ངོས་རང་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་ལྟ་བུ་བྱེད་ཀྱི་ཡོད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དེང་སང་འཛམ་གླིང་འདིར་འབྱུང་བ་འཁྲུག་པའི་དཀའ་ངལ་སྒང་ལ་མིས་བཟོས་པའི་དཀའ་ངལ་ཧ་ཅང་མང་པོ་ཡོང་གི་ཡོད་པ་དང་སྡུག་ཤོས་དེ་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་གསོད་རེས་གཏོང་གི་ཡོད་པ་དེ་ཡིན་སྐོར་གསུངས་འདུག༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བདུན་ཕྲག་གཉིས་ཙམ་རིང་ཉི་ཧོང་ནང་མཛད་འཕྲིན་བཀའ་དྲིན་སྐྱོང་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༡༥ ཉིན། ཉི་ཧོང་གི་ཡོ་ཀོ་ཧ་མ་རྒྱལ་ཡོངས་ཚོགས་ཁང་ (National Convention Hall of Yokohama) དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དད་ལྡན་དོན་གཉེར་ཅན་མང་པོར་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་བསྩལ་གནང་ཡོད་པ་དང་། སྔོན་འགྲོའི་བཀའ་ཆོས་དང་འབྲེལ་བཀའ་སློབ་སྩལ་སྐབས། སྔར་རྒྱ་གར་ལ་སྔ་འགྱུར་དང་གསར་མ་དེ་འདྲ་མེད་ཀྱང་། བོད་ལ་ལོ་ཆེན་རིན་ཆེན་བཟང་པོ་མ་བྱུང་གོང་དེ་དག་སྔ་འགྱུར་དང་། ལོ་ཆེན་རིན་ཆེན་བཟང་པོ་བྱུང་བའི་རྗེས་དེ་དག་གསར་མ་ཞེས་གསང་སྔགས་རྙིང་མ་དང་གསར་མ་ཞེས་གཉིས་བྱུང་འདུག དེ་རིང་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་དབང་ཞུ་རྒྱུ་འདི་གསང་སྔགས་རྙིང་མའི་ཕྱོགས་རེད། དེ་ལ་རིང་བརྒྱུད་བཀའ་མ་དང་ཉེ་བརྒྱུད་གཏེར་མ། ཤིན་ཏུ་ཟབ་པ་དག་སྣང་ཞེས་གསུམ་གསུང་གི་འདུག དེ་རིང་གི་ཆོས་འཁོར་འདི་དག་སྣང་གི་ཁོངས་རེད། དག་སྣང་འདི་ཡོང་ཁུངས་ནི་༸རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་རེད། ཁོང་ལ་ལྷག་པའི་ལྷ་མང་པོའི་ཞལ་གཟིགས་པའི་དག་སྣང་མང་པོ་ཞིག་ཡོང་བཞིན་འདུག གང་ལྟར་༸གོང་ས་ལྔ་པ་ཆེན་པོ་ནས་གསང་བ་རྒྱ་ཅན་གྱི་ཆོས་འཁོར་འདི་༸རྒྱལ་བ་ལྔ་པའི་རྗེས་ཀྱི་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་ཕ་ཆོས་ལྟ་བུ་ཆགས་ཡོད། ངོས་ཀྱིས་གསང་བ་རྒྱ་ཅན་གྱི་ཆོས་འཁོར་ཆ་ཚང་ཆུང་དུས་ནས་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ལེགས་པར་ཐོབ་པ་རེད། དེ་སྔ་འགོ་སྟོད་ལ་དཔེ་ཆ་མེད། ཕྱིས་སུ་ངོས་ལ་དཔེ་ཆ་དེ་ཐོབ་བྱུང་།  གསང་བ་རྒྱ་ཅན་གྱི་དཔེ་ཆ་བྲིས་མ་མ་གཏོགས་མེད།  གསང་བ་རྒྱ་ཅན་གྱི་དཔེ་ཆ་དེ་དག་རིམ་པས་ངོས་ཀྱི་ལག་པར་སླེབས་པ་ནས་བཟུང་ཚེས་བཅུ་ནམ་ཡིན་ལ་འཇིག་རྟེན་དབང་ཕྱུག་ལྷ་སྐུའི་སྒོ་ནས་ཚེས་བཅུ་འདོན་བཞིན་ཡོད། ཅེས་གསུངས།

ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ལོ་ཀེ་ཤྭ་རི་འཇིག་རྟེན་དབང་ཕྱུག་དང་ཝ་ཏི་བཟང་པོའི་སྣང་བརྙན་དང་བཅས་ངོས་དང་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད། ཁྱེད་རང་ཚོ་ཁ་ཤས་ཀྱིས་རྨོངས་དད་བྱེད་ནས་༸རྒྱལ་བ་རིན་པོ་ཆེ་འཕགས་པ་སྤྱན་རས་གཟིགས་རེད་ཟེར་བ་འདི་རྨོངས་དད་རེད། གང་ལྟར་ངོས་རང་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་ལྟ་བུ་བྱེད་ཀྱི་ཡོད། འདི་ཕལ་ཆེར་ངོས་ཀྱིས་ཚོད་ཐིག་གི་འདུག སྤྱན་རས་གཟིགས་སྙིང་རྗེའི་བདག་ཉིད་རེད། སྙིང་རྗེའི་ལྷ་མཆོག་རེད། ཡང་སྒོས་བོད་ཁ་བ་གངས་ཅན་གྱི་ལྷ་སྐལ་རེད། གོ་ཆོད་རུང་མ་ཆོད་རུང་ཕགས་པ་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་དེ་ངོས་རང་ཡིན། ངོས་རང་ཕར་ཚུར་འགྲོ་སྐབས་སུ་འཕགས་པ་སྤྱན་རས་གཟིགས་ལོ་ཀེ་ཤྭ་ར་ངོས་ཀྱི་མཇིང་པའི་སྟེང་ཡོད་བསམ་པ་དྲན་བཞིན་འདུག  ཅེས་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན། ཉི་ཧོང་གི་ཡོ་ཀོ་ཧ་མ་གྲོང་ཁྱེར་དུ་ཡོ་ཀོ་ཧཱ་མ་རྒྱལ་ཡོངས་ལྷན་ཚོགས་ཚོགས་ཁང་དེ་རང་དུ་ཤེས་རབ་སྙིང་པོའི་ཆོས་འབྲེལ་དབུ་འཛུགས་མཛད་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དེ་རིང་ཉི་ཧོང་ལ་ཡང་བསྐྱར་བསླེབས་ནས་ང་ཚོ་ཆོས་གྲོགས་ངོ་ཤེས་རྙིང་པ་མང་པོ་ཐུག་པ་རེད། ཉི་ཧོང་ཙམ་མ་ཟད་ཀོ་རི་ཡ་དང་། ཆེན་པོ་ཧོར་གྱི་ཡུལ། རྒྱ་ནག་སྐམ་ས་ཆེན་པོ།    ཐའེ་ཝན་བཅས་ནས་ཕེབས་པའི་ཆོས་གྲོགས་ཚོ་དེ་རིང་འདིར་འཛོམས་པར་ངོས་ཀྱིས་ཚང་མ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་ཡི་ཡོད། དེ་རིང་ང་ཚོ་འདིར་འཛོམས་པ་དེ་ཚོང་དང་ལྟད་མོའི་དོན་དུ་འཛོམས་པ་མ་རེད། གཙོ་བོ་སངས་རྒྱས་ཀྱི་ལྟ་གྲུབ་སྐོར་འགྲེལ་བཤད་རྒྱག་རྒྱུའི་དོན་དུ་ང་ཚོ་འཛོམས་པ་རེད། ངོས་ཀྱིས་ནམ་རྒྱུན་ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པར་སླེབས་ཡོད་པ་རེད་ཅེས་བརྗོད་ཀྱི་ཡོད། འཕྲུལ་ཆས་ཡར་རྒྱས་ཧ་ཅང་ཕྱིན་དང་འགྲོ་བཞིན་པ་རེད། དེ་རིང་ཁ་སང་འཕྲུལ་ཆས་ལག་རྩལ་བ་དེ་ཚོས་མིའི་བསམ་བློ་ལས་ཀ་བྱེད་ཐུབ་མཁན་གྱི་འཕྲུལ་ཆས་བཟོ་རྒྱུའི་སྐོར་སྐད་ཆ་བཤད་ཀྱི་འདུག  དེ་ཧ་ཅང་ཁག་པོ་རེད། སྒོ་ལྔའི་ཤེས་པ་རྐྱང་རྐྱང་ཡིན་ན་ཕལ་ཆེར་ཡིན་ཤེས་ཆེ། ཡིད་བློ་ཟེར་བ་དེ་རྙོག་གྲ་ཆེན་པོ་རེད། དེ་འཕྲུལ་ཆས་ཐོག་ནས་བཟོ་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། གང་ལྟར་ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་བསླེབས་ཡོད། འཕྲུལ་ཆས་དང་འབྲེལ་བའི་དངོས་པོ་ཡར་རྒྱས་ཚད་མཐོན་པོར་སླེབས་ཡོད། འདི་འདྲའི་དུས་ཚོད་གཅིག་ལ་ཆོས་ཟེར་བ་དེ་དགོས་མཁོ་འདུག་གམ་མི་འདུག  འབྲེལ་བ་འདུག་གམ་མི་འདུག   འདི་དྲི་བ་དང་པོ་རེད། ཁ་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ནང་པའི་རྒྱལ་ཁབ་ཁག་ཁ་ཤས་ཀྱི་དགེ་སློང་འདུལ་བ་འཛིན་པ་ཚོ་དང་ལྷན་དུ་ང་ཚོ་ཚོགས་འདུ་ཚོགས་པ་རེད།  དེ་རིང་ཁ་སང་ཆོས་ཟེར་བ་དེ་དགོས་མཁོ་འདུག་གམ་མི་འདུག   དྲི་བ་དང་པོ་དེ་རེད། ཅེས་སྐབས་དེ་དུས་ཀྱང་ངོས་ཀྱིས་ཞུས་པ་ཡིན། དགོས་མཁོ་མེད་ན་གཡུག་ན་འགྲིག་གི་རེད། དངོས་ཡོད་གནས་ཚུལ་ལ་འཛམ་བུ་གླིང་འདིའི་སྒང་ལ་བལྟས་པ་ཡིན་ན། འཛམ་གླིང་ནང་མི་འབོར་དུང་ཕྱུར་བདུན་ཅུ་ཙམ་ཡོད། དེ་དག་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད།  སྡུག་བསྔལ་མང་པོ་ཞིག་འཛམ་གླིང་གི་ཚ་དྲོད་འཕེལ་ནས་མཚོ་རླབས་ཀྱི་ཉེན་ཁ་ཞིག་དཔེར་ན་ཉི་ཧོང་ནང་ཡོང་གི་འདུག དེ་བཞིན་ཨ་རིའི་མངའ་སྡེ་ཁལ་ལི་ཧྥོར་ནི་ཡ་དང་ཡུ་རོབ་ཁུལ་དུའང་མེ་འབར་ནས་ཉེན་ཁ་བྱུང་འདུག   གང་ལྟར་འབྱུང་བ་འཁྲུག་པའི་གནོད་པ་དེ་འདྲ་ཡོང་གི་འདུག  དེ་དག་ང་ཚོ་མི་ཡིས་བཟོ་རྒྱུ་གང་ཡང་མེད། ཅེས་གསུངས།མུ་མཐུད་ཁོང་གིས། དེ་མིན་སྤྱི་ཡོངས་ཀྱི་འཛམ་གླིང་འདིའི་སྒང་ལ་མི་ཡིས་མི་ལ་གསོད་རེས་གཏོང་བ་དང་། མི་དབུལ་ཕོངས་ཉམ་ཐག་དེ་དག་སྐྱབས་མེད་མགོན་མེད་བྱས་ནས་ལྷག་བསྡད་པ། དཔེར་ན་ཡེ་མན་(Yemen) ལུང་པར་ཆ་བཞག་ན། ཕྲུ་གུ་ཆུང་ཆུང་ཚོར་སྨན་བཅོས་ཀྱི་མཐུན་རྐྱེན་མེད་པ། བཟའ་བཅའི་མཐུན་རྐྱེན་མ་འདང་བ། ལྟོགས་ནས་ཤི་མཁན་མང་པོ་བྱུང་འདུག ཨ་ཧྥེ་རི་ཁའི་ནང་ཆ་བཞག་ན། ནང་ཁུལ་ལ་འཁྲུག་པ་རྒྱག་པ་དང་། ཉམ་ཐག་དེ་དག་བདག་མེད་བྱས་ནས་བཞག་སྟེ་དཀའ་ངལ་ཧ་ཅང་འདུག  དེ་དག་ཚང་མ་ང་ཚོ་མི་ཡིས་བཟོས་པའི་དཀའ་ངལ་རེད།

