ཐོངས་མཆན་མེད་པར་པ་ཀི་སི་ཐན་ནང་གནས་མཇལ་དུ་བསྐྱོད་ཆོག

རྒྱ་གར་དང་པ་ཀི་སི་ཐན་གྱི་པན་ཇབ་མངའ་སྡེའི་ཀར་ཏར་པུར་ས་མཚམས་འགག་སྒོ་ཕྱེས་ནས་སིག་ཆོས་ལུགས་ཀྱི་གནས་མཇལ་བ་རྣམས་ཐོངས་མཆན་མི་དགོས་པར་རང་དབང་གིས་འགྲོ་འོང་ཆོག་པར་བཟོས་འདུགཁ་སང་རྒྱ་གར་དང་པ་ཀི་སི་ཐན་(Pakistan)ནང་ཡོད་པའི་སིག་ཆོས་ལུགས་ཀྱི་རྗེས་འབྲང་བ་སྟོང་ཕྲག་མང་པོའི་རེ་སྨོན་ལྟར། རང་བཙན་ཐོབ་ནས་ལོ་ ༧༣ རྗེས་ཐེངས་དང་པོར་རྒྱ་གར་དུ་ཡོད་པའི་སིག་རྗེས་འཇུག་པ་རྣམས་པ་ཀི་སི་ཐན་གྱི་ཤར་མཐའ་ཀར་ཏར་པུར་(Kartarpur)གྲོང་གསེབ་ཏུ་ཡོད་པའི་སིག་ཆོས་ལུགས་ཀྱི་སྲོལ་འབྱེད་པ་གྷུ་རུ་ནཱ་ཎག་(Guru Nanak)ཀྱི་ཚེ་མཇུག་གི་བཞུགས་སྒར་དང་། དགོངས་པ་རྫོགས་ཡུལ་ཤྲི་ཀཱར་ཏཱར་པུར་སཱ་ཧིབ་ལྷ་ཁང་(Sri Kartarpur Sahib Gurdwara)དུ་ཐོངས་མཆན་མེད་པར་གནས་མཇལ་དུ་འགྲོ་ཆོག་པའི་ཐག་གཅོད་གནང་ཡོད་ཅིང་། ཕྱི་ལོ་ ༢༠༡༩ ལོར་འགག་སྒོ་སོགས་འཛུགས་བསྐྲུན་གྱི་ལས་ཀ་ཡོངས་རྫོགས་ཚར་བར་བྱས་ཏེ། ཕྱི་ལོ་ ༢༠༢༠ ལོའི་གྷུ་རུ་ནཱ་ཎག་གི་འཁྲུངས་སྐར་ཐེངས་ ༥༥༠ པ་སྲུང་གཙིའི་ཉིན་དངོས་སུ་གཞུང་འབྲེལ་སྒོ་འབྱེད་བྱ་རྒྱུ་ཡིན་འདུག

ལོ་རྒྱུས་རང་བཞིན་ལྡན་པའི་ཐེངས་འདིའི་ས་མཚམས་གསར་པ་སྒོ་འབྱེད་ཀྱི་ཉིན་མོར། པ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རན་ཁཱན་(Imran Khan) གྱིས། འདས་པའི་དུས་ཚོད་ནང་ཕྱོགས་གཉིས་ཀས་ནོར་འཁྲུལ་བྱས་ཡོད་ཀྱང་། ད་ནི་ང་ཚོས་འདས་དོན་རྒྱབ་ལ་མ་བསྐྱུར་ཚེ་མདུན་སྐྱོད་བྱ་མི་ཐུབ། འདས་པས་ང་ཚོར་སློབ་གསོ་ཁོ་ན་ལས་འཚོ་གནས་སྦྱིན་མི་ཐུབ། ཅེས་དང་། ཐེངས་འདིའི་ས་མཚམས་སྒོ་འབྱེད་ཀྱི་ལས་གཞི་དེས་རྒྱ་གར་དང་པ་ཀི་སི་ཐན་བར་གྱི་ལོ་མང་པོའི་རྩོད་རྙོག་རང་བཞིན་གྱི་འབྲེལ་བ་དེར་མཚམས་ཐིག་ཅིག་བཀོད་དེ། དུས་རབས་གསར་པའི་ལམ་བུ་ཞིག་བཏོད་ཡོད་སྐོར་བརྗོད་འདུག

