༧གོང་ས་མཆོག་ལ་རྩོམ་རིག་གཙུག་ལག་འབུམ་རམས་པའི་ཕྱག་འཁྱེར་ཕུལ།

མ་འོངས་པར་ཉི་ཧོང་གིས་སྣེ་འཁྲིད་དེ་རྡུལ་ཕྲན་མཚོན་ཆ་རིགས་ཀྱི་ཐོན་རྫས་དང་བཟོ་སྐྲུན་རིགས་མཚམས་བཞག་སྟེ་ཆེས་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐབས་གནང་བར་ཐུགས་རེ་གནང་གི་ཡོད་སྐོར་གསུངས་འདུགཟླ་འདིའི་ཕྱི་ཚེས་ ༡༩ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཉི་ཧོང་གི་གྲོང་ཁྱེར་ཅི་པཱ་(Chiba)ནང་ཡོད་པའི་རཱེ་ཊེ་ཁཱ་(Reitaku University)གཙུག་ལག་སློབ་གཉེར་ཁང་གིས། རྩོམ་རིག་གཙུག་ལག་འབུམ་རམས་པའི་མཚན་གནས་ཕྱག་འཁྱེར་འབུལ་བཞེས་གནང་ཡོད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་གཙོས་མི་གྲངས་ ༡༧༠༠ ལྷག་ལ་དུས་རབས་ ༢༡ པའི་གཞོན་སྐྱེས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་བསྐྱངས་གནང་ཡོད་པ་རེད།

ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་མོ་ཏོ་ཊཱ་ཀཱ་ཧི་རི་ཁེ་(Mototaka Hiroike)ལགས་ཡིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འགྲོ་བ་མིའི་བདེ་སྐྱིད་ཀྱི་གཞི་རྩ་ནང་སེམས་ཀྱི་རིན་ཐང་དང་བྱམས་བརྩེ་གོང་འཕེལ་གཏོང་བར་མཛད་འཁུར་བཞེས་ཏེ། འཛམ་གླིང་ཡོངས་ལ་དར་སྤེལ་གནང་བཞིན་ཡོད་པ་དང་། དེ་བཞིན་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་བར་གོ་རྟོགས་སྤེལ་བར་སྐུ་ལས་སྐྱོན་བཞིན་པ་སོགས་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཅེས་གསུངས་འདུག

དེའི་རྗེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་སློབ་བསྩལ་སྐབས། དེ་རིང་ང་ལ་ཆེད་བསྟོད་ཀྱིས་འབུམ་རམས་པའི་ཕྱག་འཁྱེར་གནང་བར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ངོས་ཀྱིས་ཕྱག་འཁྱེར་དེ་ལེན་ཐུབ་པའི་ལས་ཀ་ཆེན་པོ་ཞིག་བྱེད་ཐུབ་མེད་པ་རེད། གང་ལྟར་དེ་རིང་འདིར་གཞོན་སྐྱེས་ཚོ་དང་ངོས་དང་འདྲ་བའི་མི་རབས་རྒན་པ་མང་པོ་ཞིག་ལ་ཐུག་འཕྲད་བྱེད་ཐུབ་པ་བྱུང་བ་དང་། ང་ཚོས་སུ་ཞིག་སྔོན་ལ་འགྲོ་མིན་མི་ཤེས་ན་ཡང་ཁྱེད་ཚོ་ཚང་མར་ཐུག་འཕྲད་བྱུང་བར་དགའ་བོ་བྱུང་། ངོས་རང་ལ་མཚོན་ན་འགྲོ་བ་མི་དཀྱུས་མ་ཞིག་ཡིན་པ་དང་། ཉིན་རེའི་གསར་འགྱུར་ཁག་ནང་འགྲོ་བ་མིའི་ཕན་ཚུན་གཅིག་གིས་གཅིག་གསོད་རེས་དང་ཉེས་མེད་ཀྱི་བྱིས་པ་མང་པོ་ཞིག་བཀྲེས་ལྟོགས་དང་། སྨན་སོགས་ཀྱི་མཐུན་རྐྱེན་མེད་པར་ཤི་བཞིན་ཡོད་པ་རེད། ཚན་རིག་པས་ང་ཚོ་འགྲོ་བ་མིའི་གཞི་རྩའི་ལྷན་སྐྱེས་དེ་བྱམས་སྙིང་རྗེ་ཡིན་སྐོར་བརྗོད་ཀྱི་ཡོད་པ་དང་། ང་ཚོ་འགྲོ་བ་མི་འདི་སྤྱི་ཚོགས་ཀྱིས་གྲུབ་པའི་སེམས་ཅན་ཞིག་ཡིན་པས་ང་ཚོ་འཚོ་ཐུབ་པར་གཞན་ལ་བརྟེན་དགོས་ཡོད་པ་རེད། དེ་བཞིན་བྱམས་སྙིང་རྗེ་དང་བརྩེ་སེམས་ཀྱིས་ང་ཚོ་མཉམ་དུ་སྡོད་ཐུབ་པ་དང་ཁོང་ཁྲོ་ཡིས་ང་ཚོ་ཁ་ཁར་གཏོང་བཞིན་ཡོད་པ་རེད། ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཡིན་པའི་བསམ་བློ་གཏོང་དགོས་སྐོར་སོགས་གསུངས་འདུག

