ཆབ་སྲིད་བཙོན་ཟུར་དཔལ་ལྡན་རྒྱ་མཚོ་ལགས་ཀྱི་སྙུང་གཞི་ཅུང་དྲག་ཏུ་ཕྱིན།

ལོ་ངོ་ ༣༣ རིང་རྒྱ་ནག་གཞུང་གི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་མྱངས་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་དཔལ་ལྡན་རྒྱ་མཚོ་ལགས་ལ་སྙུང་གཞི་ཕོག་ནས་སྨན་བཅོས་གནང་བཞིན་འདུགཉེ་སྔོན་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་དཔལ་ལྡན་རྒྱ་མཚོ་ལགས་ཀྱི་མཆིན་པའི་སྙུང་གཞི་བསྐྱར་ལོག་བྱུང་སྟེ་གནས་སྟངས་ཅུང་ཛ་དྲག་ཆགས་པར་བརྟེན། ཨ་རི་ནས་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཏེ་སྨན་བཅོས་གནང་བཞིན་འདུག་ལ། སྐུ་གཟུགས་ཧ་ཅང་སྐམ་པོ་ཆགས་འདུག་ཀྱང་རྣམ་རིག་གསལ་ཞིང་བཀའ་མོལ་རྒྱུན་ལྡན་ལྟར་གནང་ཐུབ་ཀྱི་འདུག་པས། ཨ་རི་ནས་ཚུར་ཕེབས་དུས་དང་བསྡུར་ན་ཅུང་དྲག་སྐྱེད་བྱུང་ཡོད་འདུག

བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་དཔལ་ལྡན་རྒྱ་མཚོ་ལགས་ལ་སྙུང་གཞི་ཕོག་ནས་ཕྱིར་བཞུགས་སྒར་དྷ་རམ་ས་ལར་ཕེབས་ནས་སྨན་བཅོས་གནང་བཞིན་ཡོད་པ་ལྟར། འདི་གའི་གསར་འགོད་པས་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཕྱག་མཛོད་གཞོན་པ་ཐོགས་མེད་ལགས་སུ། རྒན་དཔལ་ལྡན་རྒྱ་མཚོའི་སྐུ་གཟུགས་གནས་སྟངས་ག་འདྲ་ཡོད་དྲིས་པར་ཁོང་གིས། ཉེ་སྔོན་ཞིག་ནས་ཁོང་ཨ་རིར་ཕེབས་ནས་ཟླ་བ་ ༣ ལྷག་རིང་དེར་བཞུགས་སྐབས། སྔར་གྱི་མཆིན་པའི་ནད་གཞི་བསྐྱར་ལོག་བྱུང་སྟེ། ཞལ་ལག་ཀྱང་མཆོད་མ་ཐུབ་པའི་གནས་སྟངས་ཆགས་པར་བརྟེན། སྨན་བཅོས་ཆེད་ཕྱིར་རྒྱ་གར་དུ་མ་ཕེབས་ཐབས་མེད་གྱུར་བ་རེད། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་འབྱོར་ནས་བཟུང་། ད་བར་དགོན་པའི་ངོས་ནས་སྨན་བཅོས་དང་ལྟ་སྐྱོང་བྱེད་བཞིན་ཡོད་ལ། སྔར་དང་བསྡུར་ན་དེང་སྐབས་ཅུང་དྲག་སྐྱེད་བྱུང་ཡོད་པ་མ་ཟད། གཟིམ་ཆུང་མཇལ་ཁ་ཞུས་ཏེ་༧གོང་ས་རྒྱལ་བ་རིན་པོ་མཆོག་ནས་ཐུགས་སྨོན་མཛད་གནང་ཡོད་སྐོར་བརྗོད་བྱུང་། ཕྱག་མཛོད་ལགས་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན། ལོ་ཁ་ཤས་ཀྱི་སྔོན་ལ་རྒན་དཔལ་ལྡན་རྒྱ་མཚོ་ལགས་སུ་མཆིན་པའི་ནད་གཞི་ཕོག་པ་དང་། ཁོང་གི་སྦྱིན་བདག་ནས་འགྲོ་སོང་བཏང་སྟེ། ཨ་རིར་ཡོད་པའི་མཱ་ཡོ་སྨན་ཁང་(Mayo Clinic)དུ་མཆིན་པའི་བཤག་བཅོས་གནང་ཡོད་པ་རེད། དེའི་རྗེས་ཕྱིར་རྒྱ་གར་དུ་ཕེབས་ཏེ་སྨན་ཁང་དེའི་ལམ་སྟོན་བཞིན་ལྡི་ལིའི་སྨན་ཁང་ཞིག་ཏུ་སྨན་བཅོས་གནང་སྟེ་དྲག་སྐྱེད་ལེགས་པོ་བྱུང་ཡོད་ཀྱང་། འདི་ལོར་ཨ་རིར་བཞུགས་རིང་ནད་ལོག་བརྒྱབ་སྟེ་ཅུང་ཛ་དྲག་ཏུ་གྱུར་ཡོད་སྐོར་བརྗོད་བྱུང་།
ཕྱི་ལོ་ ༢༠༡༡ ལོར་ཆབ་སྲིད་བཙོན་ཟུར་དཔལ་ལྡན་རྒྱ་མཚོ་ལགས་ནས་༧ཀིརྟི་རིན་པོ་ཆེ་མཆོག་ལ་གསོལ་འདེབས་སྙན་གསེང་ཞུས་པ་ལྟར། རིན་པོ་མཆོག་ནས་དཔལ་ལྡན་རྒྱ་མཚོ་ལགས་ཀྱིས་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་ཀྱི་དོན་དུ་སྐུ་ངལ་བསྐྱོན་པར་བརྟེན། དམིགས་བསལ་གྱིས་སྐྱིད་སྡུག་ནང་ལེན་རྒྱུའི་ཞལ་བཞེས་གནང་ཡོད་པ་དང་། གྲྭ་ཚང་གི་ཚོགས་འདུ་ལྷན་རྒྱས་ནས་གྲོས་མོལ་བརྒྱུད། ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༧ ཚེས་ ༤ ཉིན་ནས་བཟུང་གྲྭ་ཚང་ནས་ཁོང་ལ་དམིགས་བསལ་བཞུགས་ཤག་དང་། བཞེས་ལག་གྲྭ་ཚང་སྤྱི་མཚུངས་ལྟར་གནང་བ་མ་ཟད། སྨན་ཡོན་དང་། ལམ་གྲོན། སྙུང་གཞི་བཞེས་སྐབས་ཞབས་ཕྱི་བཀོད་སྒྲིག་བྱེད་རྒྱུ་དང་། དེ་བཞིན་རྗེས་ཕྱོགས་སྐུ་ཚེ་མ་བརྟན་ཚེ་གྲྭ་ཚང་རང་ནས་སྐུ་ཕུང་ཞུགས་འབུལ་དང་མཆོད་འབུལ་བསྔོ་སྨོན་སོགས་གནང་རྒྱུའི་ཐག་གཅོད་གནང་ཡོད་འདུག

