འབྲི་གཡག་ཁྲི་གཉིས་ལ་ལག་འཁྱེར་སྤྲད།

རྒྱ་ནག་གཞུང་གིས་མང་ཕྱུག་མང་ཕན་གྱི་སྲིད་བྱུས་ཟེར་བ་ལག་བསྟར་བྱས་ཏེ་དཀར་མཛེས་ཁུལ་ལི་ཐང་རྫོང་ཁོངས་ཀྱི་ནོར་གནག་ཁྲི་ ༢ ལ་ཉེན་འགོག་འགན་བཅོལ་ེཞེས་པའི་ལག་འཁྱེར་སྤྲད་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༥ ཉིན། རྒྱ་ནག་མཁའ་འགྲུལ་ཨན་མོང་ཉེན་འགོག་འགན་ལེན་སྤྱི་གཉེར་ཁང་དང་སི་ཁྲོན་ཡན་ལག་སྤྱི་གཉེར་ཁང་མཉམ་འབྲེལ་གྱིས། དཀར་མཛེས་ཁུལ་ལི་ཐང་འབྲོག་ཁུལ་དུ་འབྲི་གཡག་གི་འགན་བཅོལ་གྱི་མང་ཕྱུག་མང་ཕན་གྱི་སྲིད་ཇུས་ཞེས་པ་ལག་བསྟར་བྱས་ཏེ། ནོར་རྣམས་གངས་སྐྱོན་དང་སྲོག་ཆགས་ཀྱི་རིམས་ནད། གཅན་གཟན་གྱི་གནོད་འཚེ། ཆུ་ལོག་གི་གནོད་འཚེ་སོགས་ལས་ཤི་སོང་ན། སྲིད་གཞུང་གིས་གུན་གསབ་སྤྲོད་རྒྱུ་ཡིན་པའི་འགན་ལེན་བྱ་རྒྱུ་གཏན་འབེབ་ཀྱིས་འབྲི་གཡག་ཁྲི་ ༢ ལ་ལག་འཁྱེར་སྤྲད་ཡོད་འདུག

རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ནང་། འབྲི་གཡག་འགན་བཅོལ་བྱ་ཡུན་ནི་ལོ་གཉིས་ཡན་ལ་སོན་པའི་ནོར་གནག་ཡིན་པ་དང་། འགན་ལེན་གྱི་རིན་གོང་ནོར་གནག་རེར་རྒྱ་སྒོར་ ༢༠༠༠ ཡིན་པ་དང་། འགན་བཅོལ་གྲོན་དངུལ་ཐད་རྒྱ་ནག་གཞུང་གིས་བརྒྱ་ཆའི་ ༤༠ དང་། ཞིང་ཆེན་གྱིས་བརྒྱ་ཆའི་ ༣༣། ཁུལ་དང་རྫོང་གིས་བརྒྱ་ཆའི་ ༧ ། དེ་བཞིན་འབྲོག་དུད་མཉམ་ལས་རྩ་འཛུགས་ཀྱིས་བརྒྱ་ཆའི་ ༢༠ སྤྲོད་དགོས་པས། ཚོང་ར་ཅན་གྱི་རྣམ་པས་འབྲི་གཡག་གསོ་སྐྱོང་གིས་ཁྱིམ་ཚང་ལ་ཉེན་ཁ་དམའ་རུ་བཏང་ཡོད་སྐོར་བརྗོད་འདུག

ད་ལན་འབྲི་གཡག་འགན་བཅོལ་གྱི་ལས་གཞི་ལག་བསྟར་བྱེད་ས་ནི་ལི་ཐང་རྫོང་ཁོངས་ཀྱི་དཔོན་སྐོར་དང་ཚེ་མགོན། དེ་བཞིན་མཆོད་རྟེན་བཅས་ཡུལ་ཚོ་གསུམ་གྱི་ནང་ཚོད་ལྟ་མགོ་འཛུགས་བྱས་ཡོད་པ་དང་། ད་བར་འགན་བཅོལ་ནང་ཞུགས་པའི་འབྲི་གཡག་ཁྲི་ ༢ ལ་ཉེ་བ་དང་། ཚོད་ལྟ་ལེགས་འགྲུབ་བྱུང་བའི་རྨང་གཞིའི་ཐོག་ནས་རྫོང་ཡོངས་ཀྱི་ཞིང་དང་གྲོང་རྡལ་ ༢༤ ལ་ཁྱབ་སྤེལ་བྱས་ཏེ་རྫོང་ཡོངས་ཀྱི་ནོར་གནག་ཁྲི་ ༣༠ ལྷག་ཡོངས་རྫོགས་འགན་བཅོལ་སྲིད་བྱུས་དེའི་ནང་དུ་བཅུག་འཆར་ཡོད་འདུག