ཡང་ཉི་ཧོང་གིས་སྣེ་འཁྲིད་ནས་འཛམ་གླིང་འདི་རྡུལ་ཕྲན་མཚོན་ཆ་མེད་པའི་ཞི་བདེ་ཡི་དུས་རབས་ཤིག་ཏུ་བསྐྲུན་ཐབས་དགོས་པའི་སྐོར་ལ་༧མགོན་པོ་གང་ཉིད་ཀྱིས། ང་ཚོར་དུས་རབས་འདི་ཞི་བདེ་དང་འཚེ་བ་མེད་པའི་དུས་རབས་ཤིག་ཏུ་བསྐྲུན་པའི་གོ་སྐབས་ཡོད་པ་རེད། དཀའ་ངལ་མང་པོ་ཞིག་ལངས་ཡོང་སྐབས་དྲག་སྤྱོད་ལམ་ནས་མ་ཡིན་པར་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱ་དགོས་པ་དང་། ངའི་རེ་བར་མ་འོངས་པར་ཉི་ཧོང་གིས་སྣེ་འཁྲིད་འོག་འཛམ་གླིང་འདི་རྡུལ་ཕྲན་མཚོན་ཆ་མེད་པ་ཞིག་བཟོ་བར་མཐར་ཐུག་གི་དམིགས་ཡུལ་བཅངས་དགོས་པ་དང་། དམག་འཁྲུག་གི་དོན་ནི་གསོད་རྒྱུ་དེ་རེད། དྲག་སྤྱོད་ཀྱིས་དྲག་སྤྱོད་སྤེལ་བཞིན་ཡོད་པས་ང་ཚོས་རྡུལ་ཕྲན་མཚོན་ཆ་རིགས་ཀྱི་ཐོན་རྫས་དང་བཟོ་སྐྲུན་རིགས་མཚམས་བཞག་སྟེ་ཆེས་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུ་ཧ་ཅང་གལ་ཆེན་རེད། ཅེས་གསུངས་འདུགཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་དོན་དང་བོད་པ་ཚོའི་ཆེད་དུ་ཕྱག་ལས་གནང་རྒྱུའི་འགན་ཡོད་པ་རེད། ཡིན་ན་ཡང་། ཕྱི་ལོ ༢༠༡༡ ལོར་མི་མང་གིས་འོས་འདེམ་བྱས་པའི་མགོ་འཁྲིད་སླེབས་པ་ནས་བཟུང་ངོས་ཀྱིས་ཆབ་སྲིད་ཀྱི་འགན་དབང་ནས་དགོངས་པ་ཞུས་པ་ཡིན། ངས་ག་དུས་ཐུབ་པ་བྱུང་ན་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཐད་སྐད་ཆ་བཤད་བཞིན་ཡོད་ལ། བོད་ནི་འཛམ་གླིང་གི་སྣེ་གསུམ་པ་ཡིན་པ་མ་ཟད་ཨེ་ཤ་ཡའི་གཙང་བོ་མང་པོ་ཞིག་གི་འབྱུང་ཁུངས་ཆགས་ཀྱི་ཡོད་པ་རེད། དེ་བཞིན་ངོས་ཀྱི་དམིགས་ཡུལ་གཙོ་བོ་དེ་བོད་བརྒྱུད་ནང་བསྟན་རྒྱུན་འཛིན་དང་གོང་འཕེལ་གཏོང་རྒྱུ་དེ་ཡིན་པ་དང་། བོད་པ་ཚོས་ད་ལྟ་བར་ནང་བསྟན་ཆོས་ལུགས་ཀྱི་ལྟ་གྲུབ་དང་སེམས་ཀྱི་རྣམ་གཞག་ཁག་ཉར་ཚགས་བྱས་ཡོད་པ་རེད། དེ་བཞིན་དུས་ཚོད་འདིར་བོད་ཀྱི་སྐད་ཡིག་གིས་ལྟ་གྲུབ་དེ་བཤད་པར་འོས་འཚམ་དང་འཐུས་ཚང་ཡོད་པ་དང། འདས་པའི་ལོ་ངོ་ ༤༠ ལྷག་རིང་ང་ཚོས་དེང་རབས་ཚན་རིག་དང་བགྲོ་གླེང་གི་ལམ་ནས་ཕན་ཚུན་སྤེལ་རེས་བྱས་པ་ཡིན། ཞེས་སོགས་གསུངས་འདུག

