ང་ཚོའི་ལུས་པོ་མཉམ་དུ་མེད་ཀྱང་སེམས་པ་མཉམ་དུ་ཡོད་ཅེས་ཤུགས་ཆེན་པོས་ཞུ་འདོད་བྱུང་།

ཁྲིམས་ཟེར་བ་དེ་འཆམ་མཐུན་དང་མང་ཚོགས་ལ་བདེ་སྐྱིད་བསྐྲུན་ཐུབ་པའི་ལམ་ལུགས་ཤིག་ལ་གོ་དགོས་པ་ལས་མི་གསོད་ཁྲག་སྦྱོར་གྱི་ལམ་ལུགས་ཤིག་ལ་ཁྲིམས་ཟེར་གྱི་མེད་པས་རྒྱ་ནག་ལ་ཁྲིམས་ཡོད་པ་མ་རེད་ཟེར།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པའི་སྟེང་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གཉིས་ཀྱི་གོ་སྒྲིག་འོག རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་སྲུང་གཙི་བྱས་སོང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་དང་།  དམིགས་བསལ་སྐུ་མགྲོན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། གདན་ཞུའི་མཁས་དབང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་འཇུ་བསྟན་སྐྱོང་ལགས་དང་། སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་བསོད་ནམས་རྒྱལ་མཚན་ལགས་དང་སློབ་སྤྱི་པ་སངས་ཚེ་རིང་ལགས། བོད་ཀྱི་དཔེ་མཛོད་ཁང་རིག་གཞུང་ཉམས་ཞིབ་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས། དེ་བཞིན། པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཞོན་སྨན་ཤེལ་བློ་གྲོས་ལགས་དང་། དྲུང་ཆེ་ཉི་མ་འཚོ་ལགས། གཞན་ཡང་བཞུགས་སྒར་ཁུལ་གྱི་དོ་འཁུར་ཆེ་བའི་རྩོམ་པ་པོ་ཁག་ཅིག་དང་། སྲི་ཞུ་ལས་བྱེད། སློབ་ཕྲུག་བཅས་ཁྱོན་མི་གྲངས ༦༠ ཡས་མས་འཛོམས་འདུག

མཛད་སྒོའི་ཐོག་མར་བོད་ནང་གི་བཙོན་འོག་རྩོམ་པ་པོའི་སྙན་ངག་གྱེར་འདོན་དང་སྐུ་མགྲོན་གཉིས་ནས་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་དཔར་སྐྲུན་བྱས་པའི་<<བཀག་སྡོམ་དང་དབྱེ་འབྱེད་འོག་གི་བོད་ཀྱིི་རྩོམ་རིག>>ཅེས་པའི་དབྱིན་བོད་གཉིས་ཀྱི་ནང་ཡོད་པའི་ཞིབ་འཇུག་སྙན་ཐོ་རྒྱས་པ་ཞིག་དང་། ཉི་མ་འཚོས་བོད་སྒྱུར་བྱས་པའི་བྱིས་སྒྲུང་དེབ་བརྒྱད། སྙན་ངག་ཆེད་དེབ་གཅིག་བཅས་དབུ་འབྱེད་གནང་རྗེས། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཆེ་ཉི་མ་འཚོ་ལགས་ཀྱིས་བཙོན་འོག་རྩོམ་པ་པོའི་ཉིན་མོ་ངོ་སྤྲོད་གནང་སྐབས། དེ་རིང་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༥ ཉིན་རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་ཆགས་བསྡད་ཡོད་པ་རེད། དེར་བརྟེན། ཐོག་མར་རྩོམ་པ་པོ་རྣམ་པ་དང་དམིགས་བསལ་དྲང་བདེན་གྱི་སྨྱ་གུ་བཟུང་ནས་མིའི་རིགས་ཀྱི་བདེ་དོན་སྒང་སྐད་ཆ་བཤད་མཁན་རྩོམ་པ་པོ་དང་གསར་འགོད་པ་ཚོར་གུས་བརྩི་བླ་མེད་དང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེ་ནས་དེ་རིང་གི་ཉིན་མོ་འདི་ཕྱི་ལོ་ ༡༩༨༡ ལོར་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་ཡིན་ཞེས་གཏན་ལ་ཕབ་བཞག་པ་ཞིག་རེད། ཉིན་མོ་འདི་གཏན་འབེབ་བྱེད་དགོས་དོན་ནི། འགྲོ་བ་མིའི་ཡོངས་ཁྱབ་ཀྱི་རང་དབང་ལ་ལོངས་སྤྱོད་བྱེད་མཁན་གསར་འགོད་པ་དང་རྩོམ་པ་པོ། ཤེས་ཡོན་པ་སོགས་མང་པོ་ཞིག་ལ་བཀག་སྡོམ་དང་བཙོན་འཇུག མནར་གཅོད་བྱས་པ་སོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་རྣམ་པ་མཚོན་ཆེད་ཉིན་མོ་འདི་གཏན་འཁེལ་བྱས་པ་ཞིག་རེད། དེར་བརྟེན། རྒྱལ་སྤྱིའི་པེན་གྱི་བཙོན་འོག་རྩོམ་པ་པོའི་སྡེ་ཚན་གྱིས་ལོ་ལྟར་བཙོན་འོག་ཏུ་ཚུད་པའི་རྩོམ་པ་པོ་གང་ཞིག་གི་གནས་སྟངས་ཆེས་ཛ་དྲག་ཅན་དང་། དམིགས་བསལ་རྒྱལ་སྤྱིའི་སྒང་དོ་སྣང་སླེབ་ཐུབ་ཀྱི་མེད་པ། དེ་བཞིན། སྲིད་གཞུང་ལ་གོ་བརྡ་སྤྲོད་དགོས་པ་སོགས་ཀྱི་གནས་སུ་གྱར་བའི་རྩོམ་པ་པོ་ཁག་ཅིག་བདམས་ཏེ། འཛམ་གླིང་ནང་པེན་རྩོམ་པ་པོའི་མཐུན་ཚོགས་ལ་ཡན་ལག་ཁང་ ༡༥༠ ལྷག་ཡོད་པ་ཚོར་བརྒྱུད་སྐུལ་གྱིས། བཙོན་འོག་རྩོམ་པ་པོ་དེ་ཚོའི་ཆེད་དུ་ལས་འགུལ་སྤེལ་བ་དང་། མི་སྣ་དེ་ཚོ་ངོ་སྤྲོད་བྱེད་དགོས་པ། དེ་བཞིན། ཞུ་འབོད་སོགས་ཀྱི་ལས་འགུལ་སྤེལ་རོགས་ཞེས་སྐུལ་སློང་བྱེད་ཀྱི་ཡོད་པ་རེད། དེ་དང་དེ་བཞིན་སྒེར་གཅོད་དང་སྡུག་རྩུབ་འོག་འདས་གྲོངས་སུ་གྱུར་བའི་རྩོམ་པ་པོ་དང་། ད་ལྟའི་ཆར་བཙོན་འོག་ཏུ་སྡུག་སྦྱོང་དང་མནར་གཅོད་མྱོང་བཞིན་པའི་རྩོམ་པ་པོ་དང་། དེ་བཞིན། རྩོམ་པ་པོའི་ཚེ་སྲོག་ལས་གྲུབ་པའི་བརྩམས་ཆོས་བཀག་སྡོམ་བྱས་ཡོད་པ་སོགས་ལ་རྗེས་དྲན་དང་ངོས་འཛིན། རྒྱབ་སྐྱོར་བྱེད་དགོས་པ་རེད་ཅེས་དྲན་གསོ་གཏོང་བའི་ཉིན་མོ་ཞིག་ཆགས་བསྡད་ཡོད་པ་རེད། དེར་བརྟེན། ང་ཚོ་ཕྱི་སྡོད་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ན་ནིང་ནས་བཟུང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མཉམ་འབྲེལ་གྱིས་ལོ་རྟག་པར་རྒྱ་ནག་གི་བཙོན་འོག་ཏུ་ཚུད་པའི་བོད་ནང་གི་བོད་རིགས་རྩོམ་པ་པོ་དང་སྒྱུ་རྩལ་བ། དེ་བཞིན། ཤེས་ཡོན་པ་རྣམས་ལ་ང་ཚོའི་ངོས་ནས་རྗེས་དྲན་དང་རྒྱབ་སྐྱོར། ངོས་འཛིན་བྱེད་བཞིན་ཡོད་པ་མ་ཟད། གདུང་སེམས་མཉམ་སྐྱེད་ཀྱིས་ག་དུས་ཡིན་ཡང་རྒྱལ་སྤྱིའི་སྒང་ཁོ་ཚོའི་གནས་སྟངས་གང་ཐུབ་ཀྱིས་ཞུ་འབོད་བྱེད་བཞིན་ཡོད་ཅེས་ཞུ་རྒྱུ་ཡིན་ལ། ག་དུས་ཡིན་ཡང་ང་ཚོའི་ལུས་པོ་མཉམ་དུ་མེད་ཀྱང་སེམས་པ་མཉམ་དུ་ཡོད་ཅེས་ཤུགས་ཆེན་པོས་ཞུ་འདོད་བྱུང་། ཞེས་བརྗོད་སོང་།

དེ་ནས་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་རང་དབང་ཞེས་པ་འཐབ་རྩོད་བྱས་ནས་རག་ཐུབ་པ་དང་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲོམ་གཞིར་སྐྱོན་ཆ་ཡོད་པའི་སྐོར་བརྗོད་སྐབས། བོད་པར་མཚོན་ན་རྩོམ་འབྲི་རང་དབང་ཞེས་པ་དེ་ཉམས་མྱོང་གི་ཐོག་ནས་ཆ་རྒྱུས་ཡོད་བསྡད་པ་ཞིག་དང་། རང་གི་ལུང་པ་ཤོར་བ་ལ་བརྟེན་ནས་ང་ཚོར་རང་དབང་སྣ་གཅིག་ཀྱང་མེད་ཟེར་ནའང་ཆོག་པ་ཞིག་ཡིན་པས། མཁས་པ་མང་པོའི་བཤད་སྲོལ་ལྟར་དེང་སང་འཛམ་གླིང་ཐོག་གི་དམངས་གཙོ་ལ་སོགས་པའི་རང་དབང་དང་བདེ་སྐྱིད་རྣམས་མནར་གཅོད་གཏོང་མཁན་ལ་རྒོལ་ལན་འཐབ་རྩོད་བྱས་ཏེ་ཐོབ་པ་ཞིག་ཡིན་སྟབས། ང་ཚོས་རང་གི་རང་དབང་གི་ཆེད་དུ་འཐབ་རྩོད་བྱེད་རྒྱུ་དེ་གལ་ཆེན་ཡིན་པ་དང་། བོད་ནང་གི་བོད་མི་རྩོམ་པ་པོ་རྣམས་ཀྱིས་རང་དབང་དང་དམངས་གཙོ་དགོས་པའི་བསམ་ཚུལ་བཏོན་དུས། རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་དེ་རྒྱ་ནག་དམར་ཤོག་ཚོགས་པའི་གཞི་རྩའི་སྒྲོམ་གཞི་ལ་སྐྱོན་ཆ་ཡོད་པའི་རྐྱེན་གྱིས་རེད། ཅེས་བརྗོད་སོང་།

སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་བསོད་ནམས་རྒྱལ་མཚན་ལགས་ནས་རིག་གཞུང་རྒྱུད་གནས་ཡོང་ཐབས་སུ་རྩོམ་པ་པོའི་རང་དབང་གལ་ཆེན་རིང་བཞིན་སྐོར་ལ། ནང་བསྟན་ཆོས་ལུགས་ཀྱི་ལྟ་གྲུབ་རྣམས་ད་ལྟ་ང་ཚོས་གོ་རྟོགས་ཐུབ་པ་དང་དར་འཕེལ་བྱུང་བ་དེ་མཁས་གྲུབ་པཎ་ཆེན་རྣམས་ཀྱི་རྩོམ་འབྲི་ལ་བརྟེན་ནས་བྱུང་བ་མངོན་གསལ་ཆགས་བསྡད་ཡོད། ཤར་ཕྱོགས་ལ་བལྟས་ན་ནུབ་ཕྱོགས་པའི་དཔལ་འབྱོར་དང་རིག་གནས་སོགས་གང་ཅིའི་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་བའི་རྨང་གཞི་གཙོ་བོ་དེ་ཡང་རང་དབང་ཡིན་པ་དང་། ནུབ་ཕྱོགས་པས་རང་དབང་གི་ཐོག་ནས་མིའི་བསམ་བློ་གཅིག་ཐོག་གཉིས་བརྩེགས་ཀྱིས་སྔོག་འདོན་བྱས་ནས་ཡོང་ཡོད་ལ། ནུབ་ཕྱོགས་པའི་ནང་རང་དབང་ཡོད་སྟབས་རང་བཞིན་གྱིས་སྤྱི་ཚོགས་འཕེལ་རྒྱས་སོང་ཡོད་པ་རེད། རང་དབང་ལ་བཀག་སྡོམ་ཇི་ཙམ་བྱས་ཚེ་འཕེལ་རྒྱས་ཀྱི་སྒོ་བརྒྱབ་པའི་གནས་ལུགས་རྟོགས་དགོས་ལ། དེ་རྟོགས་པའི་ཐོག་ནས་རང་དབང་ལྡན་པའི་སྤྱི་ཚོགས་ཀྱི་སྒྲོམ་གཞི་གཏིང་སྟེ་རང་དབང་ལ་སྲུབ་སྐྱོབ་ཀྱིས་ནུབ་ཕྱོགས་པའི་སྤྱི་ཚོགས་འཕེལ་རྒྱས་ཕྱིན་ཡོད་པ་རེད།  དེར་བརྟེན། བོད་ཀྱི་ཤེས་རིག་དང་བསམ་བློ་དེ་ཇི་སྲིད་བར་འཕེལ་རྒྱས་འགྲོ་དགོས་ན། རང་དབང་གི་ཐོག་ནས་མིའི་བསམ་བློ་སྔོག་འདོན་བྱེད་དགོས་པས། རང་དབང་ནི་རིག་གཞུང་འཕེལ་རྒྱས་ལ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། ཅེས་བརྗོད་བྱུང་།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་འཇུ་བསྟན་སྐྱོང་ལགས་ཀྱིས། ང་རང་ལས་བྲེལ་གྱི་དབང་གིས་གྲྭ་སྒྲིག་བྱེད་རྒྱུ་མ་བྱུང་བ་དང་། ནམ་རྒྱུན་གྲྭ་སྒྲིག་བྱས་ནའང་དམིགས་བསལ་ཡག་པོ་གང་ཡང་བཤད་ཤེས་ཀྱི་མེད་ལ། གང་ལྟར་ནམ་རྒྱུན་ངས་གང་དྲན་པ་དེ་བཤད་ནས་འགྲོ་ཡི་ཡོད། དེ་ཕལ་ཆེ་རང་དབང་ཡིན་རྒྱུ་རེད།  དེ་ནས་རང་དབང་སྐོར་རྣམ་པ་ཚང་མས་གསུངས་སོང་ལ། སྤྱིར་བཏང་རང་དབང་གལ་ཆེན་པོ་ཡིན་པ་མི་ཤེས་མཁན་གཅིག་ཀྱང་ཡོད་རྒྱུ་མ་རེད།  མི་ཚང་མར་རང་དབང་དགོས་ཀྱི་ཡོད་པ་རེད། འོན་ཀྱང་། སྐབས་སུ་བབས་པའི་རྩོམ་པ་པོར་རང་དབང་ག་རེ་བྱས་ནས་དགོས་པ་རེད་ཟེར་རྒྱུ་དེ་རེད། ངས་བསམ་བློ་བཏང་ན་རྩོམ་པ་པོར་རང་དབང་དགོས་རྒྱུ་ནི་འགྲོ་བ་མིའི་རིགས་ལ་མཁས་པའི་རྣམ་དཔྱོད་ཀྱི་རྙེད་དོན་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། ང་ཚོ་འགྲོ་བ་མིའི་རིགས་ལ་ལམ་སྟོན་གྱི་སྒྲོན་མེ་