བོད་ཀྱི་ཆབ་སྲིད་བཙོན་ཟུར་དཔལ་ལྡན་རྒྱ་མཚོ་ལགས་ནི་ཕྱི་ལོ་ ༡༩༣༣ ལོར་གཞིས་ཀ་རྩེའི་པ་སྣམ་ཡུལ་དུ་སྐྱེས་ཤིང་། ཕྱིས་སུ་གདན་ས་ཆེན་མོ་འབྲས་སྤུངས་ཏུ་ཆོས་ཞུགས་གནང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གི་བཙན་འཛུལ་ལ་ཕར་རྒོལ་གྱིས་སེར་དམག་ནང་ཞུགས་སྟབས། རྒྱ་གཞུང་གིས་ལོ་ངོ་ཧྲིལ་པོ་ ༣༣ རིང་བཙོན་ཁང་དུ་བཅུག་སྟེ་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་བཏང་ཡོད་པ་དང་། ཕྱི་ལོ་ ༡༩༩༢ ལོར་བཙོན་འཇུག་དུས་ཡུན་རྫོགས་ནས་བཙོན་གྲོལ་ཐོབ་རྗེས་རྒྱ་གར་ནང་སྐྱབས་བཅོལ་དུ་ཕེབས། བཙན་བྱོལ་ནང་བཞུགས་པའི་རིང་རྒྱལ་སྤྱིའི་ཐོག་བོད་དོན་དྲིལ་བསྒྲགས་དང་། སི་པན་རྒྱལ་སྤྱིའི་ཁྲིམས་ཁང་སོགས་ལ་བོད་ནང་རང་དབང་དང་དམངས་གཙོ་མེད་པའི་དངོས་ཡོད་གནས་སྟངས་ཁྲིམས་གཏུག་ཐེངས་མང་གནང་ཡོད་པ་མ་ཟད། རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་ཏེ་བོད་ལ་རང་དབང་མེད་ཅིང་། བོད་ནང་གི་བོད་མི་རྣམས་མནར་གཅོད་ཀྱི་འོག་ནས་འཚོ་བཞིན་པ་སོགས་ཀྱི་སྐོར་ལ་མེ་ལྕེའི་འོག་གི་བོད་ཅེས་པའི་ཕྱག་དེབ་ཅིག་བོད་རིག་པའི་མཁས་དབང་ཚེ་རིང་ཤཀྱཱ་ལགས་དང་མཉམ་འབྲེལ་ཀྱིས་བརྩམས་གནང་ཡོད་པ་རེད། ད་ལྟའི་ཆར་དཔེ་དེབ་དེ་རྒྱ་ཡིག་དང་། ཧྥ་རན་སི། འཇར་མན་སོགས་སྐད་ཡིག་ ༢༠ ལྷག་གི་ནང་བསྒྱུར་ཚར་ཡོད་པ་དང་། ཕྱི་ལོ་ ༡༩༩༨ ལོར་ཐོབ་ཐང་དང་དམངས་གཙོ་ཞེས་པའི་ཁེ་ན་ཌའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས་ཁོང་ལ་ཇཱོན་ཧམ་ཧྥེ་རི་རང་དབང་གཟེངས་རྟགས་ཞེས་པའང་ཕུལ་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༡/༡༨

Leave a Reply