གྷུ་གྷལ་ཚོང་གཉེར་ཁང་ལ་བསྐྱར་དུ་ངོ་རྒོལ་ཞུ་གཏུག་བྱས།

ཁ་སང་ཕྱི་ཚེས་ ༢༧ ཉིན་གྷུ་གྷལ་གྱི་ལས་བྱེད་ ༣༣༡ གིས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་མཉམ་འབྲེལ་གྱིས་གྷུ་གྷལ་ཚོང་གཉེར་ཁང་གིས་གསང་བའི་ཐོག་ནས་རྒྱ་ནག་ནང་འཚོལ་བཤེར་མ་ལག་ཅིག་བཟོ་བཞིན་ཡོད་པ་དེ་མཚམས་འཇོག་བྱེད་དགོས་པའི་ངོ་རྒོལ་ཞུ་གཏུག་བྱས།ཟླ་ཤས་སྔོན་ནས་བཟུང་གྷུ་གྷལ་ཚོང་གཉེར་ཁང་གིས་རྒྱ་ནག་དང་མཉམ་འབྲེལ་གྱིས་བཀག་སྡོམ་རང་བཞིན་གྱི་འཚོལ་བཤེར་མ་ལག་(Search Engine)འབུ་བླ་མ་མ་ཎིའི་ལས་གཞི་(Dragonfly Project)ཟེར་བ་ཞིག་གསང་བའི་ཐོག་ནས་བཟོ་ཡི་ཡོད་པའི་གནས་ཚུལ་ཐོན་རྗེས། གྷུ་གྷལ་གྱི་ལས་བྱེད་གཙོས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སྟོང་ཕྲག་མང་པོས་ལས་གཞི་དེ་མཚམས་འཇོག་དགོས་པའི་རེ་བ་བཏོན་ཡོད་ཀྱང་། ད་བར་གྷུ་གྷལ་ཚོང་གཉེར་ཁང་གིས་འདོད་བློ་ཁེངས་པའི་ཐག་གཅོད་གང་ཡང་བྱས་མེད་པའི་རྐྱེན་གྱིས། ཁ་སང་ཕྱི་ཚེས་ ༢༧ ཉིན། གྷུ་གྷལ་ཚོང་གཉེར་ཁང(Google Inc.)གི་ལས་བྱེད་ ༣༣༡ ཡིས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་མཉམ་འབྲེལ་གྱིས། ཚོང་གཉེར་ཁང་དེའི་ལས་ཁུངས་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་ཏེ། ཞུ་གཏུག་ཡི་གེ་ཞིག་ལ་རྒྱབ་སྐྱོར་གྱི་མཚན་རྟགས་བསྡུ་རུབ་བྱེད་མགོ་བརྩམས་ཡོད་པ་དང་། དྲ་ལམ་དུ་ཁྱབ་པའི་ཞུ་གཏུག་ཡི་གེའི་ནང་། ང་ཚོས་རྒྱ་ནག་ལ་ཕྱོགས་ནས་ལས་གཞི་དེར་ངོ་རྒོལ་བྱེད་ཀྱི་མེད། ང་ཚོས་འཕྲུལ་རིགས་ཤིག་སྙོམ་ཆུང་ལ་གཉའ་གནོན་བྱེད་རྒྱུར་བཀོལ་སྤྱོད་བྱེད་པར་ངོ་རྒོལ་བྱེད་ཀྱི་ཡོད། ཅེས་བཀོད་འདུག

