ཆབ་སྲིད་རྙོག་དྲའི་ནང་ལྷུང་བའི་གསེར་གྱི་རྟ་མཆོག

ཐའེ་ཝན་ཉི་དགའ་མེ་ཏོག་གསར་བརྗེ་ལས་འགུལ་སྐོར་གྱི་དངོས་བཤུས་གློག་བརྙན་ལ་འདི་ལོའི་གསེར་གྱི་རྟ་མཆོག་རྟགས་མའི་དངོས་བཤུས་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་ཐོབ།
ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་གྱི་དགོང་མོར་ཐའེ་ཝན་གྱི་རྒྱལ་ས་ཐའེ་པའེ་རུ། ཕྱི་ལོ་ ༢༠༡༨ ལོའི་ཐའེ་ཝན་གསེར་གྱི་རྟ་མཆོག་རྟགས་མའི་གློག་བརྙན་དུས་སྟོན་ཐེངས་ ༥༥ པ་དེ་ཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་བྱ་དགའ་ཐོབ་མཁན་ཚོས་གཏམ་བཤད་གནང་སྐབས། ཐའེ་ཝན་མཚོ་གླིང་གི་རང་བཙན་དང་རྒྱ་ནག་གི་ཐའེ་ཝན་སོགས་ཀྱི་སྐད་ཆ་བྱུང་སྟེ་ཆབ་སྲིད་ཀྱི་རྙོག་ཟིང་ཁྲོད་དུས་སྟོན་མཇུག་བསྡུ་དགོས་བྱུང་ཡོད་འདུག

ད་ལོའི་གསེར་གྱི་རྟ་མཆོག་རྟགས་མའི་དངོས་བཤུས་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་ཐའེ་ཝན་གྱི་བུད་མེད་ཧྥོ་ཡེ(Fu Yue)ལ་ཐོབ་ཡོད་པ་དང་། མོའི་དངོས་བཤུས་གློག་བརྙན་གྱི་མིང་ལ་ཐའེ་ཝན་གྱི་ན་གཞོན་ཚོ་ཞེས་གཏགས་ཡོད་འདུག  གློག་བརྙན་གྱི་ནང་དོན་གཙོ་བོ་ནི་ཕྱི་ལོ་ ༢༠༡༤ ལོའི་ཐའེ་ཝན་ཉི་དགའ་མེ་ཏོག་གི་གསར་བརྗེ་ལས་འགུལ་སྐོར་ཡིན་པ་དང་། གཏམ་བཤད་སྐབས་མོས་ནམ་ཞིག་ཐའེ་ཝན་མཚོ་གླིང་དེ་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་གཙང་མ་བྱུང་རྒྱུ་ནི་མོ་རང་གི་རེ་བ་ཉག་གཅིག་ཡིན་སྐོར་བརྗོད་ཡོད་སྟབས། གཏམ་བཤད་དེ་བྱས་རྗེས་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡོང་བའི་མཉམ་ཞུགས་པ་ཚོས་ངོ་རྒོལ་གྱི་ཚུལ་དུ་ཚོགས་འདུརནཞུགས་ཀྱི་མིན་སྐོར་བརྗོད་དེ་ཐའེ་ཝན་ནས་ཕྱིར་ལོག་བྱས་ཡོད་འདུག

གཞན་ཡང་། ད་ལོའི་གློག་བརྙན་འཁྲབ་སྟོན་གྱི་བྱ་དགའ་ཡག་ཤོས་རྒྱ་ནག་སྐམ་ས་ཆེན་མོའི་གློག་བརྙན་འཁྲབ་སྟོན་པ་ཐུའུ་མན་(Tu Men)ལ་ཐོབ་ཡོད་པ་དང་། ཁོས་གཏམ་བཤད་སྐབས་དེ་རིང་རྒྱ་ནག་ཐའེ་ཝན་དུ་ཁོ་རང་ལ་བྱ་དགའ་དེ་ཐོབ་པར་དགའ་བོ་བྱུང་ལ། རྒྱ་ནག་དང་ཐའེ་ཝན་གཉིས་ནི་ནམ་ཡང་ནང་མི་ཡིན་སྐོར་བརྗོད་དེ་ཕྱོགས་གཉིས་ཀྱི་བར་ཆབ་སྲིད་ཀྱི་ཚིག་བརྗོད་མི་མཐུན་པ་བེད་སྤྱོད་གཏོང་རེས་དང་། རྒྱ་ནག་སྐམ་ས་ཆེན་མོ་ནས་ཡོང་བའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཀོང་ལི་(Gong Li)ཡིས་གར་སྟེགས་སྟེང་ཐེངས་འདིར་གློག་བརྙན་དུས་སྟོན་དེ་ཡག་པོ་བྱུང་མ་ཐུབ་པ་དེ་ཐའེ་ཝན་གྱི་དངོས་བཤུས་གློག་བརྙན་དེར་ཐོབ་པ་ནས་བྱུང་བ་ཡིན་སྐོར་སོགས་བརྗོད་ཡོད་འདུག

