སེམས་གཏིང་གི་འཚམས་ཕྲིན།

རྫ་ཚེ་རིང་བཀྲ་ཤིས།

བླ་མ་ལ་ཕྱག་འཚལ་ལོ། །བརྩེ་བའི་སྤུན་ཟླ་དགེ་རྩེ་སྐལ་བཟང་རྡོ་རྗེ་དང་། དགེ་རྩེ་རྒྱ་མཚོ་ཁྱེད་ཀྱི་ནང་མི་རྣམ་པ།

ད་ཐེངས་རང་རེ་དཔལ་ངེས་གསང་སྔ་འགྱུར་རྙིང་མའི་དབུ་འཛིན་༧སྐྱབས་རྗེ་དགེ་རྩེ་རིན་པོ་ཆེ་ཟླ་འདིའི་བོད་ཚེས་༡༡ ཉིན་གློ་བུར་སྐུ་གཤེགས་པའི་རྐྱེན་ཆག་འདི་སྤྱིར་གསང་སྔགས་སྔ་འགྱུར་བའི་བསྟན་པའི་གོད་ཆག་ཡིན་པ་ཙམ་མ་ཟད། ཁྱད་པར་དུ་ཁྱེད་བུ་སྤུན་ནང་མི་ཚོའི་ངོས་ནས་ཀྱང་སེམས་ལ་དཀའ་ངལ་དང་གདུང་བ་ཆེན་པོ་དམིགས་བསལ་ཞིག་གིས་ནོན་བཞིན་ཡོད་པ་ངས་ཚོར་ཐུབ་ཀྱི་འདུག ཁར་རྩང་གནས་ཚུལ་རགས་རིམ་ཙམ་གོ་བྱུང་ལ། དེ་རིང་ཁྱེད་ཀྱི་རྒྱབ་ལྗོངས་སུ་བཞག་པའི་གཞུང་ཕྱོགས་གསལ་བསྒྲགས་ལས་ཡོངས་སུ་གསལ་པོ་ཆགས་སོང་།

ངས་དེ་རིང་སྤྱིར་བཏང་གི་རང་ཉིད་སྔ་འགྱུར་བསྟན་པའི་ལྷག་ཞབས་སུ་སྐྱེས་པ་ཞིག་གི་ངོས་ནས་སྔ་འགྱུར་རྙིང་མའི་དབུ་འཛིན་སྐུ་གཤེགས་པར་འཆར་ཅན་གྱི་མྱ་ངན་ཞུ་ཚིག་འབྲི་བ་ཙམ་མིན་པར། གཙོ་བོ་ཁྱེད་ཅག་ནང་མི་དང་འབྲེལ་བའི་ཐོག་ནས་འཚམ་འདྲིའི་ཡིག་ཆུང་འདི་འབྲི་རྒྱུ་ཡིན།
ང་ལ་མཚོན་ན་དོན་དག་འདི་དང་འབྲེལ་བའི་ཐོག་ནས་བསམ་ན་ཁྱེད་ཚོ་ནི་ཧ་ཅང་གལ་ཆེན་པོ་ཡིན། དེ་དང་ཆབས་གཅིག་༧སྐྱབས་རྗེ་མཆོག་གི་གསང་གསུམ་གྱི་རྣམ་ཐར་ལ་རྗེས་སུ་དྲན་པའི་ཡིད་གདུང་གི་མྱ་ངན་གུས་འདུད་ཞུ་རྒྱུ་ཡིན་པ་ནི་སྨྲོས་ག་ལ་དགོས།

