ང་ཚོས་སྐེ་རགས་དམ་དུ་གཏོང་རྒྱུའི་དུས་ལ་བསླེབས་འདུག

འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་ལོ་ངོ་ ༧༠ དང་། བོད་ནང་འབྲས་སྤུངས་དགོན་པའི་དགེ་འདུན་པ་སྐོར་ཞིག་གིས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་བོད་བསྒྱུར་འགྲེམ་སྤེལ་གནང་སྟེ་ལོ་ངོ་ཧྲིལ་པོ་ ༣༠ འཁོར་བའི་དུས་དྲན་དང་བསྟུན་བོད་ཡིག་རྐྱང་པའི་དྲ་རྒྱ་གསར་པ་ཞིག་སྒོ་འབྱེད་གནང་སོང་།དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ སྟེང་། བཞུགས་སྒར་དྷ་རམ་ས་ལའི་བོད་ཀྱི་གསོལ་མགྲོན་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གོ་སྒྲིག་འོག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་ལོ་ངོ་ ༧༠ དང་། ཕྱི་ལོ་ ༡༩༨༨ ལོར་བོད་ནང་འབྲས་སྤུངས་དགོན་པའི་དགེ་འདུན་པ་བཅུ་ཡིས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དེ་བོད་བསྒྱུར་དང་ཤིང་དཔར་བརྒྱབས་ཏེ། སྤྱི་ཚོགས་ནང་འགྲེམ་སྤེལ་གྱི་ལས་འགུལ་སྤེལ་ནས་ལོ་ངོ་ཧྲིལ་པོ་ ༣༠ འཁོར་བའི་དུས་དྲན་སྲུང་གཙི་དང་འབྲེལ། བོད་པའི་སྤྱི་ཚོགས་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གོ་རྟོགས་སྤེལ་ཆེད་བོད་ཡིག་རྐྱང་པའི་དྲ་རྒྱ་གསར་པ་ཞིག་སྒོ་འབྱེད་གནང་སོང་བ་དང་། སྐབས་དེར་སྐུ་མགྲོན་གཙོ་བོར་ཕྱི་ལོ་ ༡༩༨༧ ལོར་ལྷ་སའི་ཞི་རྒོལ་ནང་མཉམ་ཞུགས་གནང་མྱོང་བའི་འབྲས་སྤུངས་དགོན་པའི་དགེ་འདུན་པ་ངག་དབང་བདེ་ལེགས་ལགས་དང་། ཕྱི་ལོ་ ༡༩༨༨ ལོའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བོད་ཡིག་ཐོག་ཤིང་པར་འགྲེམ་སྤེལ་ལས་འགུལ་ནང་ཞུགས་མྱོང་མཁན་འཇམ་དཔལ་སྨོན་ལམ་ལགས་ཀྱི་ཚབ་ཏུ་ཁོང་གི་སྐུ་ཟླ་ལྷག་པ་སྒྲོལ་མ་ལགས། དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་ངག་དབང་འོད་འབར་ལགས་བཅསདང་། དེ་བཞིན་བཞུགས་སྒར་དྷ་སའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ་དང་། སེར་སྐྱ་མི་མང་། དེ་བཞིན་མཐོ་རིམ་སློབ་མ་སོགས་མི་གྲངས་ ༥༠ ལྷག་འཛོམས་འདུག

འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཡིག་ཐོག་བསྒྲགས་གཏམ་ནང་། དེ་རིང་ང་ཚོས་འབྲས་སྤུངས་དགོན་གྱི་དགེ་འདུན་པ་ ༡༠ གཙོས་པའི་བོད་རང་དབང་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་ཐག་རང་གཅོད་བཅས་ཀྱི་ཆེད་དུ་ཐ་ན་རང་གི་གཅེས་སྲོག་ཡན་ཆད་བློས་གཏོང་མཁན་བོད་ནང་གི་བོད་མིའི་མཛད་རྗེས་དང་སྙིང་སྟོབས་ལ་གུས་འདུད་དང་བརྩི་བཀུར་ཞུ་ཡི་ཡོད་ལ། བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་ལ་དམིགས་བསལ་དོ་སྣང་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་དང་སྲུང་སྐྱོབ་ཡོང་ཐབས། དེ་བཞིན་འབྲས་སྤུངས་དགོན་གྱི་དགེ་འདུན་པ་༡༠ ཡིས་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བོད་ཡིག་ཐོག་དཔར་འགྲེམ་བྱས་ནས་ལོ་ངོ་༣༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཆེད། འདི་ག་ལྟེ་གནས་ཁང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཀྱི་གོ་རྟོགས་འཕེལ་ཐབས་ཀྱི་ལས་འགུལ་སྣ་ཚོགས་སྤེལ་ནས། བོད་མི་རྒན་དར་གཞོན་གསུམ་དང་། སེར་སྐྱ་ཕོ་མོ་དབྱེར་མེད། ལས་རིགས་སྣ་ཚོགས་གཉེར་མཁན་ཚོས་དོན་ཚན་༣༠ བདག་ཉིད་ཅན་དུ་གྲུབ་པའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་དེ་བོད་སྐད་ཡིག་ནང་ཁ་གསལ་གོ་བདེར་སྒྱུར་སྒྲིག་འགྲེམ་སྤེལ་བྱས་པར་ཐུགས་སྣང་དང་གཞོགས་འདེགས་གནང་བའི་རེ་སྐུལ་ཞུ་བཞིན་ཡོད། ཅེས་བཀོད་ཡོད་པ་དང་། དེ་གའི་ལྟེ་གནས་ཁང་གི་འབྲེལ་མཐུད་པ་ཁྲི་སྲོང་རྡོ་རྗེ་ལགས་ཀྱིས་རྒྱ་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཐོག་ངོས་འཛིན་གང་འདྲ་ཡོད་མེད་སྐོར་ནས་གཏམ་བཤད་ཅིག་སྤེལ་བའི་ནང་། སྤྱིར་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐོག་མཉམ་ཞུགས་བྱེད་ཀྱི་ཡོད་ལ། དེ་དང་འབྲེལ་བའི་ཆོད་དོན་ཁག་ལ་ཡང་ས་རྟགས་བཀོད་ཀྱི་ཡོད། ཡིན་ན་ཡང་། དོན་དངོས་ལག་ལེན་གྱི་སྟེང་ནས་རྒྱ་གཞུང་གིས་ད་བར་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་དར་འཕེལ་སོགས་གང་ཡང་བྱས་མེད་པར། དེ་བས་ཕྱི་ལོ་ ༡༩༨༨ ལོར་འབྲས་སྤུངས་དགོན་པའི་དགེ་འདུན་པ་རྣམས་ཀྱིས་འགྲེམ་སྤེལ་བྱས་པའི་བོད་ཡིག་ཐོག་གི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་དེ་ཉིད་ལོག་སྤྱོད་པའི་ཡིག་ཆར་ངོས་འཛིན་བྱས་ཏེ། ཁོ་ཚོར་ཁྲིམས་ཐག་ཉེས་ཆད་བཏང་ཡོད། རྒྱ་གཞུང་གིས་རང་གིས་ཁས་ལེན་ས་རྟགས་བཀོད་པའི་ཡིག་ཆ་ཞིག་ནག་ཉེས་སུ་རྩིས་ཚུལ་དེས། རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་སྐོར་གཏོང་གི་ཡོད་པ་མཚོན་གྱི་ཡོད་པ་རེད། ཅེས་བཀོད་འདུག