ཡང་པ་ཀི་སི་ཐན་གྱི་དྲིལ་བསྒྲགས་བློན་ཆེན་ཧྥ་ཝད་ཅོའུ་དྷེ་རི་(Fawad Chaudry) ཡིས། ང་ཚོ་ཕྱོགས་གཉིས་ཀའི་ནང་ལ་ཞི་བདེ་ལ་མོས་མཁན་དང་། གྲོས་མོལ་མི་འདོད་མཁན་གྱི་ཤོག་ཁག་གཉིས་ཡོད་པ་དོན་དངོས་ཡིན་ཡང་། ཤོག་ཁག་གཉིས་ལས་གང་ལ་རྒྱབ་སྐྱོར་བྱེད་མིན་དེ་གཞུང་རང་གི་གདམ་ཀ་ཡིན་པས། ཐེངས་འདིར་ང་ཚོས་རང་གི་གདམ་ཀ་དེ་བྱས་ཡོད། ཅེས་བརྗོད་དེ། པ་ཀི་སི་ཐན་གཞུང་ངོས་ནས་རྒྱ་གར་དང་གྲོས་མོལ་གྱི་ཐོག་ནས་རྩོད་རྙོག་འདུམ་སྒྲིག་གི་ཕྱོགས་ལ་གཞོལ་འདོད་ཡོད་པའི་བརྡ་གསལ་པོ་བསྟན་ཡོད་འདུག ས་མཚམས་སྒོ་འབྱེད་ཀྱི་ཉིན་མོར་རྒྱ་གར་ཕྱོགས་ནས་དབུས་གཞུང་གི་འཐུས་ཚབ་བློན་ཆེན་ཧར་སིམ་རད་ཀཱོར་བྷ་དྷལ་(Harsimrat Kaur Badal)དང་།  ཧར་དྷིབ་སཱིང་པུ་རི།(Hardeep Singh Puri) དེ་བཞིན་པན་ཇབ་མངའ་སྡེའི་བློན་ཆེན་ཎབ་ཇོ་ཊི་སཱིང་སི་དྷུ་(Navjot Singh Sidhu) གསུམ་བཅར་ཡོད་འདུག

ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཁ་འཐོར་དུ་གྱུར་བར་བརྟེན། སྐབས་དེའི་ཆུ་མོ་ལྔ་རྒྱུག་སའི་པན་ཇབ་མངའ་སྡེ་(Punjab)དེ་ཡང་དུམ་བུ་གཉིས་ལ་གྱེས་ཏེ། པན་ཇབ་ཀྱི་ཤར་ཕྱོགས་དེ་རྒྱ་གར་དང་། ནུབ་ཕྱོགས་དེ་པ་ཀི་སི་ཐན་གྱི་ཁོངས་སུ་ཚུད་ཅིང་། མངའ་སྡེའི་མི་འབོར་ཕལ་ཆེ་བ་སིག་ཆོས་ལུགས་ཀྱི་རྗེས་འབྲང་བ་ཡིན་ཡང་། རྒྱལ་ཁབ་གཉིས་བར་ད་བར་དུ་དམག་འཁྲུག་ཐེངས་གསུམ་བྱུང་བ་སོགས་འགལ་ཟླ་ཆེན་པོ་ཡོད་པའི་རྐྱེན་གྱིས། ཕྱོགས་གཉིས་ཀའི་སིག་རྗེས་འཇུག་པ་རྣམས་གནས་མཇལ་དང་གཉེན་འཕྲད་དུ་སྐྱོད་རྒྱུར་རང་དབང་དེ་ཙམ་མེད་པ་མ་ཟད། རྒྱ་གར་ཕྱོགས་ཀྱི་སིག་རྗེས་འཇུག་པ་རྣམས་ལ་མཚོན་ན། རང་གི་ཆོས་ལུགས་ཀྱི་སྲོལ་གཏོད་པ་པོ་དང་། བླ་མ་དམ་པ་གྷུ་རུ་ནཱ་ཎག་གི་ཚེ་མཇུག་གི་བཞུགས་སྒར་དང་དགོངས་པ་རྫོགས་ཡུལ་ཤྲི་ཀཱར་ཏཱར་པུར་ས་ཧིབ་ལྷ་ཁང་དེ། རྒྱ་གར་གྱི་དྷེ་ར་བྷ་བྷ་ནཱ་ཎག་ཞེས་པའི་གྲོང་ཚོའི་མཐའ་ནས་རྒྱང་ཤེལ་ནས་བལྟས་ཏེ་མཇལ་ཐུབ་ཀྱི་ཡོད་ཅིང་། རྒྱང་ཐག་སྤྱི་ལེ་ ༦།༥ ཙམ་ལས་མེད་ཀྱང་རྒྱལ་ཁབ་གཉིས་ཀྱི་ས་མཚམས་འཁེལ་ཡོད་སྟབས། གཞུང་ནས་ཐོངས་མཆན་ཞུས་རྗེས་རྒྱང་ཐག་སྤྱི་ལེ་ ༢༠༠ ལྷག་རླངས་འཁོར་ནང་ཕྱིན་ཏེ་འགག་སྒོའི་ཞིབ་བཤེར་སོགས་དཀའ་ངལ་ཁག་ཅིག་མ་བརྒྱུད་ཐབས་མེད་ཆགས་ཡོད་འདུགཐེངས་འདིའི་རྒྱ་གར་དང་པ་ཀི་སི་ཐན་བར་གྱི་ཐག་གཅོད་དེས་སིག་རྗེས་འབྲང་བ་སྟོང་ཕྲག་མང་པོའི་རེ་འདུན་འགྲུབ་ཡོད་འདུག པ་ཀི་སི་ཐན་གྱི་ན་རོ་ཝལ་(Narowal)གྲོང་ཚོའི་སིག་ཆོས་ལུགས་ཀྱི་མགོ་འཁྲིད་ར་མེ་ཤི་སཱིང་ཨ་རོ་ར་(Ramesh Singh Arora)ཡིས། ང་ཚོས་ལོ་དུ་མའི་རིང་ནས་ས་མཚམས་དེ་སྒོ་འབྱེད་དགོས་པའི་རེ་བ་བཏོན་ཡོད། དེས་རྒྱ་གར་གྱི་གནས་མཇལ་བ་རྣམས་སྟབས་བདེ་པོའི་ངང་གནས་མཇལ་དུ་ཡོང་ནས་ཕར་ལོག་ཐུབ། ཅེས་བརྗོད་ཡོད་པ་དང་། ཡང་རྒྱ་གར་ཨམ་རི་ཊི་སར་(Amritsar)དུ་ཡོད་པའི་རང་ལོ་ ༦༨ ཡིན་པའི་བྷ་བྷི་ཤན་སཱིང་གྷོ་ར་ཡ་(Bhabishan Goraya)ཡིས། རྒྱ་གར་དང་པ་ཀི་སི་ཐན་གཉིས་ཁ་འཐོར་དུ་ཕྱིན་སྐབས། ང་ཚོའི་སྤུན་མཆེད་མང་པོ་རྒྱ་གར་དུ་སོང་བ་རེད། ང་ཚོ་འདིར་སྡོད་རྒྱུ་བྱས་ཡིན། ང་ཚོ་པ་ཀི་སི་ཐན་གྱི་མི་ཡིན་ཡང་། མི་རིགས་གཅིག་པ་རེད། ཅེས་ཕྱོགས་གཉིས་ཀའི་ནང་ཁ་འཐོར་དུ་སོང་བའི་ནང་མི་སྤུན་མཆེད་མང་པོ་ཡོད་པ་དང་། ཐེངས་འདིའི་ས་མཚམས་སྒོ་འབྱེད་ཀྱིས་གཉེན་འཕྲད་ལ་ཡང་སྟབས་བདེ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་འདུག