ལར་༧སྐྱབས་རྗེ་མཆོག་དང་གུས་པ་ནི་ཁྱེད་ཀྱིས་གསུངས་ན་ཤ་རུས་ཀྱི་འབྲེལ་བའི་གཉེན་ཚན་ཞིག་ཏུ་གཏོགས་པ་ཙམ་ཡོད་སྲིད་འདུག་མོད། དེའི་ཆ་ནས་ངས་ཁོང་ལ་ཉེ་ངོ་ཤག་ངོ་སྤྲོད་པ་སོགས་ཚིག་ཟུར་ཙམ་ཡང་ཞུ་མ་མྱོང་། འོན་ཀྱང་༧སྐྱབས་རྗེ་མཆོག་དང་གུས་པ་གཉིས་ནི་སྤྱི་ལོ་ཉིས་སྟོང་བཅུའི་ལོར་རྒྱ་གར་བྱང་ཕྱོགས་ཀྱི་ལ་དྭགས་དང་ཁད་ཉེ་བའི་མངའ་རིས་སྐོར་གསུམ་གྱི་བྱེ་བྲག་སྤི་ཏི་རུ་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་དྲུང་དུ་ཟླ་ངོ་ཧྲིལ་པོ་གཅིག་ལྷག་ལ་བདུད་འཇོམས་གཏེར་གསར་གྱི་དབང་ལུང་ཁྲིད་གསུམ་ཞུས་ནས་མཉམ་དུ་བསྡད་པའི་ཆོས་གྲོགས་ཡིན། སྐབས་དེར་ཁོང་གི་གཟིམ་ཤག་ཀྱང་ང་ཚོའི་སྡོད་གནས་ཀྱི་ཡང་ཐོག་ཏུ་ཡོད་སྟབས་སྐབས་མང་པོ་ཞིག་ལ་སྤྱིར་བཏང་གི་བཀའ་མོལ་ཞུས་མྱོང་ཡོད། ཁོང་ནི་ཧ་ཅང་འདོད་ཆུང་ཆོག་ཤེས་ངང་ཆོས་ཉམས་ལེན་གནང་ནས་བཞུགས་མཁན་ཞིག་དང་། ཕ་ཡུལ་གྱི་ལྟ་བ་ཅུང་འཁྲེགས་པོ་ཡོད་པ། བཀའ་མོལ་ཁ་རུ་ཁ་ཐུག་གསུང་མཁན། ལྷག་བསམ་རྣམ་དག་གནང་མཁན་ཞིག་འདུག་སྙམ་པའི་བག་ཆགས་ཤིག་བཞག་བྱུང་། ཉི་མ་གཅིག་ང་ཆེད་དུ་ཁོང་གི་གཟིམ་ཆུང་དུ་གཅར་སྐབས་ཁོང་གིས་ཆོས་དབྱིངས་མཛོད་ཅིག་གསུང་གིན་འདུག་ལ། དེ་ནི་ཁོང་གི་ཞལ་འདོན་རེད་འདུག ཤོག་སྣེ་ཚང་མ་ནག་པོ་ཆགས་ཆགས་བར་དུ་གསུང་འདུག་པས་ཕ་ཡུལ་གྱི་བན་རྒན་ཞིག་གི་ཁ་འདོན་ཡི་གེ་འདྲ་པོ་ཞིག་འདུག ཁོང་གིས་སྐབས་དེར་ང་ལ། གསར་སྐྱེས་བླ་ཆེན་ཞིག་གི་ནང་ནས་བཀའ་ཆོས་ཞུ་འདོད་ཆེས་ཆེར་ཡོད་ས་དེ་རྫོང་སར་མཁྱེན་བརྩེ་ཡིན་གསུངས་བྱུང་།
ཁོང་དུས་རྒྱུན་ཡང་༧གོང་ས་མཆོག་ལ་དབུ་འོག་དཔུང་འདེགས་ཀྱིས་དད་དམ་ལ་ངོས་ལྐོག་རྒྱབ་མདུན་མེད་པ་གནང་མཁན་ཞིག་དང་། ༧གོང་ས་མཆོག་གིས་ཀྱང་ཐུགས་གཙིགས་ཧ་ཅང་ཆེན་པོ་གནང་ས་ཞིག་རེད། ལོ་སྔ་མ་ནས་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པའི་ཁྲིར་ཕེབས་རྗེས་ལྷག་པར་དུ་ཡང་རྒྱལ་ཕྱི་ནང་ཀུན་ཏུ་མཛད་པ་ཆེས་ཆེར་བསྐྱངས་འདུག་ན་ཡང་། ཁོང་སྐུ་སྒེར་གྱི་འཚོ་བ་ནི་ཧ་ཅང་སྟབས་བདེ་དང་དཀྱུས་མ་ཞིག་རེད་ཅེས་གོ །
ཐེངས་འདིར་དགོས་པ་རྒྱུ་མཚན་གང་ཡིན་ནི་སངས་རྒྱས་ཀྱི་དགོངས་པ་ཐེའུ་བྲང་གི་སྤར་ཚད་ཀྱིས་གཞལ་མི་ནུས་ན་ཡང་། ཕྱི་མཐའ་གཟིགས་པའི་གསུངས་དང་བཅས་ཅུང་རྒྱུན་ལྡན་མིན་པའི་མཛད་པས་སྐུ་བསྡུ་བའི་ཚུལ་བསྟན་པ་ནི་ཐ་མལ་བ་རང་རེའི་བློ་ལ་ཤིན་ཏུ་གློ་བུར་བ་ཞིག་ཏུ་གྱུར་ཀྱང་བྱ་ཐབས་བྲལ།