སྐུ་མགྲོན་གཙོ་བོ་ཆབ་སྲིད་བཙོན་ཟུར་ངག་དབང་བདེ་ལེགས་ལགས་ནས་ཕྱི་ལོ་ ༡༩༨༧ ལོར་ལྷ་སའི་ཁྲོམ་གཞུང་དུ་རྔམ་སྟོན་ཁྲོམ་སྐོར་གནང་བའི་སྐོར་འགྲེལ་བརྗོད་གནང་སྐབས། ང་ཚོ་འབྲས་སྤུངས་ཀྱི་གྲྭ་པ་ཉི་ཤུ་རྩ་གྲངས་ཙམ་ཞིག་གིས་ཉིན་གཉིས་གསུམ་སྔོན་ནས་གསང་བའི་ཐོག མཚན་གུང་དུ་བོད་རང་བཙན་ཡིན། བོད་ཀྱི་བདག་པོ་བོད་མི་ཡིན། ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་སོགས་ངོ་རྒོལ་དོན་ཚན་ཁག་ལག་བྲིས་བརྒྱབས་ཏེ། ཕྱི་ལོ་ ༡༩༨༧ ཟླ་ ༩ པའི་ཚེས་ ༢༧ ལོར་སྐད་འབོད་དང་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ་རྒྱ་གཞུང་གིས་བཙོན་འཇུག་བྱས་སོང་། འོན་ཀྱང་སྐབས་དེར་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ཞལ་བཞུགས་ཡོད་པས། རིན་པོ་ཆེ་ཁོང་ཆེད་མངགས་ལྷ་སར་ཕེབས་ཏེ། རྒྱ་གཞུང་ལ་ཞི་རྒོལ་ནང་ཞུགས་མཁན་བོད་མི་གྲྭ་པ་རྣམས་ངེས་པར་དུ་ཀློད་གྲོལ་གཏོང་དགོས་པའི་གནོན་ཤུགས་སྤྲད་སྟབས། ང་ཚོ་ཡུན་རིང་བཙོན་ཁང་དུ་སྡོད་མི་དགོས་པར་བོད་མི་བཙོན་པ་ ༨༠ ཙམ་དང་མཉམ་དུ་ཀློད་གྲོལ་བཏང་སོང་། ཡིན་ན་ཡང་ཕྱི་ལོ་ ༡༩༨༩ ལོར་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་པའི་ལོ་དེ་རང་ལ་ང་ཚོ་འབྲས་སྤུངས་དགོན་པའི་གྲྭ་པ་ ༤༠ ལྷག་དགོན་པ་ནས་ཕྱིར་འཕུད་བཏང་ཡོད་པ་དང་། ངའི་སྤུན་མཆེད་ཆུང་བ་འཇམ་དཔལ་ཚེ་རིང་ལྟ་བུར་མཚོན་ན། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཤིང་པར་འགྲེམ་སྤེལ་བྱེད་མཁན་གྱི་གྲྭ་པ་ ༡༠ ཁོངས་སུ་ཡོད་པ་དང་། ཕྱིས་སུའང་ངོ་རྒོལ་ལས་འགུལ་གཞན་ནང་དུའང་ཞུགས་ཡོད་པས། བཙོན་འཇུག་ཐེངས་གསུམ་ཙམ་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོར་འཕན་པོའི་ཞི་རྒོལ་ནང་དུ་ཡང་མཉམ་ཞུགས་བྱས་ཡོད་སྟབས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། ཅེས་སོགས་བརྗོད་སོང་།

