་སྟབས། གཙུག་ལག་ཁང་གསར་པ་བསྐྱར་གསོ་དགོས་ཀྱི་མི་འདུག་ཀྱང་། འདུ་ཁང་གསར་པ་དེ་བསྐྱར་གསོ་དགོས་པའི་གནས་སྟངས་ཆགས་ཡོད་འདུག གང་ལྟར་འབྲི་ཆུའི་རྒྱུད་དུ་ཆགས་པའི་སྤོ་ལུ་དགོན་པ་ཆུར་ནུབ་ནས་བརྒྱ་ཆའི་ ༡༠ ཙམ་ཡང་ལྷག་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

དགེ་འདུན་པ་ཚོས་གཙུག་ལག་ཁང་གསར་པ་དང་འདུ་ཁང་གསར་པ་སྲུང་སྐྱོབ་ཆེད་ཆུ་རགས་བརྒྱབ་པ་དེར་སྲིད་གཞུང་གིས་བཀག་སྡོམ་བྱས་པའི་སྐོར་ལ་ཁོང་གིས། དགོན་པ་རྙིང་པ་དང་མཆོད་རྟེན། བཤད་གྲྭ་རྣམ་ཆུའི་ནང་ནུབ་ཚར་པ་རེད། དགོན་པ་གསར་པའི་སར་ཆུ་སླེབ་ཡོང་སྐབས་ཆུ་རགས་རྒྱག་མཁན་སྤོ་ལུ་དགོན་གྱི་སྒང་ན་ཡོད་པའི་སྡེ་ཤོག་ཁ་ཤས་ཀྱི་གྲྭ་བ་བཅུ་གྲངས་ཡོང་ནས་ཆུ་རགས་རྒྱག་སྐབས། ཆུ་རགས་རྩ་བ་ཉིད་ནས་རྒྱབ་མི་ཆོག་ལབ་ནས་ཕྱི་ཚེས་ ༡༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་པ་དྲུག་པ་ཙམ་ལ་མི་བཅུ་གྲངས་ཤིག་འཛིན་བཟུང་བྱས་ཏེ་ཤུག་རྩ་གཤིས་ལ་འཁྲིད་ནས་ཕྱིར་ཡོང་མི་ཆོག་པ་བཟོས་ཡོད་པ་རེད། ཆུ་རགས་རྒྱབ་མི་ཆོག་པའི་རྒྱུ་མཚན་ནི་དགོན་པ་དེ་ཨེ་ནུབ་ཀྱི་རེ་བ་རེད། གལ་སྲིད་ནུབ་ཏེ་རྩ་མེད་ཕྱིན་པ་ཡིན་ན། མཐར་སྤོ་ལུ་དགོན་དེ་ས་གནས་གཞན་ཞིག་ཏུ་མ་སྤོ་ཐབས་མེད་དུ་འགྱུར་ཆེད་རེད། ཅེས་བརྗོད་བྱུང་།

སྤོ་ལུ་ཡུལ་ཚོའི་མི་མང་གི་གནས་སྟངས་ག་འདྲ་ཆགས་ཡོད་དྲིས་པར་ཁོང་གིས། དེ་སྔོན་ནས་རི་ཉིལ་བའི་ཉེན་ཁ་འདུག་ལབ་ནས་ད་ལྟ་རི་ཉིལ་སའི་དཔེ་དགེ་སྡེ་ཤོག་དེ་སྤོས་ཚར་པ་རེད། དེ་ནས་ཡར་ཡོང་ན་མགོ་རིང་ཚན་ཁག་ལབ་པ་ཞིག་ཡོད་པ་རེད། དེར་རི་ཉིལ་ཡོད་པ་མ་རེད་དེ་ཏོག་ཙམ་ཉེན་ཁ་འདུག་ལབ་ནས་ཆ་ཚང་སྤར་ཚར་རེད། དེ་ནས་ཡར་ཡོང་ན་དགོན་པའི་ཕར་ཕྱོགས་ན་རྒྱ་མིའི་ཡུལ་ཚོ་ཞིག་ཡོད་པ་རེད། གྲོང་ཚོ་དེར་ཧ་ལམ་མི་ཚང་བདུན་བཅུ་བརྒྱད་ཅུ་ཙམ་ཡོད་པ་ཚང་མ་སྤར་ཚར་རེད། ཁོང་ཚོ་ཆ་ཚང་རི་དང་པོ་ཉིལ་དུས་ནས་སྤར་ཚར་བ་རེད། ཅེས་ཟེར།