ལར་སྐྱེས་བུ་དམ་པ་སྐུ་གཤེགས་པ་ཡང་ངེས་པར་དུ་མལ་གྱི་ནང་ནས་དཀྱིལ་དཀྲུང་རང་བཅས་ནས་གཤེགས་དགོས་པ་ཞིག་ནི་མིན་འདུག་སྟེ། རྫོགས་པ་ཆེན་པོའི་གཞུང་དུ་རྣལ་འབྱོར་བ་རིགས་གཅིག་གིས་ཆེད་དུ་འདས་རྗེས་དང་འབྲེལ་བའི་གྲགས་འདོད་དང་ཞེན་པ་ལྡོག་པའི་ཆེད་དུ་ཤིན་ཏུ་ལྟོས་མེད་ཀྱི་མཛད་པ་གད་ཁུང་དུ་ཁྱི་ཤི་བ་ལྟ་བུའི་སྤྱོད་ཚུལ་འཛིན་རྒྱུ་ཡིན་ཚུལ་གསལ་ཞིང་རྒྱས་པར་གསུངས་ཡོད་པས་ཀྱང་ང་ཚོས་ཁོང་འདས་སྟངས་ཀྱི་ཆེད་དུ་དམིགས་བསལ་སེམས་ཁུར་གཏན་ནས་མི་དགོས་པ་ཞིག་ཡིན། དེ་ཡང་སེམས་ལ་འཇོག་པར་ཞུ།

དེ་ཡང་ཁྱེད་བུ་སྤུན་རྣམས་ནི་རུས་ཞེན་ཆེ་བ་དང་། ཕན་ཚུན་ཤ་ཉེ་བུ་སྤུན་དང་ཉེ་འབྲེལ་གྲོགས་པོ་སོགས་ཀྱི་ལར་ཞེན་དང་དམ་ཚིག་གི་ཐད་ལ་སྔོན་གྱི་གནའ་མི་དག་གི་གཤིས་ཀ་ལྟ་བུ་ཁུར་མཁན་གྱི་གླེན་པ་ཞིག་ཡིན་པ་དེར་ང་ལ་ཆ་རྒྱུས་ཡོད་སྟབས། ཁྱེད་ཅག་གི་ཆེད་དུ་ད་ཐེངས་ང་རང་ལ་ཡང་དེའི་ཐད་སེམས་ཁུར་ལྷག་མ་ཞིག་བྱུང་། ང་ཚོ་དང་པོ་ཐུག་ས་དེ་ལོ་བཅུ་ལྷག་གི་སྔོན་དེར་འཕགས་ཡུལ་ཅོན་ཏ་རའི་རྫོང་སར་བཤད་གྲྭའི་དགོན་མཐའ་ནས་རེད། དེ་དུས་ཁྱེད་བུ་སྤུན་དག་གི་གནས་སྟངས་ནི་ཉིན་རེའི་འཚོ་བ་འགྲོ་ཐུབ་ལ་མི་ཐུབ་ཙམ་ཡིན་ན་ཡང་། ང་ཐའེ་ཝན་ལ་སློབ་སྦྱོང་དུ་འགྲོ་རྒྱུར་ཉེ་སྐབས་ཤིག་ལ། ཁྱོད་རང་ཕྱི་རྒྱལ་སོགས་ལ་འགྲོ་རྒྱུར་སྒོར་མོའི་དགོས་མཁོ་ཡོད་ན་ང་ལ་ཧིན་སྒོར་འབུམ་གཅིག་ཡོད། དེ་ཁུར་ནས་རྒྱུག །ཅེས་ཟེར་མྱོང་། ངས་སྒོར་མོ་དེ་ཚོ་ཞུ་དགོས་མ་བྱུང་ན་ཡང་། ཁྱེད་རང་གི་འཕྲལ་ཐག་ཆོད་པོས་སྤུན་གྲོགས་ཀྱི་ལ་རྒྱ་ཁུར་སྟངས་དེར་སེམས་ལ་འཇགས་པོ་ཞིག་བྱུང་། རང་གིས་ཡིད་ཆེས་བྱ་སའི་མིའི་ཆེད་དུ་གང་ཡང་ཐུབ་པའི་གཤིས་ཀ་འདི་ཕ་ཡུལ་གྱི་རིག་གཞུང་རྙིང་པ་ཞིག་དང་། མང་པོ་ཞིག་གིས་དོར་ཟིན་པའི་ཅ་ལག་རྙིང་པ་ཡིན་སྐད་འདུག་སྟེ། ང་ཡང་སེམས་ཁམས་འདིར་དགའ་འདུན་ཆེན་པོ་ཡོད། དགོངས་དག ད་དོན་དག་ཡོད་ལ་མེད་མང་པོ་མི་ཞུ།