ཆབ་སྲིད་བཙོན་ཟུར་འཇམ་དཔལ་སྨོན་ལམ་ལགས་ཀྱིསྐུ་ཟླ་ལྷག་པ་སྒྲོལ་མ་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་གནང་སྐབས། སྤྱིར་འཇམ་དཔལ་ལགས་ཀྱིས་ནམ་རྒྱུན་དུ་བོད་ནང་བཙོན་འཇུག་བྱེད་ཚུལ་སོགས་ཀྱི་སྐོར་ནས་གསུང་འདོད་གནང་གི་མེད་ལ། ང་རང་གིས་ཀྱང་དེ་ཙམ་འདྲི་ཡི་མེད། འོན་ཀྱང་ཁོང་གིས་གནས་ཚུལ་གཅིག་བཤད་པའི་ནང་། ཁོང་རང་བཙོན་ཁང་དུ་འདྲི་རྩད་དང་ཉེས་རྡུང་གཏོང་སྐབས། དུས་ནམ་ཡང་༧གོང་ས་མཆོག་གི་ཞལ་རས་སྒོམ་ནས་སྡོད་ཀྱི་ཡོད་པས། རྒྱུག་རྡུང་དང་གློག་རྒྱུག་བཏང་བ་སོགས་བྱས་ཀྱང་། ཟུག་བརྒྱབ་པ་ལྟ་བུ་གང་ཡང་ཧ་གོ་ཡི་མི་འདུག་ཅེས་ལབ་མྱོང་བ་དང་། ཁོང་དུས་རྒྱུན་དུ་ལྷག་བསམ་རྣམ་དག་ཀྱི་བོད་མི་ཞིག་ཡིན་པ་དང་། ནམ་རྒྱུན་བོད་ནང་ཆབ་སྲིད་ཀྱི་གནས་ཚུལ་རེ་ཐོན་ན། གཟའ་ཉི་མའི་གུང་གསེང་ལ་ཡང་མ་ལྟོས་པར་ཕྱག་ལས་གནང་གི་ཡོད། ཅེས་སོགས་བརྗོད་སོང་།

མཇུག་ཏུ་བོད་ཀྱི་ཆབ་སྲིད་བཙོན་ཟུར་ངག་དབང་འོད་འབར་ལགས་ནས་གཏམ་བཤད་གནང་སྐབས། སྤྱིར་རྒྱ་གཞུང་གིས་བོད་ནང་ཆོས་དད་རང་དབང་ཡོད་ཟེར་གྱི་ཡོད་ཀྱང་། དོན་དངོས་ཐོག་གྲྭ་སར་འཛུལ་སྐབས་ལྟག་སྒོ་མང་པོ་ཞིག་བརྒྱུད་དགོས་པ་མ་ཟད། འབྲས་སྤུངས་དགོན་པར་མཚོན་ན། དུས་ད་ལྟའི་བར་ཤི་གསོན་ལ་མ་ལྟོས་པར་གྲྭ་ཚད་ ༤༥༠ ལས་བརྒལ་མི་ཆོག་པ་དང་། ལོ་ ༡༨ མན་ཆོད་རྣམས་གྲྭ་བ་བྱེད་ཆོག་གི་མེད་པ་རེད། གནས་སྟངས་དེ་ཚོས་བོད་ནང་ཆོས་དད་རང་དབང་ཡོད་མེད་ཤེས་ཡོང་གི་རེད། ཅེས་བརྗོད་སོང་བ་དང་། ཡང་ཁོང་གིས། སྤྱིར་ཆུང་དུས་སྐབས། ང་ཚོས་ཅི་ཡང་ཧ་གོ་ཡི་ཡོད་མ་རེད། བོད་དེ་རྒྱ་ཁོངས་ཡིན་ཤག་ཤག་བྱས་པ་རེད། ཡིན་ན་ཡང་། ཕྱིས་སུ་འབྲས་སྤུངས་དགོན་པར་གྲྭ་ཞུགས་བྱེད་སྐབས། ༧སྐྱབས་མགོན་རིན་པོ་ཆེའི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཀློག་རྒྱུ་བྱུང་བས། དེ་ནས་ང་ཚོར་ལན་མང་པོ་ཞིག་ཐོབ་ཡོད་པ་རེད། དེབ་དེ་ནས་ང་ཚོའི་རྒྱལ་ཁབ་དང་། དབུ་འཁྲིད་སུ་ཡིན་མིན། དེ་བཞིན་འབྲས་སྤུངས་དགོན་པའི་རྒྱབ་ལོགས་དེ་སུས་གཏོར་ཡོད་མེད་སོགས་དྲི་བ་མང་པོའི་ལན་རག་པ་རེད། ཅེས་བརྗོད་སོང་།

