ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་གློ་བུར་དུ་སྐུ་གཤེགས།

སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༧སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་བལ་ཡུལ་ཡང་ལེ་ཤོད་ནས་གློ་བུར་དུ་སྐུ་གཤེགས་པར་བོད་མིའི་སྒྲིག་འཛུགས་ནས་མཆོད་འབུལ་སྨོན་ལམ་ཞུས། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡།༣༠ ཡས་མས་སུ་དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༧སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་བལ་ཡུལ་ཀྱི་ཡང་ལེ་ཤོད་དུ་གློ་བུར་སྐུ་གཤེགས་ཡོད་པ་དང་། ཟླ་འདིའི་བོད་ཚེས་ ༢༠ དང་ཕྱི་ཚེས་ ༢༧ ཉིན་དད་ལྡན་སེར་སྐྱ་མི་མང་ལ་སྐུ་གདུང་མཇལ་ཁ་གནང་རྒྱུ་ཡིན་འདུག

དེ་རིང་ཞོགས་པར་རིན་པོ་ཆེ་མཆོག་གི་འདས་མཆོད་གོ་སྒྲིག་ཚོགས་ཆུང་དང་སྔ་འགྱུར་ཀཿཐོག་ཨ་འཛོམ་འོད་གསལ་མདོ་སྔགས་ཆོས་འཁོར་གླིང་། སྔ་འགྱུར་ཀཿཐོག་གཞི་ཆེན་བཻ་རོ་གླིང་དགོན་པ། མགོ་ལོག་ཐེབས་རྩ་ཁང་། སྐལ་བཟང་རྡོ་རྗེ་ནང་མི་བཅས་ཐུན་མོང་ནས་༧སྐྱབས་རྗེ་རིན་པོ་ཆེ་མཆོག་གློ་བུར་དུ་སྐུ་གཤེགས་པའི་སྐོར་རྒྱལ་ཕྱི་ནང་གི་དད་ལྡན་རྣམས་ལ་ཡོངས་བསྒྲགས་གསལ་བསྒྲགས་ཤིག་སྤེལ་གནང་བའི་ནང་། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་བཀོད་ཁྱབ་འོག་བཞུགས་སྒར་དུ་ཆོས་ཚོགས་ཐེངས་བཅུ་གསུམ་པ་བསྐྱང་གཏན་འཁེལ་བ་ལྟར་བོད་རབ་བྱུང་བཅུ་བདུན་པའི་ས་ཁྱི་སྨིན་དྲུག་ཟླ་བའི་དཀར་ཕྱོགས་དགའ་བ་གསུམ་པ་སྟེ། སྤྱི་ལོ་ ༢༠༡༨ ལོའི་བོད་ཟླ་བཅུ་པའི་བོད་ཚེས་ ༡༠ ཕྱི་མའི་ཉིན་རིན་པོ་ཆེ་མཆོག་ཆིབས་བསྒྱུར་གནང་དགོས་ངེས་པ་ལ་གྲ་སྒྲིག་གང་འཚམས་གནང་བ་དང་། ལམ་བར་ནས་ཀཿཐོག་ཨ་འཛོམ་དགོན་དང་ཀཿཐོག་གཞི་ཆེན་བཻ་རོ་གླིང་དགོན་པ་གཉིས་ལ་ཉིན་འགར་བཞུགས་འཆར་ཞལ་བཞེས་གནང་ཡོད་ཀྱང་། ཉིན་དེའི་ནུབ་མོར་ཁོང་གི་དངོས་སློབ་དད་པ་དམ་ཚིག་གཙང་ཞིང་ཐུགས་གཙིགས་ཤིན་ཏུ་ཆེ་བའི་ཞབས་ཏོག་པ་རི་ཁྲོད་པ་བླ་མ་གོང་འཕེལ་དང་། རི་ཁྲོད་པ་བླ་མ་གུ་རུ་གཉིས་ལ་ཁོང་གིས་དངོས་སུ་གསུངས་པ་འདིར་མདོར་བསྡུས་ཙམ་ཞིག་ཞུས་ན། མི་རྟག་པའི་གཏམ་དང་འབྲེལ་ནས་༼སང་ཉིན་ང་ཤི་འདུག་ཡོད་ན་གུ་རུ་ཁྱེད་གཉིས་ཀས་ཤིང་ཨེ་རག་མི་ཤེས་སྣུམ་ཉོས་ནས་ཕ་གའི་རིའི་སྒང་དུ་མེ་བསྲེག་གཏོང་དགོས༽ཞེས་དང་། ཚེས་ ༡༡ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༡།༣༠ ཡས་མས་སུ་ཞབས་ཏོག་པ་བླ་མ་གོང་འཕེལ་དང་མཉམ་དུ་རིན་པོ་ཆེའི་ཐུགས་དགོངས་ནང་བཞིན་རྐང་ལམ་བརྒྱུད་ཞབས་ཐང་ཕེབས་སྐབས་སུ། གློ་བུར་དུ་ལམ་འཕྲང་མི་བདེ་སར་ཕེབས་པ་ན་ཁོང་གི་ཞབས་ཏོག་པ་གོང་འཕེལ་གྱིས་རིན་པོ་ཆེ་འདི་ནས་མ་ཕེབས་མ་གཏོགས་ལམ་ཁ་མི་འདུག་ཅེས་ཞུས་ཚེ། ༼ཁྱོད་ནི་སྙིང་རྗེ་སྡུག་ལྡན་གྱི་ཕུང་པོ་འདི་ལ་ཅི་འདྲའི་ཞེན་ཆགས་ཆེན་པོ་ཞིག་རེད་འདུག་ཨ༽ཞེས་སོགས་གསུང་བཞིན་ཤར་རྒྱག་ཕེབས་མཚམས། ཆུ་ཚོད་ ༡༡།༣༠ ཡས་མས་སུ་ཕེབས་ལམ་ནས་ཞབས་སྣེ་འདྲེད་པའི་རྐྱེན་བྱས་ཏེ་གློ་བུར་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་སོང་བ་ལགས་ན། ཞིང་གཤེགས་དམ་པ་ཁོང་གི་ས་ལམ་གྱི་མངོན་རྟོགས་ལ་ཉེ་ཞོ་གང་ཡང་མེད་ཕྱིར་དང་། འབྲེལ་ཐོགས་ཀུན་ལ་སྐྱབས་འཇུག་ཡང་ཡང་ཞུ་རྒྱུ་དང་། ལྷག་པར་དུ་༧སྐྱབས་རྗེ་ཀཿཐོག་རྨོག་སྤྲུལ་རིན་པོ་ཆེ་མཆོག་གི་ཞལ་བཀོད་ལྟར་བལ་ཡུལ་སྔ་འགྱུར་ཀཿཐོག་ཨ་འཛོམ་དགོན་འདུས་སྤྱི་དང་། བལ་ཡུལ་ཀཿཐོག་གཞི་ཆེན་བཻ་རོ་གླིང་དགོན་འདུས་སྤྱི་གཉིས་ཀྱིས་གཙོ་འགན་བཞེས་ཏེ་འདས་མཆོད་གོ་སྒྲིག་ཚོགས་ཆུང་དང་། མགོ་ལོག་ཐེབས་རྩ་ཁང་། སྐལ་བཟང་རྡོ་རྗེ་ནང་མི་བཅས་ལྷན་འཛོམས་ཐོག་འབྲེལ་ཡོད་ཐུན་མོང་ནས་དམིགས་བསལ་ཙམ་མ་གཏོགས་སྤྱིར་བཏང་ཞག་གསུམ་རིང་གསང་རྒྱ་དམ་པོ་བྱེད་རྒྱུ་བཅས་དགོངས་རྫོགས་འགྲོ་དང་འགྲོ་མུས་སུ་མཆིས། ཞེས་བཀོད་འདུག

དེ་རིང་ཉིན་གུང་ཆུ་ཚོད་ ༡༢།༠༠ སྟེང་བོད་མིའི་སྒྲིག་འཛུགས་ནས་༧སྐྱབས་རྗེ་ཞིང་གཤེགས་དམ་པ་ཁོང་གི་ཆེད་དུ་མཆོད་འབུལ་སྨོན་ལམ་ཞིག་ཚོགས་སོང་བ་དང་། སྐབས་དེར་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་སྟབས་མ་ལེགས་པར་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པའི་གནས་ཚུལ་ཐོན་པ་ལྟར། བློ་ཕམ་དང་ཡིད་སྐྱོའི་གནས་ཚུལ་འདི་ལྟ་བུ་ཞིག་བྱུང་བར་བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པའི་ཚབ་བྱས་ཏེ་མྱ་ངན་གུས་འདུན་ཞུ་རྒྱུ་དང་། དེ་བཞིན་རིན་པོ་ཆེ་མཆོག་གི་བླ་བྲང་གི་ཞབས་གཉེར་བ་རྣམ་པ་དང་བོད་ཕྱི་ནང་གཉིས་སུ་ཡོད་པའི་ཁོང་གི་དངོས་སློབ་རྣམ་པ། སྔ་འགྱུར་རྙིང་མའི་འདུས་སྡེ་བླ་གྲྭ་སྔགས་གསུམ་ཡོངས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྙིང་ཐག་པ་ནས་ཐུགས་གསོ་གཏིང་ཟབ་ཞུ་ཡི་ཡོད། ཅེས་གསུངས་སོང་།
མཇུག་ཏུ་བཀའ་བློན་མཆོག་གིས་༧སྐྱབས་རྗེ་དགེ་རྩེ་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པ་དེ་བོད་ཀྱི་བསྟན་དང་འགྲོ་བའི་གོད་ཆག་ཆེན་པོ་ཞིག་ཆགས་བསྡད་ཡོད་དུས། ང་ཚོ་ཚང་མས་མྱ་ངན་དང་བློ་ཕམ་གནང་དགོས་པ་ཞིག་ཆགས་ཡོད་པ་རེད། བསྟན་འཛིན་སྐྱེས་ཆེན་ཁོང་ལྟ་བུ་ཞིག་གི་མཛད་པ་ག་འདྲ་ཞིག་ཡིན་ནའང་བསྟན་པ་དང་འགྲོ་བའི་དོན་དུ་མ་སྨིན་པ་དང་དགོས་པ་མེད་པ་ཞིག་ཡོང་མ་སྲིད་པ་ཞིག་ཡིན་དུས། ཁོང་དགོངས་པ་རྫོགས་པ་དེར་དགོས་པ་ངེས་ཅན་ཞིག་ཡོད་ངེས་པས། ཚང་མས་༧སྐྱབས་རྗེ་དམ་པ་ཁོང་གི་ཐུགས་དགོངས་ཟབ་མོ་དེ་དག་ཡོངས་སུ་རྫོགས་པ་དང་སླར་ཡང་བསྟན་འགྲོའི་དོན་དུ་ཡང་སྤྲུལ་འཁྲུལ་བྲལ་མྱུར་དུ་བྱོན་པའི་ཐུགས་སྨོན་སྐྱབས་འཇུག་ཟབ་མོ་གནང་རོགས་ཞུ། ཅེས་གསུངས་སོང་།

ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་ནི་ཕྱི་ལོ་ ༡༩༥༤ ལོར་མགོ་ལོག་རྡོ་ཡུལ་མཁར་ནང་གོང་མའི་ལྷ་ཁང་སུམ་མདོ་རུ་ཡབ་བློ་ལྡན་ཕུན་ཚོགས་དང་། ཡུམ་ཆོས་འཕགས་སྒྲོལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེ་མཆོག་དང་། རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག ཀརྨ་པ་རིག་པའི་རྡོ་རྗེ་མཆོག་སོགས་ནས་ངོས་འཛིན་གནང་བ་བཞིན་ཤར་རྒྱལ་བ་ཀཿཐོག་དགོན་དུ་ཕྱི་ལོ་ ༡༩༨༠ ལོར་ཁྲི་འདོན་མཛད་སྒོ་མཛད་དེ། སྤྲུལ་སྐུ་ཉི་ཟླ་མཆོག་དང་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག ཀཿཐོག་མཁན་རྒན་རྒྱལ་མཚན་ནོར་བུ་མཆོག རྨོག་ཚ་རིན་པོ་ཆེ། ཨ་འཛོམ་འབྲུག་པ་སོགས་ཀྱི་མདུན་ནས་དབང་ལུང་གིས་ཐུགས་རྒྱུད་ཡོངས་སུ་འགང་བར་མཛད།

ཕྱི་ལོ་ ༡༩༩༧ ལོར་འཕགས་ཡུལ་དུ་ཕེབས་འབྱོར་རྗེས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་དང་། ༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ། ༧སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་སོགས་སྐྱེས་ཆེན་དུ་མའི་མདུན་ནས་དབང་ལུང་གདམས་ངག་མང་པོ་ཞུས་པ་དང་། ནང་པའི་གནས་ཆེན་ཁག་ཏུ་སྐུ་མཚམས་ལ་བཞུགས་གནང་བ་དང་། དད་ལྡན་དོན་གཉེར་ཅན་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་འཛམ་གླིངཤར་ནུབ་ཀྱི་ཡུལ་གྲུ་མང་པོའི་ནང་ཕེབས་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ཡོད་པ་དང་། འདི་ལོའི་ཕྱི་ཟླ་དང་པོའི་ནང་གནས་མཆོག་རྡོ་རྗེ་གདན་དུ་ཚོགས་པའི་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༢༩ པའི་ཐོག ༧སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་༸དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པའི་མཚན་གནས་ཞལ་བཞེས་ལེགས་ཐོབ་མཛད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༡/༢༢

Leave a Reply