གནས་གཅིག་ནས་འཕགས་བོད་རིག་གཞུང་འགྲེམས་སྟོན་བྱས་པར་དགོངས་སེལ་ཞུས།

ལྷོ་ཀོ་རི་ཡ་གཙུག་ལག་སློབ་ཆེན་གྱི་རྒྱལ་སྤྱིའི་སློབ་མའི་རིག་གཞུང་འགྲེམས་སྟོན་ཐོག་བོད་རིགས་སློབ་མ་ཚོས་བོད་ཀྱི་རིག་གཞུང་འགྲེམས་སྟོན་གནང་བར་རྒྱ་རིགས་ཚོས་སྐྱོན་འཛུགས་བྱས་ཏེ་དགོངས་སེལ་ཞུས།ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ལྷོ་ཀོ་རི་ཡ་གཙུག་ལག་སློབ་ཆེན་(Korea University)དུ་རྒྱལ་སྤྱིའི་སློབ་མའི་རིག་གཞུང་དུས་སྟོན་ཞིག་ཚོགས་ཡོད་པ་དང་། སྐབས་དེར་ཐའེ་ཝན་དང་ཧོང་ཀོང་། བོད་བཅས་ཀྱི་སློབ་ཕྲུག་ཚོས་སོ་སོའི་རིག་གཞུང་ལོགས་སུ་འགྲེམས་སྟོན་བྱས་ཡོད་པ་མ་ཟད། འགྲེམས་སྟོན་སྐབས་བོད་དང་རྒྱ་གར་གྱིས་སྤྱིལ་བུ་གཅིག་གི་ནང་རྒྱལ་དར་མཉམ་དུ་འཕྱར་བར་བརྟེན། ཕྱི་ཚེས་ ༡༥ ཉིན་ལྷོ་ཀོ་རི་ཡའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ལྷོ་ཀོ་རི་ཡ་གཞུང་དང་ཀོ་རི་ཡ་གཙུག་ལག་སློབ་ཆེན་ལ་སྐྱོན་འཛུགས་བྱས་ཡོད་པ་དང་། དེའི་རྗེས་ལྷོ་ཀོ་རི་ཡ་རྒྱལ་ཡོངས་རྒྱ་རིགས་སློབ་གཉེར་བའི་མཉམ་འབྲེལ་མཐུན་ཚོགས་ཀྱི་འཕྲིན་ཕྲན་ཐོག་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། གཙུག་ལག་སློབ་ཆེན་དེས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྡོག་རོལ་བཏང་ཡོད་པས་དགོངས་སེལ་ཞུ་དགོས་སྐོར་བརྗོད་ཡོད་པ་རེད།

འདི་གའི་གསར་འགོད་པས་མཐོ་སློབ་དེར་སློབ་སྦྱོང་བྱེད་བཞིན་པའི་དུས་སྟོན་ཐོག་གི་བོད་རིགས་སློབ་མ་ཞིག་ལ་དེའི་སྐོར་སྐད་ཆ་འདྲི་སྐབས། སྤྱིར་མཐོ་སློབ་དེར་རྒྱལ་ཁབ་འདྲ་མིན་མང་པོའི་སློབ་མ་ཡོད་པ་རེད་དེ། རྒྱལ་ཁབ་ ༢༥ ཡི་སློབ་མ་མཉམ་ཞུགས་བྱས་ཡོད་པ་རེད་ལ། དེ་ནི་ཆས་གོས་དང་རིག་གཞུང་གི་དུས་སྟོན་ཞིག་ཡིན་པ་ལས་ཆབ་སྲིད་དང་འབྲེལ་བ་ཡོད་པ་མ་རེད། བོད་རིགས་སློབ་ཕྲུག་ཚོས་བོད་ཆས་གྱོན་ཏེ་གཞས་དང་ཞབས་བྲོ་འཁྲབ་པ་དང་། བག་ཚ་མར་ཁུ་དང་འབྲས་སིལ་སོགས་བོད་ཟས་སྣ་ཚོགས་གཡོས་སྦྱོར་གྱིས་འགྲེམས་སྟོན་བྱས་པ་རེད། ད་ལྟ་རྒྱ་ནག་གཞུང་ཚབ་ཁང་དང་སློབ་གྲྭ་གཉིས་བར་སྐད་ཆ་ཞིག་འགྲོ་བཞིན་ཡོད་པ་རེད། ཅེས་བརྗོད་བྱུང་།

ཡང་ལྷོ་ཀོ་རི་ཡར་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་ཆོས་རྒྱལ་སྐྱབས་ལགས་ཀྱིས། གནས་ཚུལ་དེའི་སྐོར་ལྷོ་ཀོ་རི་ཡའི་གསར་ཁང་གིས་སྤེལ་འདུག་ལ། དེའི་ནང་དུ་བོད་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱས་པར་རྒྱ་རིགས་སློབ་ཕྲུག་ཚོ་མ་དགའ་བར་རྣམ་འགྱུར་བསྟན་པ་དང་། རྒྱ་ནག་གཞུང་ཚབ་ཁང་དང་སློབ་ཕྲུག་ཚོས་མཐོ་སློབ་ཀྱི་ངོས་ནས་དགོངས་སེལ་ཞུ་དགོས་སྐོར་བྲིས་འདུག་པ་དང་། དེའི་འོག་ལ་དང་ཐོག་བོད་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་དང་ཕྱིས་སུ་རྒྱ་ནག་གི་བཙན་དབང་འོག་ཤོར་བ་དེ་འདྲ་རེད་ཅེས་བརྙན་ཐུང་ཞིག་བཞག་འདུག་པ་དེ་ཡི་གེ་དང་མཉམ་དུ་འགྲེལ་བཤད་བྱས་འདུག དེར་མཆན་ ༢༠༠ མ་ཟིན་ཙམ་བཀོད་ཡོད་པ་ལས་མང་ཤོས་ཀྱིས་བོད་རང་བཙན་ཡིན་སྐོར་དང་ལ་ལས་རྒྱ་ནག་གིས་ག་རེ་བཤད་པ་དེ་ཀོ་རི་ཡའི་སློབ་གྲྭ་ཞིག་གིས་ཉན་དགོས་ཀྱི་མེད་པ་སོགས་མཆན་འགོད་མཁན་ཕལ་ཆེར་བརྒྱ་ཆའི་ ༡༠༠ ཐམ་པས་བོད་ཕྱོགས་རྒྱབ་སྐྱོར་ཀྱི་རྣམ་པ་འཛིན་གྱི་འདུག གནད་དོན་དེ་དང་འབྲེལ་ནས་ཡུལ་མི་མང་པོ་ཞིག་གིས་བོད་སྐོར་གྱི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱུང་ཡོད་པ་ཞིག་ཀྱང་མངོན་ཡོང་གི་འདུག ཅེས་བརྗོད་བྱུང་།

