བོད་ནང་ལོ་ཁྲི་ ༤ ཙམ་གྱི་ལོ་རྒྱུས་ལྡན་པའི་རྡོ་ཆས་རྙེད།

བོད་རང་སྐྱོང་ལྗོངས་ཉིང་ཁྲི་ཀླུ་སྟེང་གྲོང་ཚོ་ནས་ལོ་ངོ་ཁྲི་ ༣ ནས་ ༤ བར་གྱི་ལོ་རྒྱུས་ལྡན་པའི་རྡོ་ཆས་རིགས་དང་སྲོག་ཆགས་ཀྱི་རུས་པ་སོགས་རྙེད་ཡོད་འདུགཁ་སང་སྣོད་ཀྱི་འཇིག་རྟེན་ཟེར་བའི་དུས་དེབ་སྟེང་བཀོད་པའི་གནས་ཚུལ་ལྟར་ན།  རྒྱ་ནག་གི་གནའ་རྫས་བརྟག་དཔྱད་ཁང་ཞིག་གི་གནའ་རྫས་དཔྱད་ཞིབ་པ་ཤའོ་ལིན་ཀྲང་(Xiaoling Zhang)ཞེས་པ་ཞིག་གིས་སྣེ་འཁྲིད་འོག བོད་རང་སྐྱོང་ལྗོངས་ཉིང་ཁྲི་ཀླུ་སྟེང་གྲོང་ཚོ་རུ་འཚོལ་ཞིབ་བྱས་སྐབས། ལོ་ངོ་ཁྲི་ ༣ དང་ ༤ བར་གྱི་རྡོ་ཆས་རིགས་ ༣༦༠༠ ལྷག་རྙེད་སོན་བྱུང་ཡོད་པ་དང་། དེའི་ཁྲོད་རྡོ་གྲི་དང་རྫ་མ་ཆག་རོ། རྡོ་ཆས་གཞན། སོལ་བ། སྲོག་ཆགས་ཀྱི་རུས་པ་སོགས་བཟོ་ལྟ་མི་འདྲ་བའི་གནའ་རྫས་རིགས་མང་པོ་ཞིག་ཡོད་འདུག

གནའ་རྫས་བརྟག་ཞིབ་ཁང་དེས་ད་ལན་གནའ་དངོས་རིགས་མི་འདྲ་བ་ ༣༦༠༠ ལྷག་རྙེད་པ་དེས་བོད་མཐོ་སྒང་དུ་མིའི་རིགས་བྱུང་སྟེ་ལོ་ངོ་ཁྲི་ ༣ ནས་ ༤ བར་ཕྱིན་ཡོད་པ་ར་སྤྲོད་བྱས་ཡོད་པ་མ་ཟད།  བོད་མཐོ་སྒང་དུ་ཆེས་སྔ་བའི་མིའི་རིགས་བྱུང་ཡོད་པའི་འབྱུང་ཁུངས་ཐོག་མ་དེ་ཆགས་ཡོད་སྐོར་བརྗོད་འདུག་ལ། ད་ལན་གྱི་གནའ་རྫས་གསར་རྙེད་དེར་རྒྱལ་སྤྱིའི་གནའ་རྫས་ཚན་རིག་པ་མང་པོས་དོ་སྣང་ཆེན་པོ་ཡོང་གི་ཡོད་འདུག