ཡུལ་མི་ཚོ་གནས་སྤོར་གང་དུ་བྱས་ཡོད་པ་དང་མི་གྲངས་ག་ཚོད་ཅིག་ཡོད་པ། ཁོང་ཚོའི་འཚོ་བའི་གནས་སྟངས་སྐོར་ལ་ཁོང་གིས། གནས་སྤོ་ས་དེ་སྤོ་ལུ་དགོན་ནས་ཧ་ལམ་རྟ་ཞོན་ནས་སོང་ན་ཆུ་ཚོད་གསུམ་ཙམ་གྱི་ལམ་ཁ་ན་ཤུག་རྩ་གཤིས་ཟེར་བའི་ཐང་ཞིག་ཡོད་པ་དེར་མགོ་རིང་དང་དཔེ་དགེ། འབྲས་ཐོག་བཅས་སྡེ་ཤོག་གསུམ་གྱི་གྲོང་མི་སྤར་སོང་བ་རེད། སྡེ་ཤོག་རེ་རེ་ན་གྲོང་ཚོ་དྲུག་ཅུ་ནས་བདུན་ཅུ་བར་ཡོད་པ་རེད། བཟའ་ཚང་མང་བ་ལ་ཁྱིམ་མི་བཅུ་ཙམ་རེ་ཡོད་པ་རེད་ལ། གཉིས་རེ་གསུམ་རེ་ཡོད་མཁན་ཡང་ཡོད་པས་ཁྱོན་མི་ག་ཚོད་ཡོད་པའི་གྲངས་ཀ་ཏག་ཏག་ཤེས་ཀྱི་མེད། སྤྱིར་དེང་སང་བོད་ནང་ནམ་དུས་དགུན་ཁ་ཡིན་པ་དང་། བོད་ས་དེ་མ་གཞི་ནས་མཐོན་པོ་ཡིན་སྟབས། སྡོད་གུར་ནང་བཅའ་སྡོད་བྱེད་བཞིན་པའི་སྤོ་ལུ་ཡུལ་མི་རྣམས་ལ་དཀའ་ངལ་འཕྲད་མུས་རེད། འོན་ཀྱང་ཚང་མར་རྒྱལ་ཁབ་ཀྱིས་སྟངས་འཛིན་བྱེད་བཞིན་ཡོད་པས། གཞུང་གིས་གང་སྤྲད་པ་དེ་སྤྱོད་རྒྱུ་ལས་རང་མོས་ཡོད་པ་མ་རེད་ལ། སྡུག་ལ་ཐུག་ཀྱང་མགོ་སྒུར་ནས་སྡོད་རྒྱུ་ལས་གཞན་བྱེད་ཐབས་མེད་པ་རེད། ཅེས་བརྗོད་བྱུང་།

