ངག་དབང་ཡོན་ཏན་ལཊ་ཟློས་གར་ཚོགས་པའི་འགན་འཛིན་དུ་བསྐོས།

དེ་རིང་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་གསར་རྙིང་བར་རྩིས་སྤྲོད་རྩིས་ལེན་གནང་གྲུབ་སྟེ་སང་ཉིན་ནས་དྲུང་ཆེ་གསར་པ་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ནས་དངོས་སུ་ལས་འཁུར་ཞུ་རྒྱུ་རེད་འདུགདེ་རིང་སྔ་དྲོ་ཆུ་ཚོད་ ༡༠ སྟེང་སྤྲོད་དཔང་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་དབུ་བཞུགས་ཐོག བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་གསར་རྙིང་བར་རྩིས་སྤྲོད་རྩིས་ལེན་གྱི་གཞུང་འབྲེལ་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་མར་དྲུང་ཆེ་རྣམ་གཉིས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་ཞུས་རྗེས། ནང་སྲིད་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས་དྲུང་ཆེ་གསར་པ་དཔེ་ཟུར་དབང་འདུས་ཚེ་རིང་ལགས་སུ་ནང་སྲིད་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོའི་སྲིད་སྟེགས་རྩིས་སྤྲོད་གནང་ཡོད་པ་དང་། དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་སང་ཉིན་ནས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོའི་ལས་འཁུར་དངོས་སུ་མགོ་འཛུགས་གནང་རྒྱུ་ཡིན་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ནང་སྲིད་ལས་ཁུངས་ཀྱི་སྒེར་དྲུང་བསྟན་འཛིན་བློ་གསལ་ལགས་སུ། དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱི་ཚབ་ཏུ་ཟློ་གར་ཚོགས་པའི་འགན་འཛིན་སུ་བསྐོས་ཡོད་མེད་དྲིས་པར་ཁོང་གིས། ཟློས་གར་ཚོགས་པའི་འགན་འཛིན་དུ་བཀའ་ཤག་སྐབས་བཅོ་ལྔ་བའི་བཀའ་དྲུང་དྲུང་འཕར་ངག་དབང་ཡོན་ཏན་ལགས་ཕེབས་ཀྱི་ཡོད་སྐོར་བརྗོད་བྱུང་ལ། གསར་དུ་བསྐོ་གཞག་བྱུང་བའི་བཀའ་དྲུང་དྲུང་འཕར་ངག་དབང་ཡོན་ཏན་ལགས་ནས་ཕྱི་ཟླ་ ༡༢ པའི་ཚེས་ ༣ ཉིན་ནས་ཟློས་གར་ཚོགས་པའི་འགན་འཛིན་གྱི་ལས་འཁུར་ཞུ་རྒྱུ་ཡིན་འདུགངག་དབང་ཡོན་ཏན་ལགས་ནི་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་སྐྱེས་ཤིང་། ཕྱི་ལོ་ ༡༩༩༤ ལོར་སི་ཨེ་ཊི་ནས་གཞི་རིམ་སློབ་སྦྱོང་གནང་རྗེས། ཕྱི་ལོ་ ༡༩༩༧ ལོར་རྒྱ་གར་ལྷོ་ཕྱོགས་ཁ་ན་ཊ་ཀའི་གཙུག་ལག་སློབ་གཉེར་ཁང་དུ་ཚོང་རིག་གཙུག་ལག་རབ་བྱམས་པའི་སློབ་མཐར་ཕྱིན། དེ་ནས་ཕྱི་ལོ་ ༢༠༠༥ དང་ ༢༠༠༧ གཉིས་ལ་སིམ་ལ་དང་བྷང་ལོང་སོགས་སུ་སློབ་སྦྱོང་གནང་།

ཕྱི་ལོ་ ༢༠༠༩ ནས་ ༢༠༡༠ བར་ཨ་རིའི་ཁ་ལི་ཧྥོ་ནེ་ཡ་གཙུག་ལག་སློབ་གཉེར་ཁང་དུ་སློབ་སྦྱོང་གནང་རྗེས། རྒྱ་གར་ནང་ཕྱིར་ལོག་སྟེ་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་དགོན་པར་དགེ་རྒན་གནང་། ཕྱི་ལོ་ ༢༠༠༥ ལོ་ནས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ནང་ཞུགས། ཕྱི་ལོ་ ༢༠༡༠ ནས་ ༢༠༡༡ བར་ཨོ་རི་ས་གཞིས་ཆགས་ཀྱི་ས་གནས་གཞིས་མགོ་དང་དྲུང་ཡིག་གཅིག་ལྕོགས་གནང་།  ཕྱི་ལོ་ ༢༠༡༡ ནས་ ༢༠༡༦ བར་ཨ་རིའི་དོན་གཅོད་ཁང་གི་ཟུང་དྲུང་གནང་། ཕྱི་ལོ་ ༢༠༡༦ ཟླ་ ༡༠ ནས་ ༢༠༡༨ ཟླ་ ༦ བར་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་དང་། ཕྱི་ལོ་ ༢༠༡༨ ཟླ་ ༨ པ་ནས་ཕྱི་ལོ་ ༢༠༡༨ ཟླ་ ༡༢ བར་བཀའ་དྲུང་ཡིག་ཚང་གི་དྲུང་འཕར་གྱི་སྲི་ཞུ་ཞུ་མུས་ཡིན་འདུག

 གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༡༡/༣༠

Leave a Reply