ད་ལན་ཆབ་སྲིད་ཀྱི་རྙོག་ཟིང་བསླངས་བ་དེས་ལོ་རྗེས་མའི་གློག་བརྙན་དུས་སྟོན་ཐད་སེམས་འཚབ་ཆེན་པོ་སྐྱེས་བཞིན་ཡོད་པ་དང་། གློག་བརྙན་དུས་སྟོན་གོ་སྒྲིག་ཚོགས་པའི་ངོས་ནས་གནད་དོན་དེའི་ཐད་གང་ཡང་བཤད་མེད་ན་ཡང་། རྟ་མཆོག་བྱ་དགའི་ཚོགས་མི་ཡིན་པའི་རྒྱ་ནག་སྐམ་ས་ཆེན་མོའི་གློག་བརྙན་འཁྲབ་འཁྲིད་པ་གྲགས་ཆེན་ཨན་ལི་(Ang Lee)ཡིས་གློག་བརྙན་དུས་སྟོན་དེ་ལོ་རྗེས་མར་ཚོགས་ཐུབ་མིན་ལ་སེམས་འཚབ་ཆེན་པོ་ཡོད་ལ། གློག་བརྙན་དུས་སྟོན་ཐོག་ཆབ་སྲིད་ཀྱི་རྙོག་ཟིང་འཁུར་མི་ཡོང་རྒྱུ་གལ་ཆེན་པོ་ཡིན་སྐོར་བརྗོད་འདུག

དེ་བཞིན་ཐའེ་ཝན་མཚོ་གླིང་གི་སྲིད་འཛིན་ལྕམ་ཚའེ་ཡེན་ཝིན་(Tsai Ing-wen)གྱིས་གནད་དོན་དེའི་ཐད་སྒེར་གྱི་ངོ་དེབ་སྟེང་།  ཐའེ་ཝན་གྱིས་ནམ་ཡང་རྒྱ་ནག་གི་ཐའེ་ཝན་ཞེས་པའི་ཚིག་དེ་ངོས་ལེན་བྱེད་ཀྱི་མིན་ལ། ཐའེ་ཝན་ནི་རྒྱ་ནག་མ་ཡིན་པར་ཐའེ་ཝན་རྒྱལ་ཁབ་ཅིག་ཡིན་ལ། རྟ་མཆོག་རྟགས་མའི་ཐོག་ནས་ཐའེ་ཝན་ནི་རང་དབང་དང་སྣ་ཚོགས་རང་བཞིན་ཅན་ཞིག་ཡིན་པ་མངོན་ཡོད་པ་དང་། གནད་དོན་དེ་ཡིས་རྒྱ་ནག་དང་ཐའེ་ཝན་གྱི་ཁྱད་པར་དབྱེ་ཐུབ་ཀྱི་ཡོད་པ་མ་ཟད། ཐའེ་ཝན་ནང་དུ་སྒྱུ་རྩལ་ལས་རིགས་ལ་རང་དབང་ཡོད་པ་མངོན་ཡོད་པས་མོ་རང་སྤོབས་པ་ཆེན་པོ་སྐྱེས་ཡོད་སྐོར་བརྗོད་འདུག

བྷི་བྷི་སི་གསར་ཁང་གི་སྤེལ་བའི་གནས་ཚུལ་ནང་། གློག་བརྙན་དུས་སྟོན་དེས་འདས་པའི་དུས་ཚོད་ནང་རྒྱ་སྐད་ཀྱི་ལམ་ནས་འཁྲབ་པའི་གློག་བརྙན་ཡག་ཤོས་མང་པོ་ཞིག་མཉམ་གཅིག་ཏུ་ཚོགས་བཞིན་ཡོད་པ་དང་། ཁོ་ཚོས་ད་ལྟ་བར་མི་མངོན་པའི་ཚུལ་གྱིས་ཆབ་སྲིད་དང་གཡོལ་ཐབས་བྱས་ཡོད་ཀྱང་། ད་ལོར་གཡོལ་ཐུབ་མེད་ལ། ལོ་རྗེས་མའི་གློག་བརྙན་དུས་སྟོན་དེ་ག་འདྲ་ཞིག་བྱུང་མིན་གློག་བརྙན་དུས་སྟོན་དེར་མཉམ་ཞུགས་མཁན་ཚོས་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ད་ལོའི་གསེར་གྱི་རྟ་མཆོག་རྟགས་མའི་གློག་བརྙན་དུས་སྟོན་ཐོག བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་<<ལག་དམར>>ཞེས་པ་དེ་འཁྲབ་འཁྲིད་པ་ཡག་ཤོས་དང་འཁྲབ་གཞུང་སྒྲིག་བཟོ་ཡག་ཤོས་ཀྱི་ངོས་ནས་ཚུད་ཡོད་པ་དང་།  ཕྱི་ལོ་ ༢༠༡༥ ལོར་གློག་བརྙན་ཐར་ལོ་ལ་འཁྲབ་གཞུང་ཡག་ཤོས་ཀྱི་རྟ་མཆོག་བྱ་དགའ་ཐོབ་ཡོད་པ་རེད།

