སྤྱི་འཐུས་ཚོགས་གཙོ་གསར་པས་ལས་འཁུར་དམ་བཅའ་ཕུལ།

དེ་རིང་སྔ་དྲོར་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་པདྨ་འབྱུང་གནས་མཆོག་གིས་སྤྱི་འཐུས་ཚོགས་གཙོ་གསར་པའི་ལས་འཁུར་དམ་བཅའ་ཕུལ་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་བོད་ཐོག་ཁང་ཆེན་མོའི་ཚོགས་ཁང་དུ། བོད་མི་མང་སྤྱི་འཐུས་པདྨ་འབྱུང་གནས་མཆོག་གིས་ལོ་གཉིས་དང་ཕྱེད་ཀའི་རིང་གི་སྐབས་བཅུ་དྲུག་པའི་སྤྱི་འཐུས་ཚོགས་གཙོའི་ལས་འཁུར་དམ་བཅའ་འབུལ་བའི་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་འགྲུབ་མཆོག་དང་ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་ལགས་གཉིས་ཀྱི་གཙོའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པ་བཅས་ཕེབས་འདུག

མཛད་སྒོའི་ཐོག་མར་ཁྲིམས་ཞིབ་པ་ཆེ་བ་དང་སྤྱི་འཐུས་ཚོགས་གཙོ་གསར་པ་རྣམ་གཉིས་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་མན་ཌལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས། སྤྱི་འཐུས་ཚོགས་གཙོ་གསར་པ་པདྨ་འབྱུང་གནས་མཆོག་ནས་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་ལས་འཁུར་དམ་འབུལ་ཞུས་སོང་།

གསར་འགོད་པས་སྤྱི་འཏུས་ཚོགས་གཙོ་མཆོག་ལ་མ་འོངས་པའི་ལོ་གཉིས་དང་ཕྱེད་ཀའི་རིང་དམིགས་བསལ་གྱིས་ལས་དོན་ག་རེ་གནང་རྒྱུར་དགོངས་པ་བཞེས་ཡོད་དྲིས་པར་ཁོང་གིས། ད་ལྟའི་ཆར་དམིགས་བསལ་ལས་རིམ་སྒྲིག་བཞག་པ་གང་ཡང་མེད་མོད། ཡིན་ན་ཡང་། གཙོ་བོ་དེ་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་དགོངས་ཇི་བཞིན་གང་ཐུབ་ཐུབ་འབད་བརྩོན་བྱ་རྒྱུ་དང་། དམིགས་བསལ་བོད་དོན་བདེན་མཐའ་སེལ་ཆེད་སོ་སོའི་ནུས་པའི་གང་འཇོན་བྱ་རྒྱུ་དང་། དེ་སྔོན་ང་རང་སྤྱི་འཐུས་ཚོགས་གཙོ་བྱས་པའི་སྐབས་ང་ཚོ་རྒྱ་གར་ལུང་པའི་ནང་བསྡད་ཡོད་དུས་རྒྱ་གར་གྱི་གྲོས་ཚོགས་དང་མངའ་སྡེའི་གྲོས་ཚོགས་ཁག་ནས་རྒྱབ་སྐྱོར་ཡོང་ཐབས་གང་ཡོང་ཡོང་བྱས་པ་རེད། ཡིན་ན་ཡང་འབད་བརྩོན་བྱས་པ་ནང་བཞིན་བྱུང་ཡོད་པ་མ་རེད། སྐབས་དེར་༧སྐྱབས་མགོན་རིན་པོ་ཆེ་མཆོག་ལ་ལས་འཆར་ནང་དེ་ལྟར་བྲིས་པ་ཡིན་མོད་བྱུང་མ་སོང་ཞེས་ཞུས་སྐབས། ༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དེ་ཕངས་པོ་རེད་ཨ་ཞེས་གསུངས་བྱུང་། དེ་ཡིན་དུས་ད་རེས་དུས་ཡུན་འདིའི་རིང་མངའ་སྡེའི་གྲོས་ཚོགས་གང་མང་མང་ལ་འབྲེལ་བ་འཛུགས་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན་མོད་ཐུབ་མ་ཐུབ་ཞེས་པ་དེ་གནས་ཚུལ་ཁ་ཁ་རེད། དེ་བཞིན་ང་ཚོ་བོད་རྒྱ་ཆེའི་མི་མང་གིས་འདེམས་བཞག་པའི་འོས་མི་ཡིན་དུས་རྒྱ་ཆེའི་མི་མང་བློ་ཕམ་མི་བཅུག་པ་དེ་གལ་ཆེན་པོ་ཡིན་དུས། མ་འོངས་པར་དེ་དག་གི་སྒང་ལ་འབད་བརྩོན་བྱ་ཡི་ཡིན། ཞེས་གསུངས་བྱུང་།

ཡང་ཁོང་ལ་འདས་པའི་ལོ་གཉིས་དང་ཕྱེད་ཀའི་རིང་གི་སྤྱི་འཐུས་ཚོགས་གཙོ་ཟུར་པ་མཆོག་གི་ཕྱག་ལས་མཇུག་སྐྱོང་གནང་དགོས་པ་ག་རེ་ལྷག་ཡོད་དྲིས་པར། ད་ལྟའི་ཆར་ཚོགས་གཙོ་ཟུར་པས་ལས་དོན་མ་འགྲུབ་པ་འདི་ཡིན་ཞེས་གསུང་མ་སོང་པས་ང་ལ་ཞུ་རྒྱུ་གང་ཡང་མི་འདུག་མོད། རྗེས་མ་ཚོགས་གཙོ་ཟུར་པས་གསུང་གི་རེད་ལ་གསུང་བ་དང་ལས་དོན་ག་རེ་ལྷག་ཡོད་པ་དེ་མཇུག་སྐྱོང་བྱ་རྒྱུ་དེ་རེད། ཅེས་གསུངས་བྱུང་།

ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༣༠ ཉིན། སྐབས་དེའི་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱི་སྟངས་འཛིན་འོག སྐབས་ ༡༦ པའི་ངོ་བཅར་སྤྱི་འཐུས་ ༤༤ ནས་གསང་བའི་འོས་ཐེངས་གསུམ་བླུགས་ཡོད་ཀྱང་། ཚོགས་ཟུར་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཙོ་གསར་པ་པདྨ་འབྱུང་གནས་མཆོག་གཉིས་ཀྱི་འོས་གྲངས་འདྲ་མཉམ་ཆགས་པར་བརྟེན། མཐར་ཁོང་རྣམ་པ་གཉིས་ནས་ནང་མོལ་གནང་བ་བརྒྱུད་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ ༢༠༡༦ ་ཟླ་ ༥ ཚེས་ ༣༡ ནས་ ༢༠༡༨ ཟླ་ ༡༡ ཚེས་ ༣༠ བར་ལས་འཁུར་ཞུ་རྒྱུ་དང་། པདྨ་འབྱུང་གནས་མཆོག་གིས་ ༢༠༡༨ ་ཟླ ༡༢་ཚེས་ ༡ ཉིན་ནས་ ༢༠༢༡ ཟླ་ ༥ ཚེས་ ༢༩ བར་ལས་འཁུར་ཞུ་རྒྱུ་ཐག་གཅོད་གནང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༢/༠༡

Leave a Reply