ནི་མཁས་པ་ཚོའི་རྣམ་དཔྱོད་ལས་རྙེད་བཞག་པའི་དོན་དག་དེ་ཆགས་ཀྱི་ཡོད། དེ་ལྟ་བུའི་རྙེད་དོན་དེ་ཕྱི་ལོགས་ལ་སྟོན་ཐུབ་དང་མ་ཐུབ་དེ་རྩོམ་པ་པོ་དེའི་རང་དབང་ལ་ཐུག་བསྡད་ཡོད་པ་རེད། ཁོའི་རྣམ་དཔྱོད་ཀྱི་རྙེད་དོན་དེ་ཕྱི་ལོགས་སུ་སྟོན་ཐུབ་པའི་དབང་ཆ་ཡོད་ཚེ། ང་ཚོ་འགྲོ་བ་མིའི་རིགས་ལ་མཁས་པའི་ཤེས་རབ་ཀྱི་ལམ་སྟོན་ཞིག་ཐོབ་ཀྱི་ཡོད་པ་རེད། གལ་སྲིད་ཁོའི་རྣམ་དཔྱོད་ཀྱི་རྙེད་དོན་དེ་ཕྱི་ལོགས་སུ་སྟོན་པའི་དབང་ཆ་མེད་པ་ཡིན་ན། མཁས་དབང་ཚོས་ང་ཚོར་རྫུན་མ་བཤད་དེ་མགོ་སྐོར་ཐེབས་ཀྱི་ཡོད་པ་མ་ཟད། ལམ་ལོགས་ལའང་འཁྲིད་འགྲོ་ཡི་ཡོད། དེར་བརྟེན། གལ་ཆེ་ཤོས་དེ་ལམ་ལོགས་སུ་འགྲོ་དང་མི་འགྲོ་ཟེར་བ་དེ་མཁས་པར་རང་དབང་ཡོད་མེད་ལ་ཐུག་བསྡད་ཡོད་སྟབས། ངས་བལྟས་ན་མཁས་པའི་རང་དབང་དེ་གལ་ཆེན་པོ་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

སྨན་ཤེལ་བློ་གྲོས་ལགས་ཀྱིས་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཞིབ་འཇུག་སྙན་ཐོའི་སྐོར་ལ་ཁོང་གིས། ད་ཐེངས་ཀྱི་ཞིབ་འཇུག་འདི་ནི་རྒྱ་ནག་གིས་བཀག་སྡོམ་དང་དབྱེ་འབྱེད། རྩོམ་སྒྲིག་རང་དབང་གི་གནོན་ཤུགས་དེ་རྩོམ་པ་པོ་བྱེ་བྲག་གཅིག་གཉིས་དང་ལོ་བཅུ་གྲངས། བརྩམས་ཆོས་གཅིག་གཉིས་ཀྱི་གནས་ཚད་ཙམ་མིན་པར་ཡོངས་ཁྱབ་ཀྱི་གནས་སྟངས་ལ་ཁ་ཕྱོགས་ཡོད་པ་དང་། བཀག་སྡོམ་སྐོར་ལ་ཕྱི་ལོ་ ༡༩༥༩ ནས་ ༡༩༧༩ བར་མུན་ནག་གི་དུས་རབས་དང་།  ཕྱི་ལོ་ ༡༩༧༩ ནས་ ༢༠༠༠ ཉེ་བ་ཙམ་གྱི་བར་དུ་རྨ་ཤུལ་དུས་རབས་ཀྱི་རྩོམ་རིག་དང་། སྟོང་ལོ་གསར་པ་དེའི་རྩོམ་རིག་ལ་མི་རབས་གསར་བའི་རྩོམ་རིག་གི་དུས་སྐབས་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དེར་བོད་ཕྱི་ནང་གཉིས་དང་བོད་ཀྱི་རྩོམ་རིག་དང་སྒྱུ་རྩལ་ལ་ཉམས་ཞིབ་བྱེད་མཁན་ཡོངས་ཀྱིས་ངོས་འཛིན་གཅིག་གྱུར་བྱུང་ཡོད་པ་དང་། རྩོམ་རིག་གི་ཁྱབ་ཁུངས་ངོས་ནས་བཀག་སྡོམ་དང་དབྱེ་འབྱེད་བྱེད་བཞིན་པའི་ཆ་ནས་རིམ་པ་ ༣ ངོས་འཛིན་བྱེད་ཀྱི་ཡོད་པ་ལས། བཀག་སྡོམ་ཆེ་ཤོས་དེ་ལོ་རྒྱུས་ཀྱི་ཁྱབ་ཁུངས་དང་དེ་བཞིན་བོད་ཀྱི་རིག་གནས་ཀྱི་ཁྱབ་ཁུངས། མཐའ་མ་དང་གལ་ཆེ་ཤོས་དེ་རང་དབང་གི་ཁྱབ་ཁུངས་ཡིན་པ་བཅས་དང་། བོད་ནང་གི་རྩོམ་པ་པོ་ཚོར་གདོང་ཐུག་ཆེན་པོ་གསུམ་བརྒྱབས་ཡོད་པ་ནས་དང་པོ་ནི་རིག་གནས་གསར་བརྗེ་ཡི་སྔོན་གྱི་བོད་ཀྱི་དམངས་གཙོ་བཅོས་བསྒྱུར་སྐབས་མུ་གེ་ཤུགས་ཆེན་བྱུང་བ་དང་བོད་ས་ཡོངས་སྐྱོབ་དགོས་པ། བོད་མི་མང་པོ་བཙོན་ཁང་ནས་སྐྱོབ་དགོས་པའི་གནད་དོན་གླེང་སློང་རྩོམ་ཡིག་གི་ལམ་ནས་གདོང་ཐུག་བྱུང་ཡོད་པ་དང་། དེའི་དང་པོ་དང་གཙོ་བོ་ནི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་ཡིག་འབྲི་ཁྲི་བདུན་གྱི་སྙན་ཞུ་ཆགས་ཡོད་པ། གཉིས་པ་དེ་ནི་བོད་ཀྱི་ངོ་བོ་དང་རིག་གཞུང་། སེམས་ཁམས་དེ་རྒྱ་ནག་གིས་བོད་པའི་ཚབ་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་ངོ་སྤྲོད་དང་གོ་ལོག་བཟོ་བཞིན་པ། དེར་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལ་སོགས་པས་ངོ་སྤྲོད་དང་མཚམས་སྦྱོར་བྱེད་མགོ་བརྩམས་ཡོད་པ་དང་། གསུམ་པ་དེ་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཧྲིལ་བོ་ནས་གདོང་ཐུག་བརྒྱབས་ཡོད་པ་རེད། སྐབས་དེར་དུས་རབས་མང་པོའི་ནང་བྱུང་མ་མྱོང་པའི་ཞི་རྒོལ་བྱུང་ཡོད་པ་དང་བོད་མིར་དྲག་གནོན་ཤུགས་ཆེན་བྱས་ཏེ། དྲིལ་བསྒྲགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་སྤྱིའི་ཁོར་ཡུག་ནང་བོད་མིའི་གསར་བརྗེའི་ཞི་བའི་ལས་འགུལ་གྱི་བྱུང་རྐྱེན་དང་ངོ་བོ། ཁ་ཕྱོགས་སོགས་ལ་འགྲེལ་བཤད་རིམ་པ་མང་པོ་བརྒྱབས་ཡོད་པ་དེར་བོད་མི་ཚོས་གདོང་ཐུག་བརྒྱབས་ཡོད་པ་རེད།  ཅེས་བརྗོད་བྱུང་།དགེ་བཤེས་ལྷག་རྡོར་ལགས་ཀྱིས། ང་ཚོའི་འཐབ་རྩོད་དེ་འཚེ་མེད་ཞི་བའི་འཐབ་རྩོད་ཡིན་སྟབས། འཚེ་མེད་ཞི་བ་དང་ལྟ་བ་རྟེན་འབྱུང་སོགས་མགོ་འཚོས་པར་ཡོན་ཏན་དགོས་ཀྱི་ཡོད་པ་རེད། ཡོན་ཏན་མེད་པ་ཡིན་ན་གང་འཚམ་ཞིག་ནས་འུ་ཐུག་སྟེ་རྒྱ་མིའི་ལྷན་དུ་གསོད་རེས་གཏུབ་རེས་ཐོག་འགྲོ་རྒྱུ་ཡིན་པ་ཉག་ཅིག་རེད། དེ་འདྲའི་ཐོག་ཕྱིན་པ་ཡིན་ན་ཕན་ཐོགས་ག་རེ་ཡོད་མེད་ལྷོད་ལྷོད་བྱས་ནས་བསམ་བློ་གཏང་ན་ཧ་གོ་འགྲོ་ཡི་རེད། ཕར་ཕྱོགས་ནས་རྒྱ་མིས་ང་ཚོར་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ཡིན་ཟེར་གྱི་ཡོད་པ་རེེད། ང་ཚོས་འདི་ནས་༧གོང་ས་མཆོག་གི་དབུ་འཁྲིད་འོག་གཉིས་ཕན་དབུ་མའི་ལམ་བཤད་ཀྱི་ཡོད་པ་ལས་ཁྱོད་ཤི་ང་གསོན་བཤད་ཀྱི་ཡོད་པ་མ་རེད། དེ་རིང་གི་ཚོགས་འདུ་འདིའི་ཐོག་ནས་བསམ་བློ་གཏང་ན། ང་ཚོའི་མཚོན་དོན་སྨྱུ་གུ་རེད། དབྱིན་ཇིའི་གཏམ་དཔེའི་ནང་སྨྱུ་གུ་དེ་གྲི་ལས་སྟོབས་ཤུགས་ཆེ་བ་ཡོད་ཅེས་བཤད་ཀྱི་ཡོད་པ་རེད། རྒྱ་ནག་གི་མགོ་འཁྲིད་མའོ་ཙེ་དུང་གིས་ཆབ་སྲིད་ཀྱི་དབང་ཆ་དེ་མེ་མདའི་ཁ་ནས་ཐོན་གྱི་ཡོད་ཅེས་ལབ་ཡོད་པ་རེད། དེ་འདྲ་བྱས་ནས་ང་ཚོ་བོད་པ་ཕར་ཞོག་ཁོ་རང་ཚོར་བདེ་སྐྱིད་ཡོང་གི་ཡོད་ན་འགྲིག་གི་ཡོད་པ་རེད་དེ། བྱེད་སྟངས་དེ་ལྷོད་ལྷོད་བྱས་ནས་ང་ཚོས་ཧ་གོ་ཡོང་གི་རེད། གོང་ནས་རྒྱ་མིའི་ཁྲིམས་ལུགས་ཐོག་སྐད་ཆ་བཤད་སོང་། ཞིབ་ཚགས་བཤད་ན་རྒྱ་མིར་ཁྲིམས་ཡོད་པ་མ་རེད། དབྱིན་ཇིའི་ཁྲིམས་ཟེར་བ་དེ་མིའི་དབར་མཐུན་སྒྲིལ་དང་འཆམ་མཐུན་ཡོང་ཐུབ་པ། མང་ཚོགས་ལ་བདེ་སྐྱིད་བསྐྲུན་ཐུབ་པའི་ལམ་ལུགས་ཤིག་ལ་གོ་དགོས་པ་ལས་མི་གསོད་དང་རྡུང་རྡེག་གཏོང་རྒྱུ་ཞིག་ལ་ཁྲིམས་ཟེར་གྱི་ཡོད་པ་མ་རེད། དེར་བརྟེན། མི་གསོད་ཁྲག་སྦྱོར་གྱི་རིགས་ལ་ཁྲིམས་ཟེར་གྱི་ཡོད་པ་མ་རེད་ལ། དངོས་གནས་དྲང་གནས་བཤད་ན་རྒྱ་མིར་ཁྲིམས་ཡོད་པ་མ་རེད། དེ་འདྲའི་ཁོར་ཡིག་ཞིག་གི་འོག་རྩོམ་འབྲི་རང་དབང་ཟེར་བ་ཞིག་ག་བ་ནས་ཡོང་གི་ཡོད་པ་རེད་ཅེ་ན་རྩ་བ་ནས་ཡོང་ཐབས་ཡོད་པ་མ་རེད། རྒྱ་མི་ཁོ་རང་ཚོའི་ལམ་ལུགས་ལ་བསྟོད་བསྔགས་གཏོང་མཁན་ཞིག་ཡིན་ན་འབྲི་ཆོག་གི་ཡོད་པ་རེད། ཁོ་རང་ཚོའི་ལས་སྟངས་བྱེད་སྟངས་ལས་གཞན་༧རྒྱལ་བ་རིན་པོ་ཆེ་ཕར་ཞོག་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་བོད་རིགས་འབུར་ཐོན་གྱི་གཞས་པ་དང་རྩོམ་པ་པོ། དེ་བཞིན། བླ་མ་གལ་ཆེན་ཞིག་ཡིན་ན་ཚང་མ་བཙོན་འཇུག་བྱེད་ཀྱི་ཡོད་པ་མཐོང་མཐོང་པ་རེད། ངས་ནི་ཁོ་ཚོར་སྣང་བ་བཏང་མེད་ལ་སྡིག་པ་མིག་བཙུམ་ཟེར་བ་ནང་བཞིན་བསྡད་ཡོད་མ་གཏོགས། ཁོ་ཚོའི་བྱ་སྤྱོད་དེའི་ཁོངས་འཁྱོལ་ཐུབ་ཀྱི་མ་རེད། ཅེས་བརྗོད་བྱུང་།