བོད་དུ་འགྲོ་བ་མི་བྱུང་ཚུལ་སྐོར་ལ་ཞིབ་འཇུག་བྱེད་བཞིན་པའི་ཨ་རིའི་ཁ་ལི་ཧྥོ་ནེ་ཡ་གཙུག་ལག་སློབ་གཉེར་ཁང་གི་གནའ་རྫས་དཔྱད་ཞིབ་པ་ཇའེ་ཧྥི་བྷེ་རན་ཊི་གྷམ་(Jeff Brantingham)ལགས་ཀྱིས། བོད་མཐོ་སྒང་དུ་འགྲོ་བ་མི་བྱུང་སྟེ་ལོ་ངོ་མང་པོ་ཕྱིན་པའི་དཔང་རྟགས་རྙེད་སོན་བྱུང་བ་ནི་དངོས་གནས་དྲང་གནས་དགའ་འོས་པའི་གནས་ཚུལ་ཞིག་རེད། ཅེས་བརྗོད་ཡོད་པ་དང་། མིའི་རིགས་ཀྱི་རྗེས་ཤུལ་རྙེད་པ་དེས་བོད་ལྗོངས་ཤར་ལྷོའི་ཕྱོགས་ཀྱི་མིའི་རིགས་ག་དུས་བྱུང་སྐོར་གྱི་ལོ་རྒྱུས་ལ་ཁ་བསྐོང་བྱུང་ཡོད་པ་མ་ཟད། བོད་མཐོ་སྒང་གི་དཔལ་ཡོན་སྤྱིའི་འཕེལ་རིམ་ལ་བསྐྱར་གསོ་དང་ཁ་སྣོན་གྱི་བདེན་དཔང་ཞིག་ཀྱང་ཆགས་ཡོད་སྐོར་བརྗོད་འདུག

བརྒྱུད་ལམ་ཁག་གི་གནས་ཚུལ་ནང་། དེ་སྔོན་ཆེད་མཁས་པ་མང་པོ་ཞིག་གིས་ལོ་ངོ་ ༦༠༠༠ ནས་ ༧༠༠༠ ཙམ་དུ་བོད་མཐོ་སྒང་ལ་མི་འཚོ་སྡོད་བྱེད་མཁན་མེད་སྐོར་བརྗོད་ཡོད་པ་མ་ཟད། བོད་ལ་གཡག་དང་ལུག ཞིང་ལས་མ་གཏོགས་མེད་པས་རི་དྭགས་རྔོན་མཁན་དེ་བས་ཀྱང་མེད་སྐོར་བཤད་ཡོད་པ་རེད། འོན་ཀྱང་། ད་རེས་བོད་དུ་འགྲོ་བ་མིའི་རིགས་བྱུང་སྟེ་ལོ་ངོ་ཁྲི་འགའ་ཕྱིན་ཡོད་པའི་དཔང་རྟགས་རྙེད་པ་དེས། འཛམ་གླིང་ནང་ཨ་ཧྥེ་རི་ཁ་ནས་འགྲོ་བ་མི་དར་བའི་སྙན་ཐོ་ལ་ཁ་སྣོན་གསར་པ་ཞིག་ཆགས་ཡོད་པ་དང་། གནའ་རིག་པ་བ་ཚོས་བོད་དུ་རི་དྭགས་རྔོན་མཁན་ལོ་ངོ་ ༡༥༠༠༠ གོང་ནས་ཡོད་པར་བཤད་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༤ པའི་ཚེས་ ༡༢ ཉིན་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཁང་ཟེར་བ་དང་རྒྱ་ནག་ཧྲན་ཞི་ཞིང་ཆེན་གནའ་རྫས་ཞིབ་འཇུག་ཁང་གཉིས་མཉམ་འབྲེལ་ཐོག བོད་ཀྱི་རྒྱལ་ས་ལྷ་སའི་ལྷོ་ནུབ་སྟོད་མངའ་རིས་སང་དྷ་ལུང་པ་ནས་ས་ཁྱོན་ཀེ་ལོ་མེ་ཊར་ ༡༠ བསྔོགས་རྗེས། ཁྱོན་བང་སོ་༩ རྙེད་སོན་བྱུང་ཡོད་པ་དང་། ཞིབ་འཇུག་པས་བང་སོ་དེ་དག་ནང་ལོ་ངོ་ ༣༠༠༠ ལོ་རྒྱུས་ལྡན་པའི་རིག་དངོས་ཡོད་པ་ཤེས་རྟོགས་བྱུང་ཡོད་སྐོར་བསྒྲགས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༡༢/༠༡