པདྨ་ཚེ་བརྟན་ལགས་ཀྱིས་ཐེངས་འདིའི་དུས་སྟོན་ཐོག་<<ལག་དམར>>ཞེས་པའི་གློག་བརྙན་སྐོར་ལ་གཏམ་བཤད་གནང་སྐབས། གློག་བརྙན་འདི་ཕྱི་ཚུལ་ཙམ་ནས་བལྟས་ན་དགྲ་ཤ་ལེན་པའི་གཏམ་རྒྱུད་ཅིག་དང་འདྲ་ནའང་། དོན་དངོས་སྟེང་བརྗོད་བཞིན་པ་ནི་མི་སྒེར་གྱི་སད་རྟོགས་དང་བློས་གཏོང་ཡིན་ལ། ང་རང་གི་རེ་བ་དང་དམིགས་ཡུལ་དེ་མི་སྒེར་གྱི་རྟོགས་སད་དང་མི་རིགས་ཀྱི་རྟོགས་སད་ཁྱབ་སྤེལ་བྱེད་རྒྱུ་དེ་ཡིན་ཞེས་སོགས་བརྗོད་འདུག

གསེར་གྱི་རྟ་མཆོག་རྟགས་མ་ལོ་རེ་བཞིན་ཕྱི་ཟླ་ ༡༡ དང་ ༡༢ ནང་ཐའེ་ཝན་རྒྱལ་ས་རུ་ཚོགས་བཞིན་ཡོད་པ་དང་། དེ་ནི་ད་བར་ཨེ་ཤ་ཡའི་ནང་ཚོགས་བཞིན་པའི་གློག་བརྙན་དུས་སྟོན་གྱི་བྱ་དགའ་ཆེ་ཤོས་ཤིག་ཆགས་ཡོད་པས། ཨེ་ཤ་ཡའི་ཨོ་སི་ཁཱར་གློག་བརྙན་བྱ་དགའ་ཞེས་ཀྱང་འབོད་ཀྱི་ཡོད་འདུག གློག་བརྙན་དུས་སྟོན་དེའི་ཐོག་དངོས་བཤུས་གློག་བརྙན་རྩེ་གྲས་དང་། འཁྲབ་ཁྲིད་པ་རྩེ་གྲས། འཁྲབ་གཞུང་རྩེ་གྲས། བརྙན་ཕབ་རྩེ་གྲས་སོགས་ཀྱི་བྱ་དགའ་སྤྲོད་བཞིན་ཡོད་པ་དང་། གློག་བརྙན་དུས་སྟོན་དེ་ཕྱི་ལོ་ ༡༩༦༢ ལོར་ཐའེ་ཝན་རྒྱལ་ཡོངས་དྲིལ་བསྒྲགས་ལས་ཁུངས་ཀྱིས་གསར་འཛུགས་བྱས་ཡོད་ན་ཡང་། ཕྱི་ལོ་ ༡༩༩༠ ལོ་ནས་གློག་བརྙན་དུས་སྟོན་དེ་ཐའེ་ཝན་(Motion Picture Development Foundation)མཐུན་འགྱུར་འོག་ཚོགས་ཀྱི་ཡོད་པ་དང་། གློག་བརྙན་དུས་སྟོན་དེའི་དམིགས་ཡུལ་གཙོ་བོ་ནི་གློག་བརྙན་བཟོ་སྐྲུན་པ་དང་གློག་བརྙན་འཁྲབ་འཁྲིད་པ། འཁྲབ་གཞུང་རྩོམ་པ་པོ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་དང་། དུས་སྟོན་དེ་བརྒྱུད་གློག་བརྙན་ཐད་བསམ་ཚུལ་བརྗེ་རེས་དང་སེམས་ཤུགས་སྤར་བ་སོགས་ཀྱི་ཆེད་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༡/༡༩

Leave a Reply