མཇུག་ཏུ་སྐུ་མགྲོན་གཙོ་བོ་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་ཀྱིས།  བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་ལྟེ་གནས་ཁང་བཙུགས་ཏེ་ལོ་ངོ་ ༢༢ དང་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་བཙུགས་ནས་ལོ་ ༡༩ ཙམ་འགྲོ་ཡི་ཡོད་པ་རེད། ང་ཚོའི་བཙན་བྱོལ་ནང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ལ་གཞུང་འཛིན་དགའ་ལྡན་ཕོ་བྲང་གི་སྐབས་དང་ད་ལྟའི་བོད་མིའི་སྒྲིག་འཛུགས་སྐབས་ཡིན་ནའང་རོགས་རམ་ཐོབ་རྒྱུ་དཀའ་ལས་ཁག་པོ་ཞེ་དྲགས་ཡོད་པ་རེད། ད་རེས་བཤད་རྒྱུ་གཙོ་བོ་དེ་རྩོམ་འབྲི་རང་དབང་དང་མཐོ་གནོན་དང་སྡུག་སྦྱོང་གི་སྐད་ཆ་ཞིག་ཡོང་གི་འདུག ང་ཚོས་བསམ་བློ་ཡག་པོ་ཞིག་བཏང་ན། བཙན་བྱོལ་སྤྱི་ཚོགས་ནང་ཡོད་པའི་བོད་པ་ཞིག་ཡིན་ཕྱིར། ང་ཚོ་ལ་སྔོན་མེད་ཀྱི་དཀའ་ངལ་མང་པོ་ཡོད་པ་རེད། ང་ཚོ་རྩོམ་པ་པོ་ཚོས་དབུས་བོད་མིའི་སྒྲིག་འཛུགས་ལ་ཅིག་བསྟུན་དགོས་རེད། རྒྱ་ནག་རྒྱལ་ཁབ་ལ་ཅིག་བསྟུན་དགོས་རེད། གཞིས་ཕ་ཡུལ་གྱི་སྤུན་ཉེ་ཚོར་ཅིག་བསྟུན་དགོས་རེད། རྒྱ་གར་གཞུང་ལ་ཅིག་བསྟུན་དགོས་རེད། དངོས་ཡོད་གནས་ཚུལ་བཤད་ན་དེ་ཚོ་ཚང་མར་བསྟུན་དགོས་ཀྱི་ཡོད་པ་རེད། མཐོང་སྣང་ལ་རང་དབང་ཡོད་པ་འདྲ་བོ་ཡིན་ཡང་དོན་དངོས་ཐོག་རང་དབང་དེ་ཙམ་ཡོད་པ་མ་རེད། དེ་ནས་བོད་པའི་མིའི་གཤིས་ཀ་ག་འདྲ་ཡོད་པ་རེད་ཟེར་ན། ཚེ་སྔོན་མ་དང་ད་ལྟ་ཡིན་ནའང་། བོད་པའི་མིའི་གཤིས་ཀ་དེ་སྤྲེལ་ལད་དང་རྨོངས་དད་ཀྱི་རི་བོང་ཅལ་འདྲོགས་བྱེད་མཁན་ཞིག་ཡིན་པ་ལས། དངོས་གནས་དྲང་གནས་རྣམ་དཔྱོད་བེད་སྤྱོད་གཏོང་ཐུབ་མཁན་ཞིག་རེད་པས་ལབ་ན་དཀའ་ལས་ཁག་པོ་རེད། ང་རང་ཚོའི་བླ་མ་དང་དཔོན་པོ་མཐོ་ཚད་ཚང་མ་སྤྲེལ་ལད་ལ་དགའ་པོ་ཞེ་དྲགས་ཡོད་པ་རེད། སྤྲེལ་ལད་ལ་དགའ་པོ་མེད། སྤྲེལ་ལད་མ་འཁྲབ་ཟེར་ནས་བཀའ་སློབ་གནང་གི་རེད་དེ། དོན་དངོས་ལག་བསྟར་བྱས་ཡོང་དུས་ཧ་ལས་པའི་སྤྲེལ་ལད་ལ་དགའ་པོ་ཡོད་པ་རེད། སྤྱི་ཚོགས་ཁོ་རང་སྤྲེལ་ལད་སྒང་འགྲོ་དགོས་ཀྱི་ཡོད་པ་རེད། དེ་ཚོ་ང་ཚོས་བྱེད་རྒྱུ་ཡོད་པ་མ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ཚང་མ་རྒྱ་མི་ལ་མཛུབ་མོ་བཙུགས་ནས་གཅིག་འགྲིག་གི་མི་འདུག་གཉིས་འགྲིག་གི་མི་འདུག་ལབ་ནས་འདུག་རན་ཡོད་ས་རེད་མ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༡༡/༡༥

Leave a Reply