ཀར་ཏར་པུར་གྱི་ས་མཚམས་འགག་སྒོ་འབྱེད་རྒྱུའི་རེ་འདུན་ཐོག་མ་དེ། ཕྱི་ལོ་ ༡༩༩༩ ལོར་རྒྱ་གར་སྲིད་བློན་འདས་པོ་ཨ་ཊལ་བྷི་ཧ་རི་ཝ་ཇི་པ་ཡཱི་(Atal Bihari Vajpayee) མཆོག་གིས་བཏོན་གནང་ཡོད་པ་དང་། དེའི་རྗེས་ཕྱི་ལོ་ ༢༠༠༤ ལོར་སྲིད་བློན་མན་མོ་ཧན་སིང་(Manmohan Singh) མཆོག་གིས་དེའི་སྐོར་བསྐྱར་དུ་གླེང་སློང་དང་བསམ་འཆར་བཏོན་གནང་ཡོད་ཀྱང་།  པ་ཀི་སི་ཐན་ཕྱོགས་ནས་བཟང་ཕྱོགས་ཀྱི་བརྡ་ལན་གང་ཡང་བྱིན་མེད་རྐྱེན་ད་བར་ལས་གཞི་དེ་འགོ་བརྩམས་ཐུབ་མེད་པ་རེད།

ད་ལོར་ཐག་གཅོད་ཆེན་པོ་འདི་ལྟ་བུ་བྱེད་དགོས་པའི་རྒྱུ་མཚན་སྐོར་ལ་གླེང་སློང་མང་པོ་ཡོང་གི་ཡོད་པ་དང་། ཆབ་སྲིད་དབྱེ་ཞིབ་པ་མང་པོ་ཞིག་གིས། དེ་ནི་ནང་ཁུལ་གྱི་ཆབ་སྲིད་གནོན་ཤུགས་ཀྱི་རྐྱེན་པས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག དེ་ཡང་ཆབ་སྲིད་དབྱེ་ཞིབ་པ་ཀི་རི་ཤི་ཎ་པར་ཊབ་སིང་གིས། རྒྱ་གར་གྱི་རྒྱལ་ཡོངས་འོས་བསྡུ་བསླེབ་གྲབས་ཡོད་སྟབས། བྷི་ཇེ་པི་(BJP)གཞུང་འཛིན་ཚོགས་པའི་མཉམ་འབྲེལ་སྲིད་དོན་ཚོགས་པ་ཨ་ཀཱ་ལི་དྷཱལ་(The Akali Dal) ཡིས་པན་ཇབ་ནང་འོས་ཤོག་འཐོབ་ཆེད། ད་ཐེངས་ཀྱི་ཀར་ཏར་པུར་གྱི་ས་མཚམས་འགག་སྒོ་དེ་ཕྱེས་པ་རེད། ཅེས་དང་། ཡང་པ་ཀི་སི་ཐན་གྱི་དྲིལ་བསྒྲགས་བློན་ཆེན་ཅོའུ་དྷེ་རི་ཡིས། ལྡི་ལི་དབུས་གཞུང་གིས་དུས་ནམ་ཡང་གནད་དོན་དེར་ངན་ཕྱོགས་ནས་ལྟ་ཡི་ཡོད། འོན་ཀྱང་ད་ཐེངས་པན་ཇབ་ནང་འོས་བསྡུ་འགྲོ་བཞིན་ཡོད་པས། དབུས་གཞུང་གིས་རང་གི་ལངས་ཕྱོགས་དེ་མི་བསྒྱུར་ཐབས་མེད་དུ་གྱུར་ཡོད་ལུགས་བརྗོད་ཀྱི་འདུག