རྒྱ་ནག་གཞུང་གིས་བོད་ཁུལ་དུ་སེམས་ཅན་མང་དྲག་པའི་རྐྱེན་གྱིས་རྩྭ་ཐང་དང་གཙང་བོ་སོགས་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་བཟོ་ཡི་ཡོད་སྐོར་བརྗོད་དེ། ནོར་གནག་འགན་བཅོལ་ཞེས་པ་དེ་བོད་ཁུལ་གཞན་མང་པོའི་ནང་ལག་བསྟར་བྱས་ཏེ་སེམས་ཅན་ལ་ཚོད་འཛིན་གྱིས་མི་རེར་སེམས་ཅན་ཆ་བགོས་ཀྱིས་ཚོད་འཛིན་བྱས་ཡོད་པ་མ་ཟད། བོད་ཁུལ་ཁག་ཅིག་ནས་ནོར་གནག་གི་གྲངས་འབོར་གཏན་འབེབ་ལས་བརྒལ་ན་ཁྲལ་རྒྱག་དགོས་པ་དང་ཡང་ན་སེམས་ཅན་གཞུང་ལ་སྤྲོད་དགོས་པའི་ཁྲིམས་སྒྲིག་ཀྱང་བཟོས་ཡོད་པ་རེད། འདི་གའི་གསར་འགོད་པར་བོད་ནང་གི་བོད་མི་ཞིག་གིས་གངས་སྐྱོན་དང་ཆུ་ལོག་གི་གནོད་སྐྱོན་སོགས་ཡོང་བའི་སྐབས་སུ་ལས་གཞི་དེས་ཕན་ཡག་པོ་ཐོགས་ཀྱི་འདུག་པ་དང་། རྔ་བ་ཁུལ་ནང་ལས་གཞི་དེ་ཐོག་མར་ལག་བསྟར་བྱེད་སྐབས། ཤི་རྐྱེན་ག་རེ་ཡིན་ནའང་ནོར་གནག་རེ་རེར་རྒྱ་སྒོར་ ༢༠༠༠ རེ་སྤྲོད་ཀྱི་ཡོད་ཀྱང་། ཕྱིས་སུ་སྤྱང་ཀི་སོགས་གཅན་གཟན་གྱིས་བསད་ན་རྒྱ་སྒོར་ ༡༠༠༠ ལྷག་རེ་མ་གཏོགས་སྤྲོད་ཀྱི་མེད་སྐོར་བརྗོད་བྱུང་།

ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༣ ཚེས་ ༢༦ ཉིན། འདི་གའི་གསར་ཁང་ལ་བོད་ནས་འབྱོར་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་འབྲོག་པ་གྲོང་བརྡལ་ཅན་དུ་བསྒྱུར་བའི་ལས་གཞིའི་ཁོངས་སུ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་དབྱིག་གཞུང་ཡུལ་ཚོའི་ནང་། དར་ལག་རྫོང་དྭངས་ལག་སྡེ་བ་དང་དྭངས་གཞུང་ནས་འབྲོག་འཁྱིམ་ ༡༢༥ ཙམ་གྲོང་བརྡལ་གསར་པར་གནས་སྤོ་བྱེད་དུ་བཅུག་སྟེ། འབྲོག་ལས་མེད་པ་བཟོས་པའི་རྐྱེན་གྱིས་ཁོང་ཚོས་གྲོང་བརྡལ་དང་མཐུན་པའི་ལས་རིགས་གང་ཡང་ཤེས་ཀྱི་མེད་པར་བརྟེན་ལས་ཀ་མ་རག་པ་དང་། དཔལ་འབྱོར་ཡོང་ཁུངས་མེད་པ་སོགས་ལ་བརྟེན་ཏེ་འཚོ་བར་དཀའ་ངལ་འཕྲད་བཞིན་ཡོད་སྐོར་བརྗོད་བྱུང་།

ཡང་བོད་མི་དེས་རྒྱ་ནག་གཞུང་གིས་འབྲོག་པ་ཚོ་གྲོང་བརྡལ་དུ་གནས་སྤོ་བའི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་ཡོང་སྒོ་མེད་པ་དང་ཁྲོམ་རའི་དངོས་ཟོག་རིན་གོང་འཕར་བ།   བཟའ་བཅའི་རིན་གོང་དང་ཡུལ་ཐང་འཕར་བ། བོད་མི་ཚོའི་ལས་རིགས་ཁག་གི་ཡོང་འབབས་ཉུང་བ་དང་། ཚོང་གཉེར་གྱི་གོ་སྐབས་ཤོར་བ་བཅས་ཀྱིས་འབྲོག་ཁུལ་བོད་པ་ཚོ་ལས་མེད་ཆགས་ཏེ་ངེས་མེད་ཀྱི་མི་ཚེ་སྐྱེལ་བཞིན་ཡོད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ་སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༡/༢༨

Leave a Reply