ཡང་ཁོང་གིས། ད་ལྟ་ང་ཚོའི་གནས་སྟངས་དེ་ཏོག་ཙམ་ཡག་ཏུ་ཕྱིན་ཡོད་བསམ་སྟེ་ལྷོད་ལྷོད་བྱས་ནས་སྡོད་རྒྱུའི་དུས་ཚོད་མ་རེད། ད་ལྟ་ང་ཚོས་སྐེ་རགས་དམ་དུ་གཏོང་རྒྱུའི་དུས་ལ་བསླེབས་ཡོད། ད་འགྲིག་སོང་། སྔོན་མ་དང་རྩིས་ན་ད་ལྟ་ཁང་པ་ཞིག་བརྩིགས་ཐུབ་སོང་། མོ་ཊ་དང་སྦག་སྦག་ཅིག་ཀྱང་ཉོ་རྒྱུ་རག་བྱུང་བསམ་ནས་བསྡད་པ་ཡིན་ན། དྲང་པོ་ཞུ་ན་ལས་རྒྱུ་འབྲས་ནས་བྲོས་ཐབས་མེད་པ་དང་། གཉིས་ནས་ཕྱི་ལོ་ ༡༩༥༩ ལོའི་སྐབས་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་དེར་མ་རྩིས་པའི་དབང་དུ་བཏང་ན་ཡང་། ༡༩༨༧ ཚུར་འདབས་ཀྱི་འདས་གྲོངས་ཕྱིན་པའི་བོད་མི་རྣམས་ང་རང་ཚོའི་མི་ཐོག་གི་མི་རབས་རྐྱང་རྐྱང་ཡིན་པས། ཁོང་ཚོས་ཤི་དུར་ཁུང་ནས་ཕྱིར་བལྟས་སློག་ནས་བལྟས་པ་ཡིན་ན་ཡང་། ལས་རྒྱུ་འབྲས་ནས་འགྲོ་ས་མེད་པ་རེད་བསམ་གྱི་འདུག ཅེས་བརྗོད་སོང་།

ཐེངས་འདིའི་དུས་དྲན་ཐོག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་ཐེངས་འདིའི་དུས་དྲན་སྲུང་གཙི་དང་འབྲེལ། བོད་མིའི་སྤྱི་ཚོགས་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གོ་རྟོགས་སྤེལ་ཆེད། བོད་ཡིག་རྐྱང་པའི་དྲ་རྒྱ་གསར་པ་(http://tibetanhumanrightsdeclaration.org/)ཞེས་པ་ཞིག་སྒོ་འབྱེད་བྱས་སོང་བ་དང་། དྲ་རྒྱ་དེར་བོད་ཡིག་གི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྤྱི་ཆིངས། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་དཔའ་རྟུལ་བཅུ་ཞེས་པའི་ཁ་བྱང་འོག ཕྱི་ལོ་ ༡༩༨༨ ལོར་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་བོད་བསྒྱུར་དང་། ཤིང་པར་འགྲེམ་སྤེལ་གྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་གྱི་འབྲས་སྤུངས་དགོན་པའི་གྲྭ་བ་ ༡༠ ཡི་ལོ་རྒྱུས་མདོར་བསྡུར་རེ་བཀོད་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་(Universal Declaration of Human Rights) དེ་ཕྱི་ལོ་ ༡༩༤༨ ཟླ་ ༡༢ ཚེས་ ༡༠ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་དུས་གསུམ་པའི་སྟེང། ཚོགས་ཞུགས་རྒྱལ་ཁབ་ ༥༨ ཀྱི་མང་མོས་འོས་བསྡུའི་ལམ་ནས་ཐག་གཅོད་གཏན་འབེབ་བྱས་ཡོད་པ་དང་། ཡོངས་ཁྱབ་གསལ་བསྒྲགས་དེའི་ནང་དཔལ་འབྱོར་དང་། མི་རིགས། ཕོ་མོ། ཆོས་ལུགས་སོགས་པའི་དབྱེ་འབྱེད་མེད་པར། མིའི་རིགས་སྤྱི་ལ་དབང་བའི་ཡོངས་ཁྱབ་ཀྱི་ཐོབ་ཐང་རྣམས་རྩིས་སྲུང་དང་། དར་འཕེལ་གཏོང་རྒྱུའི་སྐུལ་འདེད་བཏང་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༡/༣༠

Leave a Reply