གནས་སྤོས་བྱས་པའི་མི་མང་ལ་རྒྱ་ནག་གཞུང་གིས་རོགས་རམ་ག་རེ་བྱེད་ཀྱི་ཡོད་པ་དང་མ་འོངས་པར་བྱེད་འཆར་ཅི་ཡོད་དྲིས་པར་ཁོང་གིས། རྒྱ་གཞུང་ནས་མི་ཚང་རེར་སྡོད་གུར་རེ་དང་གྲོ་ཞིབ། འབྲས་དང་སྔོ་ཚལ་སོགས་དུས་གསུམ་གྱི་ཟ་མ་འདང་ཙམ་ཞིག་སྤྲོད་ཀྱི་ཡོད་པ་དང་། རྒན་རྒོན་རྣམས་ཤུག་རྩ་གཤིས་ནང་སྡོད་མ་བཅུག་པར་འཇོ་མདའ་རྫོང་ཐོག་རང་ལ་འཁྲིད་ནས་རྫོང་གི་རྒན་གསོ་ཁང་དུ་བཞག་ཡོད་འདུག སྤོ་ལུ་གྲོང་ཚོའི་སློབ་གྲྭ་དེ་ཆུའི་ནང་ནུབ་སྟེ། ད་ལྟའི་ཆར་སློབ་མ་རྣམས་སོ་སོའི་ནང་མི་དང་ལྷན་དུ་བསྡད་ཡོད་པ་ལས། རྒྱ་གཞུང་ནས་ཟུར་དུ་སློབ་གྲྭ་ཟེར་ནས་གུར་ཕུབ་པ་སོགས་གྲ་སྒྲིག་གང་ཡང་བྱས་མི་འདུག་ལ། ད་ལྟའི་ཆར་ཡུལ་མི་རྣམས་ཤུག་རྩ་གཤིས་སུ་སྡོད་གུར་ནང་བསྡད་ཡོད་པ་ལས། རྒྱ་གཞུང་གིས་ས་གནས་གཞན་དུ་སྤོ་རྒྱུ་སོགས་ཀྱི་འཆར་གཞི་དང་གྲ་སྒྲིག་གང་ཡང་བྱས་མི་འདུག ཅེས་བརྗོད་བྱུང་།

ཁོང་གིས་མུ་མཐུད། རྒྱ་གཞུང་གིས་བཙན་གྱིས་ཡུལ་མི་རྣམས་ལ་རྒྱ་ནག་གི་དར་དམར་འཕྱར་བ་དང་ཏང་གི་མགོ་འཁྲིད་ཚོའི་འདྲ་པར་འཁུར་དུ་འཇུག་གི་ཡོད་སྐོར་བརྗོད་སྐབས། གནས་སྤོས་ནས་འགྲོ་སྐབས་མའོ་ཀྲུའུ་ཞི་གཙོ་བོ་བྱས་པའི་དབུས་གཞུང་གི་མི་དྲག་ལྔ་སྟེ་ཏིན་ཞའོ་ཕིན་དང་ཅང་ཙི་མིན། ཧའོ་ཅིན་ཐའོ་དང་ཞི་ཅིན་ཕིན་བཅས་ཀྱི་པར་མི་རེ་རེའི་ལག་ཏུ་མི་འདོད་བཞིན་བཙན་གྱིས་བཞག་ནས་རྒྱའི་རྒྱ་དར་དམར་པོ་རེ་འཛིན་དུ་བཅུག་ཡོད་པ་མ་ཟད། རི་མགོ་རེ་རེར་དར་དམར་རེ་འཛུགས་སུ་བཅུག་ཡོད་པ་རེད། དེ་ལྟར་མ་བྱས་ཚེ་མི་གྲལ་དུ་ཡང་མི་འཇུག་པའི་བཙན་བཀའ་བཏང་ཡོད་པ་རེད། ཅེས་བརྗོད་བྱུང་།

ཡང་ཁོང་གིས། ཡུལ་མི་ཚོས་ཕ་མེས་ནས་བཞག་པའི་ས་ཞིང་དེ་འདྲའི་ཡག་པོ་ཡོད་པ་དེར་དགོན་པ་བཞེངས་ཡོད་པ་རེད། སྤོ་ལུ་དགོན་པ་བཞག་ནས་འགྲོ་དགོས་ན་དགོན་པར་ལྟ་མཁན་ཡོད་པ་མ་རེད་ལ། འགྲོ་མགོན་ཆོས་རྒྱལ་འཕགས་པས་བྱིན་གྱིས་བརླབས་པའི་དགོན་པ་རྩ་ཆེན་པོ་དེ་སྤོར་དགོས་ན་ས་ཆ་གཞན་རྩ་ཆེན་པོ་དེ་འདྲ་ཐོབ་གྱི་ཡོད་པ་མ་རེད། དེ་ནི་ཡུལ་མི་ཚོའི་སེམས་འཁྲལ་ཆེ་ཤོས་དེ་རེད་འདུག ཅེས་དང་། སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་ལ་གསེར་སོགས་གཏེར་ཁ་སྔོག་འདོན་སོགས་བྱེད་སྐབས་ས་བརྐོ་འཕྲུལ་ཆས་བརྒྱ་ཉིས་བརྒྱ་ལྷག་ཡོང་གི་འདུག་ཀྱང་། ད་ཐེངས་འབྲི་ཆུའི་དོན་རྐྱེན་བྱུང་ནས་དགོན་གྲོང་གཉིས་ལ་དཀའ་ངལ་ཆེན་པོ་བྱུང་སྐབས། ས་བརྐོ་འཕྲུལ་ཆས་ ༥ ཙམ་ལས་མེད་པ་དེ་ནི་འཛམ་གླིང་མི་མང་གི་མདུན་དུ་ལྟ་སྣང་ཧ་ཅང་སྡུག་པོ་ཞིག་དང་། ང་རང་གིས་ཀྱང་གནས་སྟངས་སྡུག་པོ་ཞིག་མཐོང་སོང་ཞེས་བརྗོད་བྱུང་།