ཤྲི་ཀར་ཏར་པུར་སཱ་ཧིབ་ལྷ་ཁང་དེ་དུས་རབས་ ༡༦ པའི་ནང་སིག་ཆོས་ལུགས་ཀྱི་སྲོལ་འབྱེད་པ་གྷུ་རུ་ནཱ་ཎག་གིས་རྒས་ཡོལ་ཞུས་རྗེས་བཞུགས་གནས་ཀྱི་ངོ་བོར་བཞེངས་ཏེ། གྷུ་རུ་ནཱ་ཎག་གིས་ཆོས་ལུགས་ཀྱི་ལྟ་གྲུབ་ཉམས་ལེན་ལ་བརྟེན་ནས་མཐར་སིག་ཆོས་ལུགས་ཀྱི་སྲོལ་འབྱེད་ཡོད་པ་དང་། ད་ལྟའི་ཆར་འཛམ་གླིང་སྟེང་ཁོང་གི་རྗེས་འབྲང་བ་ས་ཡ་ ༢༥ ལྷག་ཡོད་པར་གྲགས། དེ་དག་ལས་ཕལ་ཆེ་བ་རྒྱ་གར་དང་པ་ཀི་སི་ཐན་གྱི་པན་ཇབ་མངའ་སྡེའི་ནང་ཡོད་འདུག ཕྱི་ལོ་ ༡༥༣༩ ལོར་གྷུ་རུ་ནཱ་ཎག་སྐུ་གྲོངས་སྐབས། ཁོང་ལ་དད་གུས་བྱེད་མཁན་གྱི་ཧིན་དྷུ་དང་ཁ་ཆེ་བའི་བར་ལ་ཁོང་གི་སྐུ་ཕུང་ཞུགས་འབུལ་བྱེད་ཚུལ་ཐོག་བསམ་ཚུལ་མི་མཐུན་པ་བྱུང་སྟབས། དེང་སྐབས་ལྷ་ཁང་དེར་ཧིན་དྷུའི་ལུགས་ཀྱི་ཕུང་སྒྲོམ་ཞིག་དང་། ཁ་ཆེའི་ཆོས་ལུགས་ཀྱི་དུར་ས་ཞིག་ཀྱང་ཡོད་འདུག

ཀར་ཏར་པུར་ལྷ་ཁང་ལ་ཆུ་ལོག་གནོད་སྐྱོན་བྱུང་སྟེ་གཏོར་བཤིག་ཐེབས་ཡོད་ཀྱང་ཕྱིས་སུ་སིག་གི་རྒྱལ་པོ་དང་། དེ་བཞིན་རང་བཙན་རྗེས་པ་ཀི་སི་ཐན་གཞུང་རང་གིས་མ་དངུལ་འབོར་ཆེན་བཏང་སྟེ། ད་ལྟའི་ལྷ་ཁང་གི་བཟོ་བཀོད་དེ་ཕྱི་ལོ་ ༢༠༠༤ ལོར་བསྐྱར་བཟོ་བྱས་པ་ཞིག་ཡིན་འདུག་པ་དང་། ལོ་ལྟར་སིག་གི་ལོ་སར་(Baishakhi)དང་། གྷུ་རུ་ཨར་ཇུན་དྷེ་བའི་དཔའ་བོའི་ཉིན་མོ་(Guru Arjun Dev’s Martyrdom)། རྒྱལ་པོ་རན་ཇི་ཊི་སཱིང་གི་སྐུ་གཤེགས་ཉིན་མོ་(Death Anniversary of Maharaja Ranjit Singh)། གྷུ་རུ་ནཱ་ཎག་གི་འཁྲུངས་སྐར་ཉིན་མོ་བཅས་ཁྱད་འཕགས་ཅན་གྱི་ཉིན་མོ་བཞིའི་སྐབས་དཀའ་ངལ་མང་པོར་གདོང་ལེན་གྱིས་རྒྱ་གར་གྱི་སིག་རྗེས་འཇུག་པ་སྟོང་ཕྲག་མང་པོ་མཆོད་མཇལ་དུ་འགྲོ་བཞིན་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༡/༢༩

Leave a Reply

One thought on “ཐོངས་མཆན་མེད་པར་པ་ཀི་སི་ཐན་ནང་གནས་མཇལ་དུ་བསྐྱོད་ཆོག