མཛད་འཆར་ལྟར་ན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཉི་ཧོང་ནང་གི་མཛད་འཆར་ཁག་གྲུབ་རྗེས་ཕྱི་ཚེས་ ༢༥ ཉིན་བཞུགས་སྒར་དུ་ཕྱིར་ཕེབས་འཆར་ཡོད་པ་དང་། ཕྱི་ཟླ་ ༡༢ ཚེས་༣ ནས་ ༥ བར་ཨུ་ཏར་མངའ་སྡེའི་སཱན་ཁེ་སཱ་རུ་(Sankisa, Uttar Pradesh)ནང་པའི་གཞོན་ནུའི་ཚོགས་པ་(Youth Buddhist Society )ཡིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ། ཕྱི་ཚེས་ ༢༤ ནས་ ༢༦ ཉིན་གསུམ་རིང་གནས་མཆོག་རྡོ་རྗེ་གདན་དུ་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་སྩལ་གནང་རྒྱུ་ཡིན་པ་དང་། དེ་བཞིན་ཕྱི་ཚེས་ ༢༨ ནས་ ༣༡ ཉིན་བར་གནས་མཆོག་རྡོ་རྗེ་གདན་དུ་སླར་ཡང་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང་། དེ་བཞིན་ཕྱི་ལོ་ ༢༠༡༥ ལོར་གདན་ས་བཀྲ་ཤིས་ལྷུན་པོ་རུ་གནང་བའི་ཚད་མ་རྣམ་འགྲེལ་གྱི་བཀའ་ཁྲིད་(མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་མཆན་འགྲེལ་བཏབ་པའི་རྣམ་རྩ་)འཕྲོ་སྐྱོང་མཛད་རྒྱུ།  ཚེས་ ༣༡ ཉིན་གྱི་སྔ་དྲོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༡/༢༠

Leave a Reply

One thought on “༧གོང་ས་མཆོག་ལ་རྩོམ་རིག་གཙུག་ལག་འབུམ་རམས་པའི་ཕྱག་འཁྱེར་ཕུལ།