འབྱུང་བ་འཁྲུག་པའི་དཀའ་ངལ་ཡོད་པའི་སྒང་ལ་མིས་བཟོས་པའི་དཀའ་ངལ་ཧ་ཅང་མང་པོ་འདུག  སྡུག་ཤོས་ཏེ་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་གསོད་རེས་གཏོང་གི་འདུག  ཐབས་སྐྱོ་བ་ཞིག་ལ་འབར་མའི་ནང་ནང་པ་དང་ཁ་ཆེ་འཁྲུག་པ་བརྒྱབ་ནས་ཁ་ཆེ་མང་པོར་སྡུག་པོ་གཏོང་གི་འདུག  ངོ་ཚ་དགོས་པ་རེད། སི་རི་ཡ་ Syria དང་ཨ་ཧྥི་གྷ་ནི་སི་ཐན་(Afghanistan)དེ་འདྲའི་ཁ་ཆེ་ལུང་པ་མང་པོ་ཞིག་གི་ནང་ལ་སྟོན་པ་ཨ་ལ་གཅིག་རེད། གསུང་རབ་ཁུ་རན་(Quran)གཅིག་རེད། ཉིན་རེ་ལ་ཐེངས་མ་ལྔ་སྨོན་ལམ་རྒྱག་གི་ཡོད་པ་གཅིག་གྱུར་རེད། འོང་ཀྱང་གཙོ་བོ་ཆབ་སྲིད་ཀྱི་ཐོག་ནས་སུ་ནི་(Sunni)དང་ཞི་ཡ་(Shia)དབར་གསོད་རེས་གཏོང་གི་འདུག  དེ་དག་ཚང་མ་མི་ཡིས་བཟོས་པའི་སྡུག་བསྔལ་རེད། སྡོམ་བརྒྱབ་ན་འཛམ་གླིང་འདིའི་སྒང་ལ་མི་ཐམས་ཅད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་འབའ་ཞིག་རེད། ཡིན་ནའང་གཞན་ཕན་གྱི་བློ་དེ་མེད་པ་དང་། ང་ཞེས་པའི་སོ་སོ་གཅིག་པུར་བསམ་བློ་བཏང་སྟེ་རང་རྒྱལ་གཞན་ཕམ་གྱི་ལྟ་ཚུལ་ཐོག་ནས་མི་ཡིས་མི་ལ་སྡུག་པོ་ཧ་ཅང་གཏོང་གི་འདུག   འདི་དག་ཚང་མ་ཐུག་སའི་རྩ་བ་དེ་བྱམས་བརྩེ་ཕུང་བར་བརྟེན་ནས་བྱུང་བ་རེད། ཅེས་གསུངས་འདུག

དེ་རིང་ཚན་རིག་མཁས་པ་གསུམ་གྱི་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་བར་བགྲོ་གླེང་ལྷན་ཚོགས་ཐོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་གནང་ཡོད་པ་དང་། སང་ཉིན་ཤེས་རབ་སྐྱེད་ཚལ་གླིང་གི་གོ་སྒྲིག་འོག་ཧེ་བྷི་ཡ་ཚོགས་ཁང་(Hibiya Open Air Concert Hall)ནང་དུ་ང་ཚོ་ཚང་མ་ཁྱིམ་ཚང་གཅིག་ཡིན་ཞེས་པའི་བརྗོད་གཞིའི་ཐོག་གཞོན་སྐྱེས་ཚོར་བཀའ་སློབ་གནང་རྒྱུ་ཡིན་འདུག

 གསར་འགོད་པ། སངས་རྒྱས་དཀོན་མཆོག་གིས་བསྡུ་སྒྲིག་བྱས།

བསྐྱར་བཅོས།: ༢༠༡༨/༡༡/༡༦

Leave a Reply

2 thoughts on “ངོས་རང་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་ལྟ་བུ་བྱེད་ཀྱི་ཡོད།