བོད་ནང་འགྲོ་འོང་གི་ཐོབ་ཐང་དགོས་པའི་གྲོས་ཆོད་ལ་རྒྱབ་སྐྱོར་ཤུགས་ཆེན་ཐོབ།

འདི་ལོར་ཨ་རིའི་གྲོས་ཚོགས་འོག་མས་བཏོན་གནང་བའི་བོད་ནང་འགྲོ་འོང་གི་ཐོབ་ཐང་སྤྲོད་དགོས་པའི་སྐོར་གྱི་གྲོས་ཆོད་ལ་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ལྷན་ཁང་ནས་རྒྱབ་སྐྱོར་ཆེན་པོ་གནང་འདུགདེ་རིང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༢༨ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ལྷན་ཁང་ (United States Senate Foreign Relations Committee)གིས། འདི་ལོའི་ཕྱི་ཟླ་ ༩ པའི་ནང་ཨ་རིའི་གྲོས་ཚོགས་འོག་མས་བཏོན་གནང་བའི་བོད་ནང་འགྲོ་འོང་གི་ཐོབ་ཐང་སྤྲོད་དགོས་པའི་གྲོས་ཆོད་(Reciprocal Access Tibet Act)དེར་རྒྱབ་སྐྱོར་ཆེན་པོ་གནང་ཡོད་འདུག

གནས་ཚུལ་དེའི་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་མྰ་ཊེའོ་མེ་ཁ་སེ་(Matteo Mecacci)ལགས་ཀྱིས། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ལྷན་ཁང་གིས་མགྲིན་གཅིག་ཏུ་བོད་ནང་འགྲོ་འོང་འདྲ་མཉམ་དགོས་པའི་གྲོས་ཆོད་ལ་རྒྱབ་སྐྱོར་གནང་པ་དེས། ཨ་རིའི་མི་མང་གིས་བོད་ནང་གི་གནས་སྟངས་ལ་སེམས་ཁྲལ་བྱེད་བཞིན་ཡོད་པ་དང་། ཨ་རིའི་མི་སེར་བོད་ནང་སྐྱོད་པར་བཀག་སྡོམ་བྱེད་བཞིན་ཡོད་པའི་གནད་དོན་སོགས་འདྲ་མཉམ་ཡོང་བར་བརྡ་ལན་གསལ་པོ་བསྟན་ཡོད། ཅེས་གསུངས་འདུག

ཡང་ཁོང་གིས་ད་རེས་གྲོས་ཆོད་དེར་རྒྱལ་ཁ་ཆེན་པོ་ཐོབ་པར་འབྲེལ་ཡོད་མི་སྣ་ཁག་ཅིག་ལ་འཚམས་འདྲི་ཞུས་དོན། གྲོས་ཆོད་འདི་ཐོག་མར་འདོན་མཁན་གྲོས་ཚོགས་གོང་མའི་འཐུས་མི་རོའེ་བྷིའོ་(Sen. Rubio)ལགས་དང་། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ལྷན་ཁང་གི་ཚོགས་གཙོ་དང་གྲོས་ཚོགས་འཐུས་མི་ཁོར་ཁར་ལགས། དེ་བཞིན།  གྲོས་ཚོགས་གོང་མའི་འཐུས་མི་མེན་ནན་ཌི་རྫི་(Sen. Menendez)ལགས་བཅས་ཀྱིས་བློ་རྩ་བརྟན་པོའི་ཐོག་ནས་གྲོས་ཆོད་འདི་ལ་རྒྱབ་སྐྱོར་གནང་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།   ཞེས་གསུངས་འདུག

ཨ་རྒྱ་གཉིས་བར་འདྲ་མཉམ་འགྲོ་འོང་གི་གྲོས་ཆོད་དེ་ནི། རྒྱ་ནག་གི་སློབ་གསོ་བ་དང་སློབ་མ། དེ་བཞིན། ཚན་རིག་པ། ཚོང་ལས་པ་སོགས་ཆེད་ལས་མི་སྣ་ཚོ་ཨ་རིའི་ནང་རང་དབང་ཐོག་ཡོང་ཆོག་གི་ཡོད་པ་ལྟར། ཨ་རིའི་མི་སེར་དང་གསར་འགོད་པ། རང་དབང་ཅན་གྱི་སྡེ་ཚན་ཁག་དང་། དམིགས་བསལ་ཨ་རིའི་མི་སེར་ཡིན་པའི་བོད་རིགས་ཚོ་སོ་སོའི་གཉེན་ཉེ་ཐུག་འཕྲད་བྱེད་པར་རང་དབང་ངང་འགྲོ་ཆོག་པའི་དགོས་འདུན་འདོན་གྱི་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་གི་དམ་དྲག་འོག་ཡོད་པའི་བོད་མིའི་གནས་སྟངས་ཁ་གསལ་བཟོ་དགོས་པའི་གྲོས་ཆོད་ཅིག་ཀྱང་ཡིན་པ་རེད།