ས་གནས་མི་མང་གིས་འབྲི་ཆུ་འགག་པའི་རྒྱུ་རྐྱེན་སྐོར་ངོས་འཛིན་ག་འདྲ་བྱེད་ཀྱི་ཡོད་སྐོར་ཁོང་གིས། སྤོ་ལུ་དགོན་པའི་འགྲེལ་བརྗོད་གནང་བ་ལྟར་ན། སྤོ་ལུ་སྡེ་བར་འབུ་རང་ཞེས་པའི་གཞི་བདག་རྩ་ཆེན་ཞིག་ཡོད་པ་དེ་ང་ཚོའི་ཕ་མེས་ཡང་མེས་ཀྱི་དུས་ནས་ལོ་ལྟར་བོད་ཟླ་ ༥ ཚེས་ ༡༥ འཛམ་གླིང་སྤྱི་བསང་སྐབས་གསོ་སྲོལ་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ལོར་རྒྱ་གཞུང་གིས་དགོན་པའི་ཉེ་འགྲམ་དུ་ཆུ་རགས་གློག་ཁང་དང་ལྕགས་ཟམ་བརྒྱབས་པ། གསེར་སོགས་ཀྱི་གཏེར་ཁ་སྔོག་འདོན་བྱས་པ། དེ་བཞིན་ཆོས་བྱེད་སའི་ས་ཆ་འཕྲོག་པ་སོགས་ཀྱི་རྐྱེན་གྱིས་ལྷ་ཀླུ་འཁྲུག་སྟེ་གོད་ཆག་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད་པ་བརྗོད་བྱུང་།

ཕྱི་ཚེས་ ༡༢ ཉིན་ནས་འབྲི་ཆུའི་འཁྱིལ་མཚོ་གློད་ཡོད་པས་ད་ལྟ་ཉེན་ཁ་ག་རེ་ཡོང་གི་ཡོད་དྲིས་པར། གལ་ཏེ་ཞོགས་པའི་ཆུ་ཚོད་ ༤ ཙམ་ལ་འབྲི་ཆུ་གློད་བའི་དབང་དུ་བཏང་ནའང་། ཆུ་ཆེན་པོ་ཞིག་གློད་ཐུབ་ཡོད་པ་མ་རེད་བསམ་གྱི་འདུག རི་ཉིལ་ཆེན་པོ་བྱུང་ཡོད་སྟབས་འཕྲུལ་ཆས་ཆུ་གློད་སའི་ཡུར་བུ་ཆུང་ཆུང་མ་གཏོགས་བརྐོས་ཐུབ་མེད་པས་འཁྱིལ་མཚོ་གློད་རྒྱུར་ཉིན་མང་པོ་འགོར་ཡོད་པ་རེད། ཕྱི་ཚེས་ ༡༣ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༢ ཙམ་ནས་ཆུ་ཆེན་པོ་གློད་མགོ་བརྩམས་ཡོད་ཀྱང་། ད་ལྟའི་ཆར་ང་ཚོའི་ཕྱོགས་ལ་དྲ་རྒྱ་བཀག་ཡོད་པའི་རྐྱེན་གྱིས་དེའི་རྗེས་ཀྱི་གནས་ཚུལ་གང་བྱུང་ཡོད་མེད་གསལ་ཁ་མི་འདུག སྤྱིར་འབྲི་ཆུའི་རྒྱུད་ལ་སྨར་ཁམས་ལ་སོགས་པའི་བོད་ཁུལ་རེ་འགའ་མ་གཏོགས་གཙོ་བོ་རྒྱ་ནག་གི་ཞིང་ཆེན་དང་རྫོང་ཁག་ཐུག་གི་ཡོད་པས། འབྲི་ཆུ་ཤུགས་ཆེན་རྒྱུག་ནས་ཆུ་རྒྱུད་ཀྱི་རྫོང་ཁག་དང་སྡེ་ཤོག་ལ་གཏོར་བརླག་ཚབས་ཆེན་ཐེབས་སྲིད་པས། སྔར་ནས་རྒྱ་གཞུང་གིས་འབྲི་ཆུའི་ཁ་ལ་བསྡད་མི་ཆོག་པའི་ཉེན་བརྡ་བཏང་ཡོད་པ་རེད། ཅེས་བརྗོད་བྱུང་།