སྐད་ཆའི་གཞུང་ལ་བབ་ན། རང་རེའི་མི་ཚེ་འདི་ཡང་སྐྱིད་སྡུག་དཔྱིད་ཀའི་གནམ་ངོ་ལྟ་བུ་ཞིག་བརྒྱུད་ནས་ཡོང་བ་ཁོ་ན་ཡིན་སྟབས་གནས་ཚུལ་ག་འདྲ་ཞིག་ཡིན་ཡང་བསམ་བློ་རྦད་དེ་མི་ཐོངས་པ་དང་། གདོང་ལེན་གཏན་ནས་མི་ཐུབ་པའི་གནས་སྟངས་ཤིག་ནི་ཡོང་གི་མ་རེད། འདས་བྱས་ཀྱི་ཆོས་ཉིད་ནི་ཧ་ཅང་ཡ་ཡུད་ཆེ་བའི་ཟློས་གར་ཞིག་ཡིན་པ་འདིར་ཆོས་ཕྱོགས་ཀྱི་བློ་སྦྱོང་གི་ངོས་ནས་ཀྱང་ང་ཚོས་སེམས་གསོ་གང་ཐུབ་བྱ་བའི་འོས་སུ་ཆེ་བ་ཡིན། ད་ལྟ་དེ་ལས་ལྷག་པའི་བྱ་ཐབས་གཞན་གང་ཡང་ལྷག་མེད།

ཁྱེད་དང་ཁྱེད་ཀྱི་ནང་མིས་འདས་མཆོད་སོགས་འདས་རྗེས་ཀྱི་བྱ་བར་འབྲེལ་ཡོད་དགོན་པ་དག་དང་མཉམ་དུ་ཁུར་ཆེན་པོ་ལེན་བཞིན་ཡོད་པར་སྤོབས་པ་ཆེན་པོ་བྱུང་། སྡུག་དུས་གཉའ་མི་ཞུམ་པའི་ཆོད་སེམས་དང་བློས་གཏོང་ནི་མི་བུའི་རིན་ཐང་དང་ཕྱི་ཐག་ངོ་མ་དེ་རེད་ལགས། གང་ལྟར་གུས་པས་ཁྱེད་སྒེར་དང་ཁྱེད་ཀྱི་ཨ་མ་ལགས་དང་སྤུན་ཟླ་ནང་མི་ཡོངས་ལ་སེམས་ཀྱི་ཐོག་ནས་དམིགས་བསལ་སེམས་གསོ་ཞུ་བཞིན་ཡོད། དེ་དང་ཆབས་གཅིག་ངའི་ངོས་ནས་འབྲེལ་ཡོད་ཡིག་ཆ་རེ་འབྲི་རོགས་དང་ཞུས་དག་སོགས་རྒྱང་རིང་ནས་ཐུབ་པའི་རོགས་པ་ཆུང་ཆུང་དེ་འདྲ་ཡོད་ན་ག་དུས་ཡིན་ནའང་ངེས་པར་དུ་ལབ་གནང་རོགས། གཞན་ད་ལྟ་ཁྱེད་རང་བྲེལ་བའི་སྐབས་ཡིན་སྟབས་མང་པོ་མི་ཞུ། སེམས་ཤུགས་མ་ཆག་པ་གནང་རོགས།