རྒྱ་རིགས་སློབ་མས་སྤེལ་བའི་ཡོངས་ཁྱབ་གསལ་བསྒྲགས་དེའི་ནང་། བོད་རང་བཙན་གྱི་རྒྱལ་དར་རྒྱ་གར་རྒྱལ་དར་མཉམ་དུ་འདྲ་མཉམ་གྱིས་མི་མང་འཛོམས་སར་བཤམས་པར་གསར་འགྱུར་བརྒྱུད་ལམ་ཁག་ནས་དོ་སྣང་བྱུང་ཡོད་པ་དང་། རྒྱ་མིའི་སེམས་ལ་རྨ་ཁ་བཟོས་པ། དེ་བཞིན་བོད་ཀྱི་རྒྱལ་དར་ནི་རང་བཙན་ལ་ཁ་ཕྱོགས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཚོན་རྟགས་དར་ཆ་ཙམ་ཞིག་ཡིན་ཚུལ་སོགས་ཡོད་པ་རེད།

རིག་གཞུང་དུས་སྟོན་གྱི་ཉིན་དེར་སློབ་ཆེན་དེའི་འབྲེལ་མཐུད་ཚན་པའི་ལས་མི་ཞིག་གིས། བོད་དང་རྒྱ་གར་གཉིས་སྤྱིལ་བུ་གཅིག་གི་ནང་བཞག་པ་དེ་ནི་ས་གནས་དང་སློབ་མའི་གྲངས་འབོར་གཞིར་བཟུང་གིས་བཞག་པ་ལས་རྒྱལ་ཁབ་དང་ཆབ་སྲིད་ཀྱི་གནས་བབ་ལ་བལྟས་ནས་གང་ཡང་མིན། བོད་དང་རྒྱ་གར་ནས་སློབ་མ་མང་པོ་མེད་སྟབས། ཁོང་གཉིས་ལ་སྤྱིལ་བུ་ཁ་ཁ་ཡོད་ཀྱང་གཞི་གཅིག་ལ་བཞག་པ་རེད། ཅེས་དང་། མཐོ་སློབ་ངོས་ནས་དེར་བྱ་རྒྱུ་གང་ཡང་མེད་སྐོར་བརྗོད་ཡོད་ཀྱང་། ཕྱི་ཚེས་ ༡༦ ཉིན་གཙུག་ལག་སློབ་ཆེན་དེའི་རྒྱལ་སྤྱིའི་ཞབས་ཞུ་ལྟེ་གནས་ཁང་གིས། ཐེངས་འདིའི་གནད་དོན་གྱིས་རྒྱ་རིགས་སློབ་མ་ཚོར་གནོད་སྐྱོན་ཕོག་པར་དགོངས་སེལ་ཞུ་རྒྱུ་ཡིན་ལ། བོད་དང་རྒྱ་གར་གྱིས་གནས་གཅིག་ཏུ་རིག་གཞུང་འགྲེམས་སྟོན་བྱས་པ་དེ་ཆབ་སྲིད་ཀྱི་བྱ་འགུལ་གང་ཡང་མིན་པས། གནས་ཚུལ་འདིས་རྒྱ་རིགས་སློབ་གཉེར་བ་ཚོར་གནོད་སྐྱོན་ཐེབས་པ་ཞིག་བསམ་བློའི་ནང་འཁོར་མེད་སྐོར་བརྗོད་འདུག

ཀོ་རི་ཡའི་སློབ་ཆེན་སློབ་མའི་རྒྱལ་སྤྱིའི་རིག་གཞུང་དུས་སྟོན་དེ་ནི་ལོ་རེར་ཐེངས་རེར་འཚོགས་ཀྱི་ཡོད་འདུག་ལ། སྐབས་དེར་ཡུལ་ལུང་སོ་སོའི་སློབ་མ་ཚོས་རང་གི་ཆས་གོས་དང་ཟ་མ། ཐུན་མིན་གྱི་རིག་གཞུང་སྣ་ཚོགས་འགྲེམས་སྟོན་དང་ངོ་སྤྲོད་བྱེད་ཀྱི་ཡོད་འདུག མཐོ་སློབ་དེར་རྒྱལ་ཁབ་འདྲ་མིན་མང་པོའི་སློབ་མ་ཁྱོན་ཁྲི་ ༣ ཙམ་འདུག་ལ་ཐེངས་འདིར་རྒྱལ་ཁབ་ ༢༥ ཡིས་མཉམ་ཞུག་བྱས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༡/༡༧

Leave a Reply