གཞན་ཡང་། ཁོང་གིས་གཏེར་ཁ་སྔོག་འདོན་ཤུགས་ཆེན་བྱེད་ཀྱི་ཡོད་པའི་སྐོར་བརྗོད་སྐབས། ང་ཚོ་སྡོད་སའི་འབྲི་ཆུའི་རྒྱུད་ལ་རྡོ་སོལ་དང་། གསེར་རྡོ། ཧ་ཡང་གི་རིགས། དེ་བཞིན་སྣུམ་མཛོད་ཆེན་པོ་ཞིག་ཡོད་པ་ཤེས་རྟོགས་བྱུང་སྟེ། ལོ་ལྟར་རྒྱ་གཞུང་གི་ལས་བྱེད་པས་གཏེར་ཁ་ཡོད་སའི་ས་ཆ་ཁག་ལ་དམར་རྟགས་བརྒྱབས་པ་དང་། ཚོད་ལྟའི་ས་རྡོ་འཁྱེར་ཏེ་བརྟག་དཔྱད་བྱས་པ་མ་ཟད། ཕྱི་ལོ་ ༢༠༠༧ ལོར་སྤོ་ལིའི་ཡུལ་མི་རྣམས་ཀྱིས་རྒྱ་ནག་གི་གཏེར་ཁ་སྔོག་འདོན་དང་། གློག་ཁང་བརྒྱབ་རྒྱུའི་ལས་གཞི་དེར་ངོ་རྒོལ་བྱས་པར་བརྟེན། རྒྱ་གཞུང་གིས་འཇོ་མདའ་རྫོང་ནས་དམག་དཔུང་བཏང་སྟེ་བོད་མི་ངོ་རྒོལ་བ་རྣམས་ལ་རྡུང་རྡེག་བཏང་སྟེ་བཙོན་ཁང་དུ་བཅུག་ཡོད་པ་དང་། ལོ་དེ་རང་ལ་ས་གནས་ཀྱི་དགེ་འདུན་པ་གཉིས་ཀྱིས་རྒྱའི་དཔོན་པོ་ཞིག་དང་། སྒོ་སྲུང་བ། ཁ་ལོ་བ་གཅིག་བཅས་རྒྱ་མི་གསུམ་དང་འཁྲུག་འཛིང་བྱས་ཏེ་རྒྱ་མི་གཉིས་བསད་པར་བརྟེན། ཕྱི་ལོ་ ༢༠༡༠ ལོར་དགེ་འདུན་པ་གཉིས་ཆབ་མདོ་རུ་སྲོག་ཐོག་བཏང་ཡོད་པ་དང་། ཁོང་གཉིས་ཀྱི་མིང་ལ་བསོད་རྡོ་དང་ལྷ་དགའ་ཟེར་ཞིང་། བསོད་རྡོ་ཁོང་གི་ཚ་བོ་ཡིན་པ་དང་། དེ་མིན་གྱི་བོད་མི་གསུམ་ལ་ཁྲིམས་ཐག་བཅད་ཡོད་སྐོར་བརྗོད་བྱུང་།

