གློག་སྡོང་གིས་ཆབ་མདོ་ནས་ལྷོ་ཁར་མཐུད།

རྒྱ་ནག་གཞུང་གིས་བོད་ཆབ་མདོ་ནས་ལྷོ་ཁ་བར་གྱི་མཐོ་སྒང་དུ་རིང་ཚད་སྤྱི་ལེ་ ༢༧༣༨ ཡོད་པའི་གློག་སྡོང་དྲ་བ་འཛུགས་སྐྲུན་གྱི་ལས་གཞི་གྲུབ་སྟེ་གློག་ཤར་གཏོང་བྱས་ཡོད་ལུགས་བརྗོད་འདུགཁ་སང་བོད་ནང་གི་བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། ཉིན་འགའི་སྔོན་ནས་བཟུང་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ནས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་བར་དུ། རྒྱ་ནག་གཞུང་གིས་འགྲོ་གྲོན་ཨ་སྒོར་དུང་ཕྱུར་ ༢༣ ཙམ་བཏང་སྟེ་རིང་ཚད་ལ་སྤྱི་ལེ་ ༢༧༣༨ ཡོད་པའི་གློག་སྡོང་དྲ་བ་འཛུགས་སྐྲུན་གྱི་ལས་གཞི་གྲུབ་སྟེ། བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་གསུམ་གྱི་མང་ཚོགས་ཁྲི་ ༡༥༦ ལྷག་གི་འཚོ་བར་ཕན་ཐོགས་བཞིན་ཡོད་སྐོར་དང་། མ་འོངས་པར་ལྷ་ས་དང་ནག་ཆུའི་མེ་འཁོར་ལྕགས་ལམ་གཉིས་ལའང་གློག་ཤུགས་ཀྱི་མཐུན་རྐྱེན་སྤྲོད་འཆར་ཡོད་སྐོར་བསྒྲགས་འདུག

རྒྱ་ནག་གློག་སྡོང་འཛུགས་སྐྲུན་ཁང་གི་སྤྱི་ཁྱབ་འགན་འཛིན་ཅིང་ལི་ཁོའུ་ཝུ་ཟེར་བ་ཞིག་གིས། བོད་ཀྱི་གློག་སྡོང་དྲ་བས་གློག་ཤུགས་ཚད་ (Voltage) ༢༢༠ ནས་ ༥༠༠ བར་སྤར་ཐུབ་ཡོད་པ་མ་ཟད། གློག་སྡོང་དྲ་བའི་སྒྲིག་བཀོད་དང་གློག་གི་ནུས་ཤུགས་བཅས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་དང་ཆབས་ཅིག ད་དུང་ཁྲོན་བོད་ལྕགས་ལམ་ལ་བདེ་འཇགས་ལྡན་ལ་བློས་འགེལ་ཆོག་པའི་གློག་འདོན་འགན་ལེན་ཡག་པོ་བྱས་ཡོད་སྟབས། བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། དེ་བཞིན་མཐའ་མཚམས་ཀྱི་རྒྱལ་སྲུང་བདེ་འཇགས་སྲ་བརྟན་དུ་གཏོང་བ་བཅས་ཀྱི་ཐད་ལའང་ཕན་ཐོགས་ཆེན་པོ་ཡོད་པ་རེད། ཅེས་བརྗོད་འདུག

གློག་སྡོང་དྲ་བའི་ལས་གཞི་དེ་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༤ ནང་། རྒྱ་ནག་གློག་སྡོང་དྲ་བ་འཛུགས་སྐྲུན་ཁང་གིས་ལས་མགོ་བཙུགས་ཡོད་པ་དང་། གློག་སྡོང་དྲ་བའི་ལས་གཞིའི་ལས་མི་ཝང་ཧྲུའུ་ཞང་ (Wang Shuxiang) ཟེར་བ་ཞིག་གིས་ཤིན་ཧྭ་གསར་ཁང་ལ་བོད་ནང་ཁོར་ཡུག་གི་འགྱུར་ལྡོག་ཧ་ཅང་ཆེ་སྟབས་བཟོ་སྐྲུན་བྱེད་པ་ནི་རྙོག་འཛིང་ཅན་ཞིག་ཡིན་པ་དང་། གཡང་གཟར་དང་གནམ་གཤིས་ཀྱི་འགྱུར་ལྡོག་ཧ་ཅང་ཆེ་བར་བརྟེན། ལོ་གཅིག་གི་ནང་ཟླ་ ༦ ཙམ་མ་གཏོགས་གློག་སྡོང་དྲ་བ་བཟོ་སྐྲུན་བྱེད་ཐུབ་ཀྱི་མེད་སྐོར་བརྗོད་འདུག

ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་གློག་སྡོང་དྲ་བ་འཛུགས་སྐྲུན་གྱིས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཅི་ཙམ་ཐེབས་ཀྱི་ཡོད་པའི་སྐོར་ཁོང་གིས། ལས་གཞི་དེའི་དཀའ་ངལ་ཆེ་ཤོས་ནི་རི་རྒྱུད་ནས་རི་རྒྱུད་བརྒལ་ནས་གློག་སྐུད་དང་གློག་སྡོང་དྲ་བ་འཛུགས་དགོས་ཀྱི་ཡོད་སྟབས། རིའི་རྩ་བ་བསྔོགས་ནས་རི་ཉིལ་འབྱུང་བ་དང་། མི་མང་གི་ཞིང་ཁ་སྔོག་དགོས་བྱུང་ཡོད་ཚེ་མི་མང་ལ་གྱོང་རག་གི་ཡོད་པ་དང་། དེ་བཞིན་ཤིང་ནགས་སོགས་སུ་གློག་སྡོང་དྲ་བ་དེ་འཛུགས་དགོས་བྱུང་ཚེ་ཤིང་ནགས་མང་པོ་གཅོད་དགོས་པ་དང་དེར་གནས་པའི་སེམས་ཅན་ལ་གནོད་འཚེ་ཕོག་གིན་ཡོད་པ་རེད། དེ་མིན་ཁོར་ཡུག་ལ་དོ་ཕོག་ཞེ་དྲག་ཆེན་པོ་དེ་འདྲ་ཡོད་པ་མ་རེད། སྤྱིར་ཐེངས་འདིའི་ལས་གཞི་དེ་སྔོན་མ་ནས་ཡོད་པའི་རྒྱ་ནག་རྒྱལ་ཡོངས་ཀྱི་གློག་གཅིག་སྡུད་ཀྱི་ལས་གཞིའི་ཆ་ཤས་ཤིག་ཡིན་པ་འདྲ་པོ་འདུག རྫོང་དང་གྲོལ་རྡལ་ཁ་ཤས་ལ་གློག་ཡག་པོ་དང་ལ་ལར་གློག་གི་མཐུན་རྐྱེན་ཡག་པོ་མེད་རྐྱེན་གློག་བགོ་འགྲེམས་ཆེད་གློག་སྐུད་དང་གློག་སྡོང་དྲ་བ་མང་པོ་འཛུགས་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་། 
གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༡/༢༨

Leave a Reply