ཆབ་སྲིད་བཙོན་ཟུར་དཔལ་ལྡན་རྒྱ་མཚོ་ལཊ་སྐུ་གྲོངས།

རྒྱ་ནག་གཞུང་གི་བཙོན་ཁང་དུ་ལོ་ངོ་ ༣༣ རིང་མནར་གཅོད་མྱངས་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་དཔལ་ལྡན་རྒྱ་མཚོ་ལགས་དགུང་ལོ་ ༨༥ ཐོག་སྐུ་གྲོངས་འདུག

དེ་རིང་ཞོགས་པའི་ཆུ་ཚོད་ ༧།༡༠ ཐོག་བཞུགས་སྒར་དྷ་སའི་བདེ་ལེགས་སྨན་ཁང་དུ། ལོ་ངོ་ ༣༣ རིང་རྒྱ་ནག་གཞུང་གི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་མྱངས་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་དཔལ་ལྡན་རྒྱ་མཚོ་ལགས་སྐུ་གྲོངས་འདུག་ལ། ད་ལྟའི་ཆར་སྐུ་ཕུང་ག་དུས་ཞུགས་འབུལ་གནང་མིན་སོགས་གཏན་འཁེལ་མི་འདུག

གསར་འགོད་པར་རྒན་དཔལ་ལྡན་རྒྱ་མཚོ་ལགས་ཀྱི་སྙུང་གཞི་ག་རེའི་རྐྱེན་གྱིས་གྲོངས་ཡིན་སྐོར་སྐུའི་བླ་སྨན་པ་ཚེ་བརྟན་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། རྒན་དཔལ་ལྡན་རྒྱ་མཚོ་ལགས་ལ་མཆིན་པའི་སྐྲན་ནད་ཡོད་པ་རེད། སྐྲན་ནད་བྱུང་ནས་རྒྱུན་རིང་པོ་འགོར་ཡོད་པ་དང་དེར་བཅོས་ཐབས་མེད་པ་ཞིག་རེད་ལ། ཉེ་སྔོན་ནས་གཙོ་བོ་བོད་སྨན་མཆོད་ནས་བཞུགས་པ་རེད་དེ། དེ་རིང་ཞོགས་པའི་ཆུ་ཚོད་ ༧ ཡོལ་ཙམ་ལ་སྐུ་གྲོངས་ཡོད་པ་རེད།  ང་ཚོར་ཐུགས་དམ་གྱི་ལས་གཞི་ཞིག་ཡོད་པས་ཁོང་གི་སྐུ་ཕུང་ཉིན་བཞི་རིང་འཇོག་རྒྱུའི་ཐག་གཅོད་བྱས་པ་ཡིན། ཞེས་བརྗོད་བྱུང་།

ཡང་ཁོང་གིས། ཀིརྟི་བྱེས་པ་གྲྭ་ཚང་ངོས་ནས་ལྟ་རྟོག་ཧ་ལས་པ་གནང་བྱུང་བས་ཀིརྟི་རིན་པོ་ཆེ་མཆོག་དང་འབྲེལ་ཡོད་གྲྭ་ཚང་ལ་རྗེས་སུ་ཡི་རངས་ཞུ་ཡི་ཡོད། ཁ་སང་སྨན་ཁང་ལ་ཕེབས་ནས་སྨན་བཅོས་བྱེད་སྐབས་ཀྱང་སྨན་ཁང་གི་ལས་བྱེད་རྣམས་ལ། བོད་ཀྱི་རྩ་དོན་ལ་ཞབས་ཞུ་མཁན་འདི་འདྲ་ཞིག་ལ་ང་ཚོར་ཡང་ཞབས་ཞུ་ཞུ་རྒྱུའི་གོ་སྐབས་བྱུང་བ་སྐལ་བ་བཟང་པོ་ཡིན་པས་ཚང་མས་ཧུར་ཐག་གནང་རོགས་ལབ་རྒྱུ་བྱུང་ལ། དེ་རིང་གཤེགས་སྐབས་ཕྱག་གཉིས་ཐལ་མོ་སྦྱར་ཏེ་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་ལ་མཇལ་བ་དང་། སྨོན་ལམ་བསྐྱོན་ཡོད་པ་རེད། ཁོང་གི་གཤེགས་སྟངས་དང་མི་ཚེ་སྐྱེལ་སྟངས། མི་ཚེའི་ལོ་རྒྱུས་ནི་ཧ་ལས་པ་ཞིག་རེད། ཁོང་གི་ལོ་རྒྱུས་བོད་མི་ཙམ་མ་ཟད་ཚང་མས་ཀློག་དགོས་པ་ལྟ་བུ་ཞིག་འདུག ང་རང་ངོས་ནས་ཀྱང་ཁོང་ལ་ཞབས་ཞུ་ཕྲན་བུ་ཞུས་ཐུབ་པ་དེ་སྐལ་བ་བཟང་པོ་བྱུང་བསམ་གྱི་འདུག ཅེས་བརྗོད་བྱུང་།

འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་ཆབ་སྲིད་བཙོན་ཟུར་དཔལ་ལྡན་རྒྱ་མཚོ་ལགས་ཨ་རི་ནས་ཕྱིར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་འབྱོར་ཡོད་པ་དང་། ཁོང་སྨན་ཁང་དུ་བཞུགས་པར་འདོད་མོས་མེད་པར་བརྟེན་ཀིརྟི་གྲྭ་ཚང་དུ་བཞུགས་་ཏེ། བདེ་ལེགས་སྨན་ཁང་གི་སྐུའི་བླ་སྨན་པ་ཚེ་བརྟན་ལགས་དང་སྨན་རྩིས་ཁང་གི་སྨན་པ་བསྟན་འཛིན་ལྷག་སྒྲོན་ལགས་གཉིས་བདུན་རེར་ཐེངས་གཉིས་རེར་གཟིམ་ཤག་ལ་རྟག་དཔྱད་གནང་བར་ཕེབས་ཡོད་པ་དང་། དེ་བཞིན་ཀིརྟི་གྲྭ་ཚང་ནས་ཆེད་དུ་གྲྭ་པ་གཉིས་ཞབས་ཞུ་ཞུ་བར་བཞག་གནང་ཡོད་ཀྱང་། ཁ་སང་ཁོང་ལ་གློ་ལུད་བརྒྱབས་ཡོད་པས་བདེ་ལེགས་སྨན་ཁང་དུ་སྨན་བཅོས་གནང་བར་ཕེབས་ནས་དེར་སྐུ་གྲོངས་འདུག

བོད་ཀྱི་ཆབ་སྲིད་བཙོན་ཟུར་དཔལ་ལྡན་རྒྱ་མཚོ་ལགས་ནི་ཕྱི་ལོ་ ༡༩༣༣ ལོར་གཞིས་ཀ་རྩེའི་པ་སྣམ་ཡུལ་དུ་སྐྱེས་ཤིང་། ཕྱིས་སུ་གདན་ས་ཆེན་མོ་འབྲས་སྤུངས་ཏུ་ཆོས་ཞུགས་གནང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གི་བཙན་འཛུལ་ལ་ཕར་རྒོལ་གྱིས་སེར་དམག་ནང་ཞུགས་སྟབས། རྒྱ་གཞུང་གིས་ལོ་ངོ་ཧྲིལ་པོ་ ༣༣ རིང་བཙོན་ཁང་དུ་བཅུག་སྟེ་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་བཏང་ཡོད་པ་དང་། ཕྱི་ལོ་ ༡༩༩༢ ལོར་བཙོན་འཇུག་དུས་ཡུན་རྫོགས་ནས་བཙོན་གྲོལ་ཐོབ་རྗེས་རྒྱ་གར་ནང་སྐྱབས་བཅོལ་དུ་ཕེབས། བཙན་བྱོལ་ནང་བཞུགས་པའི་རིང་རྒྱལ་སྤྱིའི་ཐོག་བོད་དོན་དྲིལ་བསྒྲགས་དང་། སི་པན་རྒྱལ་སྤྱིའི་ཁྲིམས་ཁང་སོགས་ལ་བོད་ནང་རང་དབང་དང་དམངས་གཙོ་མེད་པའི་དངོས་ཡོད་གནས་སྟངས་ཁྲིམས་གཏུག་ཐེངས་མང་གནང་ཡོད་པ་མ་ཟད། རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་ཏེ་བོད་ལ་རང་དབང་མེད་ཅིང་། བོད་ནང་གི་བོད་མི་རྣམས་མནར་གཅོད་ཀྱི་འོག་ནས་འཚོ་བཞིན་པ་སོགས་ཀྱི་སྐོར་ལ་མེ་ལྕེའི་འོག་གི་བོད་ཅེས་པའི་ཕྱག་དེབ་ཅིག་བོད་རིག་པའི་མཁས་དབང་ཚེ་རིང་ཤཀྱཱ་ལགས་དང་མཉམ་འབྲེལ་ཀྱིས་བརྩམས་གནང་ཡོད་པ་རེད། ད་ལྟའི་ཆར་དཔེ་དེབ་དེ་རྒྱ་ཡིག་དང་། ཧྥ་རན་སི། འཇར་མན་སོགས་སྐད་ཡིག་ ༢༠ ལྷག་གི་ནང་བསྒྱུར་ཚར་ཡོད་པ་དང་། ཕྱི་ལོ་ ༡༩༩༨ ལོར་ཐོབ་ཐང་དང་དམངས་གཙོ་ཞེས་པའི་ཁེ་ན་ཌའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས་ཁོང་ལ་ཇཱོན་ཧམ་ཧྥེ་རི་རང་དབང་གཟེངས་རྟགས་ཞེས་པའང་ཕུལ་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༡/༣༠

Leave a Reply

3 thoughts on “ཆབ་སྲིད་བཙོན་ཟུར་དཔལ་ལྡན་རྒྱ་མཚོ་ལཊ་སྐུ་གྲོངས།

  1. ཐོས་པ་དགའ།

    རྒྱལ་གཅེས་དཔའ་བོ་སྐུ་ཞབས་དཔལ་ལྡན་རྒྱ་མཚོ་མཆོག་སྐུ་གཤེགས་པར་མྱ་ངན་གུས་འདུད་ཞུ། སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་བླ་མ་སྤྱན་རས་གཟིགས་ཀྱིས་རྗེས་སུ་འཛིན་པའི་སྨོན་འདུན་ཤུགས་དྲག་ཞུ།

  2. 🕯🙏 བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེད་པ་རྣམས་སྐྱེད་འགྱར་ཤིང་། །སྐྱེད་བ་ཉམས་པ་མེད་པར་ཡང་། །གོང་ནས་གོང་དུ་འཕེལ་བར་ཤོག །
    གདུང་སེམས་མཉམ་སྐྱེ་ཞུ།

  3. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    ཨོམ་མ་ཎི་པདྨེ་ཧུང་་་་་་་་ཧྲི
    མེ་ལྕེའི་འོག་གི་བོད་ ཟེར་བ་དེ་དབྱིན་སྐད་
    ( fire undear snow ) ཟེར་བ་དེ་ཨ་ཡིན་ནམ་ཧཧཧ
    མེ་ལྕེའི་འོག་གི་བོད་ ( Tibet undear flame )
    Fire undear snow གངས་འོག་གི་མེ་མ་རེད་དམ?