སྤོ་ལུ་དགོན་ནི་སྔ་མོ་སྡེ་དགེ་རྒྱལ་པོའི་མངའ་ཁོངས་འཇོ་མདའ་རྫོང་དུ་ཡོད་པ་དང་། འབྲི་ཆུ་ཤར་ནུབ་གཉིས་ཡོད་པ་ལས་ནུབ་རྒྱུད་དུ་ཡོད་ཅིང་། འབྲི་ཆུའི་ནུབ་རྒྱུད་ཀྱི་མདོ་ཆུ་ཞེས་པ་དེར་མདོ་དགོན་ཁག་ལྔ་སྟེ། སྦོ་ལི་དགོན་དང་ཝ་ར་དགོན། གསེར་ལྗོངས་དགོན། མདོ་སྲུབ་དགོན། དུམ་མདོ་དགོན་བཅས་ཡོད་པ་དང་། དེ་དག་ལ་འབྲི་ཆུའི་ནུབ་རྒྱུད་ཀྱི་ས་སྐྱའི་དགོན་ཁག་ལྔ་རུ་འབོད་ཀྱི་ཡོད་འདུག མདོ་དགོན་ཁག་ལྔ་ནས་སྤོ་ལུ་ཐུབ་བསྟན་བསམ་འགྲུབ་ནོར་བུའི་ལྷུན་པོ་བཤད་སྒྲུབ་དར་རྒྱས་གླིང་ནི་བཤད་སྒྲུབ་གཉིས་ལྡན་གྱི་དགོན་ཆེན་ཞིག་ཡིན་པ་དང་། ཕྱག་འདེབས་པ་པོ་ནི་ས་སྐྱ་གོང་མ་རྣམ་གཉིས་ཀྱི་ཞལ་སློབ་དབེན༌ཐོག༌རྒྱ༌བྱོན༌པཀྴི་ཡིས་ཕྱག་བཏབ་སྟེ། འགྲོ་མགོན་ཆོས་རྒྱལ་འཕགས་པ་རྒྱ་ནག་ལ་ཕེབས་སྐབས་སྤོ་ལུ་དགོན་ལ་བཞུགས་ནས་རབ་ཏུ་གནས་ཏེ་རྟེན་གཙོ་བོ་ཐུབ་པ་གཟི་འོད་འབར་བ་གཅིག་དང་མགོན་པོ་གསུང་འབྱོན་གཅིག་ཡོད་འདུག རིག་གནས་གསར་བརྗེའི་སྐབས་གཏོར་བཤིག་བཏང་ཡོད་ཀྱང་ཕྱིས་སུ་སྲིད་བྱུས་ཅུང་ཙམ་གུ་ཡངས་ཀྱི་རྣམ་པ་ཐོན་སྐབས། བླ་གྲྭ་རྣམས་འཛོམས་ནས་ཕྱི་ནང་གི་རྟེན་དང་རྟེན་པ་བཅས་བསྐྱར་བཞེངས་མཛད་དེ་ཡར་རྒྱས་ཆེན་པོ་འགྲོ་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་ས་གནས་སུ་ཆུ་མཛོད་བརྒྱབས་པ་དང་གཏེར་ཁ་སྔོག་འདོན་སོགས་བྱས་པའི་རྐྱེན་གྱིས། འདི་ལོར་འབྲི་ཆུའི་རྒྱུད་དུ་རི་ཉིལ་ཐེངས་གཉིས་བྱུང་སྟེ་སྤོ་ལུ་དགོན་གྲོང་གཉིས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་པ་མ་ཟད། སྤོ་ལུ་དགོན་གྱི་དགོན་ལག་དགོན་འཛིན་དགོན་ལའང་དཀའ་ངལ་ཆེན་པོ་འཕྲད་བསྡད་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༡/༡༥

Leave a Reply