ཡང་ཞུ་གཏུག་ཡི་གེ་དེའི་ནང་། ཟླ་ཤས་རིང་ནས་གྷུ་གྷལ་གྱི་ལས་བྱེད་སྟོང་ཕྲག་མང་པོ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་དང་གསར་འགོད་པ་སོགས་ནས་འབུ་བླ་མ་མ་ཎིའི་ལས་གཞི་དེར་སྐྱོན་བརྗོད་ཀྱིས་འཕྲལ་མར་མཚམས་འཇོག་བྱེད་རྒྱུའི་རེ་འདུན་བཏོན་ཡོད་ཀྱང་། ད་བར་གྷུ་གྷལ་གྱི་མགོ་འཁྲིད་ཚོས་གནད་དོན་དེའི་ཐད་འདོད་བློ་ཁེངས་པའི་ཐག་གཅོད་ཅིག་བྱས་མེད་པ་དང་། སྤྱིར་གྷུ་གྷལ་ཚོང་གཉེར་ཁང་དེ་ཁེ་ཕན་ལས་རིན་ཐང་ལ་རྩིས་འཇོག་བྱེད་མཁན་གྱི་ཚོང་གཉེར་ཁང་ཞིག་ཡིན་ཡང་། འདས་པའི་དུས་སུ་གྷུ་གྷལ་གྱིས་ཨ་རིའི་དམག་དོན་ལས་གཞི་ནང་འཛུལ་ཞུགས་བྱས་པ་དང་། རྒྱ་ནག་དང་མཉམ་འབྲེལ་གྱིས་འབུ་བླ་མ་མ་ཎིའི་ལས་གཞི་བརྩམས་པ། དེ་བཞིན་རྒྱུན་དུ་གཉའ་གནོན་གཏོང་མཁན་ལ་རྒྱབ་སྐྱོར་བྱེད་བཞིན་པའི་གནས་ཚུལ་ཐོན་བཞིན་པར་བརྟེན། ཐེངས་འདིར་ངོ་རྒོལ་ཞུ་གཏུག་ལས་འགུལ་ནང་ཞུགས་པ་ཡིན་སྐོར་བཀོད་འདུག

ཞུ་གཏུག་ཡི་གེའི་མཇུག་ཏུ་ང་ཚོས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་མཉམ་འབྲེལ་གྱི་ཐོག་ནས་གྷུ་གྷལ་གྱིས་འབུ་བླ་མ་མ་ཎིའི་ལས་གཞི་དེ་མཚམས་འཇོག་བྱ་རྒྱུ་དང་། མགོ་འཁྲིད་རྣམས་ཀྱིས་ཕྱི་གསལ་ནང་གསལ་དང་། བརྡ་ལན་གསལ་པོ། འགན་ལེན་གཙང་མ་བྱེད་པའི་རེ་བ་འདོན་གྱི་ཡོད། ཅེས་འཁོད་ཡོད་འདུག་པ་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཞིབ་འཇུག་པ་ཨེ་ན་བྷ་སེ་རེ་ལཱི་(Anna Bacciarelli)ཡིས་ངོ་རྒོལ་དེའི་སྐོར་ནས། གྷུ་གྷལ་གྱི་ལས་བྱེད་རྣམས་ཀྱིས་རང་ཉིད་རྒྱ་ནག་གི་བཀག་སྡོམ་སྲིད་བྱུས་ཀྱི་ཆ་ཤས་ཤིག་ཏུ་འགྱུར་འདོད་མེད་པ་རེད། ཅེས་བརྗོད་ཡོད་འདུག

སྤྱིར་རྒྱ་ནག་ནང་གཞུང་གི་སྟངས་འཛིན་མེད་པའི་དྲ་ཐོག་འཕྲུལ་རིགས་བེད་སྤྱོད་ཆོག་གི་མེད་པར་བརྟེན། གྷུ་གྷལ་གྱིས་ལོ་ ༨ སྔོན་དུ་རྒྱ་ནག་གི་བཀག་སྡོམ་གྱི་སྲིད་བྱུས་དང་། གསང་འཛུལ་སྟངས་འཛིན་ཐབས་བྱུས་ལ་སྐྱོན་བརྗོད་བྱས་ཏེ། རྒྱ་ནག་ནང་གྷུ་གྷལ་གྱི་འཚོལ་བཤེར་མ་ལག་སོགས་འཛུགས་རྒྱུ་ཕྱིར་འཐེན་བྱས་ཡོད་ཀྱང་། འདི་ལོའི་ཟླ་བ་ ༧ པ་ཙམ་ལ་གྷུ་གྷལ་གྱིས་གསང་བའི་ཐོག་ནས་རྒྱ་ནག་གཞུང་དང་མཉམ་འབྲེལ་གྱིས། དྲུག་བཞིའི་དོན་རྐྱེན་དང་རང་དབང་ཟེར་བ་སོགས་གུང་ཁྲན་ཏང་གི་འདོད་བློ་དང་མི་མཐུན་པའི་བརྡ་ཆད་མང་པོ་ཞིག་བཀག་སྡོམ་བྱས་པའི་འཚོལ་བཤེར་མ་ལག་ཅིག་གསང་བའི་ཐོག་ནས་བཟོ་སྐྲུན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཕྱིར་གྱར་བར་བརྟེན། འདི་ལོའི་ཕྱི་ཟླ་ ༨ པའི་ནང་གྷུ་གྷལ་གྱི་ལས་བྱེད་ ༡༤༠༠ ཙམ་གྱིས་ངོ་རྒོལ་བྱས་ཏེ་ཞུ་གཏུག་ཡི་གེ་སྤྲད་ཡོད་པ་རེད།