Leave a Reply

2 thoughts on “བོད་ནང་ལོ་ཁྲི་ ༤ ཙམ་གྱི་ལོ་རྒྱུས་ལྡན་པའི་རྡོ་ཆས་རྙེད།

  1. བོད་རང་གི་རིགས་རྒྱུད་བོད་རང་ནས་བྱུང་བའི་གྲུབ་དོན་ཞིག་རྙེད་པ་ཡིན་ན་ཡག་ཤོས་རེད། སྔོན་ཆད་ཞིག་ལ་༧གོང་ས་མཆོག་ནས་བོད་ལ་ལོ་ངོ་ཁྲི་གསུམ་ཡས་མས་ཀྱི་ལོ་རྒྱུས་ཡོད་སྐོར་གསུང་བ་གོ་ཐོས་བྱུང་། ད་རེའི་བོད་ལྗོངས་ནས་བྱུང་བའི་རྡོ་ཆས་དང་གནའ་ཤུལ་དེ་ལ་ལོ་ཚོད་དམའ་ཤོས་བཤད་པ་ཙམ་ལས་མཐོ་ཤོས་བཤད་ན་པེ་ཅིན་ཀྲིག་ཁུག་ཀྲན་བྲག་ཕུག་ནས་ཐོན་པའི་རྡོ་ཆས་ལྐུབ་ཏོན་ཡོང་བར་སྐྲག་པ་རེད་བསམ། གང་ལྟར་ལོ་ངོ་༦༠༠༠ནས་༧༠༠༠ བོད་ས་ཐོག་མི་ཡོད་པ་གསལ་བཤད་ཐུབ་ན་དེའི་གོང་གི་ལོ་ངོ་ཁྲི་ཡས་མས་ན་མི་ཡོད་ཆོག་ཆོག་ཡིན་རྒྱུ་རེད་བསམ།
    བསམ་བློ་ཞིབ་ཏུ་བཏང་ན་བསྐལ་བ་ཡ་ཐོག་ནས་མཐོ་སྒང་ཧི་མ་ལ་ཡ་ནས་རྒྱ་མཚོ་མར་བྲིན་ནས་འགྲོ་སྐབས་མཐོ་སྒང་བོད་པའི་ས་སྒང་འདིར་མི་ཐོག་མ་ཆགས་ནས་མར་མར་དམའ་སར་མིའི་འགྲོ་བ་ཆགས་པའི་གནས་ལུགས་ཡོད་སྲིད་པ་རེད་བསམ།

  2. ད་གཞི་ནས་བོད་པས་བོད་ཀྱི་ལོ་རྒྱུས་དངོས་རྫུན་གང་ཡིན་ཤེས་པའི་རེ་བ་ཡོད། འོན་ཀྱང་ད་དུང་བོད་པ་ཕལ་མོ་ཆེས་བོད་ཀྱི་ལོ་རྒྱུས་དངོས་ཤེས་རྒྱུར་དུས་ཚོད་གང་འཚམས་འགོར་སྲིད། གང་ཡིན་ཟེར་ན་བོད་པ་ཕལ་མོ་ཆེས་བོད་ཀྱི་ལོ་རྒྱུས་ཤོད་སྐབས་ལོ་ངོ་བཞི་སྟོང་ལྔ་སྟོང་ཙམ་ཞིག་ནས་གཞི་ནས་བོད་མི་སྤྲ་སྤྲེལ་ལས་བྱུང་ཞིང་དེ་ནས་གཞི་ནས་བོད་ཀྱི་རིག་གནས་ཐམས་ཅད་རྒྱ་གར་ནས་བྱུང་སྟེ་བོད་པ་ཤེས་རིག་དཔལ་ཡོམ་ཚང་བ་ཞིག་ཏུ་བྱུང་རབས་ཀྱི་སྒྲུང་མང་པོ་བརྩམས་ཡོད་པས་དེ་དག་རྣམས་ལམ་སང་རྫུན་མར་ངོས་ལེན་བྱེད་རྒྱུར་ངོ་ཚ་དང་ཁ་སྐྱེངས་ཀྱིས་དབང་གིས་རེད།