འདས་མཆོད་སོགས་ཀྱིས་ལས་དོན་ཁྲོད་དུའང་། གཡས་གཡོན་ལ་བསམ་ཚུལ་མ་མཐུན་པ་དང་། བྱེད་ཕྱོགས་མ་འདྲ་བ་སོགས་བརྒྱུད་རིམ་ཁྲོད་ལྷག་སྲིད་པའི་འགལ་བ་དེ་འདྲ་མ་ཡོང་བའི་ཐོག་ནས་ཚང་མས་ཆོས་ཆོས་སུ་འགྲོ་བའི་འདས་རྗེས་ཀྱི་བྱ་བ་ཞིག་དགོས་པ་དེ་རྩ་དོན་གྱི་དང་པོ་དང་སྙིང་པོ་གཉིས་ཀ་ཡིན་པའང་ངེས་པར་དུ་མ་བརྗེད་པར་མཛོད།
རྒྱ་ཆེ་ས་ནས་དཀྱིལ་རལ་འགྲོ་བ་དེ་འདྲ་མ་ཡིན་པར་གདུང་མཆོད་དང་སྐུ་གདུང་སོགས་གང་ཅིར་ཐུན་མོང་དང་མང་མོས་ཀྱི་བསམ་ཚུལ་གཞི་ལ་བཞག་ནས་ཐག་གཅོད་གནང་རྒྱུ་དང་། ཐུན་མོང་ལས་གྲུབ་པའི་སྒྲིག་འཛུགས་ཀྱིས་ལག་ལེན་གནང་རྒྱུ་ནི་ཧ་ཅང་གལ་ཆེ་མོད། འདི་ཚོ་ངས་བཤད་འོས་པའི་སྐད་ཆ་ཡིན་མིན་མ་ཤེས་ལ། ཁྱེད་གཅིག་པུ་དང་འབྲེལ་བ་ཞིག་ཀྱང་མིན་པས་དེ་ཙམ་གྱིས་འཐུས་པར་བྱ།
མྱུར་མཇལ་སྨོན་འདུན་བཅས། ཤ་རུས་གཅིག་གིས་འབྲེལ་ཞིང་ཕྲན་ལ་བསམ་པ་དཀར་བའི་བལ་ཡུལ་གནས་བཞུགས་དགེ་རྩེ་རྒྱ་མཚོ་ནང་མི་ལ་ཨོ་གླིང་ནས་སྤྱི་ལོ་༢༠༡༨ཟླ་༡༡ཚེས་༢༢ ཀྱི་ཞོགས་པ་སེམས་ཚོར་ཆེན་པོས་འཕྲལ་སྤྲིངས།

བསྐྱར་བཅོས།: ༢༠༡༨/༡༡/༢༢

Leave a Reply

2 thoughts on “སེམས་གཏིང་གི་འཚམས་ཕྲིན།

  1. ཐོས་པ་དགའ།

    རྫ་ཚེ་རིང་བཀྲ་ཤིས། ཁྱོད་སྐད་ཆ་འདི་ཁོང་གི་ནང་མི་འབྲེལ་ཐོག་རྣམས་ལ་འཕྲོད་དགོས་པ་ལས། དྲ་ལམ་དུ་ཁྲོམ་བསྒྲགས་བྱས་པ་ལ་དགོས་པ་ཆེར་མ་མཐོང་།