ད་ལྟའི་ཆར་གྷུ་གྷལ་གྱིས་གནད་དོན་དེར་གཞུང་འབྲེལ་གྱི་གསལ་བཤད་གང་ཡང་བྱས་མེད་ཀྱང་། ལས་གཞི་དེ་ནི་ཚོད་ལྟའི་ལས་གཞི་ཙམ་ཞིག་ཡིན་སྐོར་བརྗོད་ཡོད་འདུག་ལ།  སྤྱིར་རྒྱ་ནག་ནང་གྷོ་གྷུལ་གི་སྐད་བསྒྱུར་མ་ལག་(Google Translate)དང་ཡིག་ཚགས་གཏོང་ལེན་མ་ལག་(Files Go) གཉིས་བེད་སྤྱོད་བྱེད་མུས་ཡིན་ཡང་། ཡུ་ཊུབ་(Youtube)དང་། གྷུ་གྷལ་འཚོལ་བཤེར་མ་ལག(Google Crome) སོགས་བཀག་སྡོམ་བྱས་ཡོད་པར་བརྟེན། གྷུ་གྷལ་གྱིས་རྒྱ་ནག་གི་མི་འབོར་དང་ཁྲོམ་རར་དམིགས་ནས་ལས་གཞི་དེ་བརྩམས་ཡོད་འདུག གལ་ཏེ་འཚོལ་བཤེར་མ་ལག་དེ་རྒྱ་ནག་ནང་དངོས་སུ་སྒོ་འབྱེད་བྱས་ཚེ། རྒྱ་ནག་གཞུང་གིས་མ་ལག་དེ་བརྒྱུད་མི་སྒེར་གྱི་གནས་ཚུལ་མཁོ་སྒྲུབ་དང་། མི་སྒེར་རེ་རེའི་དྲ་ངོས་ཀྱི་གནས་ཚུལ་ནང་གསང་འཛུལ་བྱེད་པ་སོགས་དོགས་ཟོན་གསང་མྱུལ་གྱི་བྱ་བ་སྔར་ལས་གཞི་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་པ་མ་ཟད། རྒྱ་ནག་གཞུང་གི་འདོད་བློ་དང་མི་མཐུན་པའི་གནས་ཚུལ་རྣམས་ལ་བཀག་སྡོམ་དང་། གཞུང་གི་ཁེ་ཕན་དྲིལ་བསྒྲགས་ཀྱི་ལག་ཆ་ཆེན་པོ་ཞིག་ཏུ་འགྱུར་ཉེན་ཡོད་པའི་ངོས་འཛིན་བྱེད་ཀྱི་འདུག

དབྱེ་ཞིབ་པ་མང་པོས་ལས་གཞི་དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་། སྨྲ་བརྗོད་རང་དབང་སོགས་ཀྱི་རིན་ཐང་ལ་རྡོལ་རོལ་གྱིས་དཔལ་འབྱོར་གྱི་ཁེ་ཕན་ཁོ་ནར་བལྟས་པ་ཞིག་ཡིན་པ་དང་། འཚོལ་བཤེར་མ་ལག་དེས་རྒྱ་གཞུང་ལ་རྒྱ་ནག་ནང་སྨྲ་བརྗོད་རང་དབང་སོགས་རྡོག་རོལ་གཏོང་རྒྱུར་མཐུན་རྐྱེན་བསྐྲུན་པ་ཡིན་ཚུལ་གྱི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༤ པའི་ནང་དུ། གྷུ་གྷལ་གྱིས་ཨ་རིའི་དམག་དོན་དང་འབྲེལ་བའི་འཕྲུལ་རིག་མ་ལག་ཅིག་བཟོ་རྒྱུའི་འཆར་གཞི་ཡོད་པ་དེར་གྷུ་གྷལ་ལས་བྱེད་སྟོང་ཕྲག་འགས་ངོ་རྒོལ་བྱས་པར་བརྟེན། མཐར་ལས་འཆར་དེ་རྩིས་མེད་མི་བཏང་ཐབས་མེད་དུ་གྱུར་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༡/༢༨

Leave a Reply