ཨ་རིའི་(Wall Street Journal)གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་།   རྒྱལ་སྤྱིའི་སྒང་མིང་གྲགས་ཆེ་ཞིང་རྒྱ་ནག་དམར་ཤོག་གཞུང་ཐོག་ཆེད་མཁས་ཡིན་པའི་མི་སྣ་ ༣༢ ཀྱིས། ཞིབ་འཇུག་སྙན་ཐོ་ཞིག་བཏོན་ཏེ་ཨ་རིའི་གཞུང་ལ་ཉེན་བརྡ་བཏང་ཡོད་པ་དང་། ཁོ་ཚོས་ཨ་རིའི་གཞུང་གིས་རྒྱ་ནག་གི་མི་སེར་ཚོ་ཨ་རིར་གང་བྱུང་དུ་ཡོང་བཅུག་སྟེ། ཨ་རིའི་སློབ་གཉེར་ཁང་ཁག་དང་རང་དབང་ཅན་གྱི་གསར་འགོད་སྡེ་ཚན། གུ་ཡངས་བསམ་བློ་བའི་སྡེ་ཁག  དེ་བཞིན་བཟོ་གྲྭ་སོགས་ལ་རྒྱ་ནག་དམར་ཤོག་ཚོགས་པའི་ཤུགས་རྐྱེན་སྤྲད་དེ་ཨ་རིའི་དམངས་གཙོའི་བརྒྱུད་རིམ་ལ་ཁྱད་གསོད་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གིས་ཕུགས་རྒྱང་རིང་བའི་དམིགས་ཡུལ་བཟུང་སྟེ་མི་རྒྱུ་གཉིས་བེད་སྤྱོད་ཀྱིས་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་ནི་ཨུ་རུ་སུ་ལས་ཀྱང་སྡུག་ཅག་ཡོད་སྐོར་སོགས་བརྗོད་ཡོད་པ་རེད།

ཡང་སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་སོ་སོའི་མི་སེར་ཨ་རིར་གཏོང་གི་ཡོད་པ་ནང་བཞིན་ཨ་རིའི་མི་སེར་རྒྱ་ནག་ནང་གཅིག་མཚུངས་བཞིན་མ་གཏང་བར་ཨ་རིས་གཞུང་ནས་རྒྱ་ནག་གི་གསར་འགོད་པ་དང་སློབ་གསོ་བ་སོགས་ཨ་རིར་ཡོང་བར་བཀག་སྡོམ་བྱེད་དགོས་ཡོད། ཅེས་དང་། རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཁབ་གཞན་གྱི་ནང་དུ་ཤུགས་རྐྱེན་སྤྲོད་དོན་ནི། སྲིད་དབང་སྒེར་འཛིན་པའི་གཞུང་གི་ལངས་ཕྱོགས་མཐོར་འདེགས་བྱས་ཏེ། དེའི་ཁ་གཏད་དུ་ལངས་མཁན་ཚོ་རྩ་མེད་བཟོ་རྒྱུ་དེ་ཡིན་པ་རེད། ཅེས་སོགས་འཁོད་ཡོད་འདུག

གྲོས་ཆོད་དེ་ནི་ལོ་ཤས་གོང་ཨ་རིའི་མི་སེར་ཡིན་པའི་བོད་མི་ཚོའི་གཙོས་ཨ་རིའི་ནང་གི་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་མཉམ་འབྲེལ་ཐོག་ས་གནས་སོ་སོའི་འབྲེལ་ཡོད་གྲོས་ཚོགས་གོང་འོག་གི་འཐུས་མིར་ཐུག་འཕྲད་ཀྱིས། བོད་ནང་འགྲོ་འོང་གི་ཐོབ་ཐང་དགོས་པའི་གྲོས་ཆོད་ལ་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཤུགས་ཆེན་ཞུས་ཏེ་བྱུང་བ་ཞིག་ཡིན་པ་དང་། གྲོས་ཆོད་དེར་འདི་ལོའི་ལོ་མཇུག་མ་རྫོགས་སྔོན་ལ་ཨ་རིའི་གྲོས་ཚོགས་གོང་མའི་ནང་གླེང་སློང་གནང་སྟེ། འགྲོ་ལུགས་དང་ལངས་ཕྱོགས་ཇི་ལྟར་འཛིན་དགོས་པའི་སྐོར་ལ་ཐག་གཅོད་གནང་འཆར་ཡོད་འདུག

 གསར་འགོད་པ། སྐལ་བཟང་སྦྱིནཔ།

བསྐྱར་བཅོས།: ༢༠༡༨/༡༡/༢༩

Leave a Reply