ཨ་རིའི་སྲིད་འཛིན་ཟུར་པ་བྷུ་ཤི་ཞེ་གཅིག་པ་སྐུ་གྲོངས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རིའི་སྲིད་འཛིན་སྐབས་ ༤༡ པ་ཇོ་ཇ་ཧར་བྷར་ཊི་ཝོལ་ཁར་བྷུ་ཤི་མཆོག་སྐུ་གྲོངས་བར་ཁོང་གི་ནང་ཁྱིམ་འབྲེལ་ཡོད་བཅས་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག
ཁ་སང་ཕྱི་ཚེས་ ༣༠ ཉིན་གྱི་དགོང་མོར་ཨ་རིའི་མངའ་སྡེ་ཊག་སེ་སི་(Texas)ཡི་གྲོང་ཁྱེར་ཧོ་སི་ཊོན་(Houston)དུ། ཨ་རིའི་སྲིད་འཛིན་སྐབས་ ༤༡ པ་ཇོ་ཇི་ཧར་བྷར་ཊི་ཝོལ་ཁར་བྷུ་ཤི་(George Herbert Walker Bush)མཆོག་དགུང་གྲངས་ ༩༤ སྟེང་སྐུ་གྲོངས་ཡོད་པ་དང་། ཁོང་ནི་འཛམ་གླིང་དམག་ཆེན་ནང་ཞུགས་པའི་ཨ་རིའི་དམག་མི་ཞིག་སྐབས་དེའི་སྲིད་འཛིན་དུ་བདམས་པ་ཐོག་མ་དང་། ཨ་རིའི་སྲིད་འཛིན་སྐབས་ ༤༣ པའི་པ་ལགས་ཡིན་པ་རེད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཇོ་ཇི་བྷུ་ཤི་མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་བའི་ནང་། ངོས་ནས་ཁྱེད་ཀྱི་པ་ལགས་འདས་གྲོངས་སུ་ཕྱིན་པར་ཁྱེད་དང་ཁྱེད་ཀྱི་ནང་མི་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད། ཁོང་ནི་ངོས་ལ་ཐུག་འཕྲད་བྱུང་བའི་ཨ་རིའི་སྲིད་འཛིན་དང་པོ་དེ་ཡིན་ལ། ཁྱེད་ཀྱི་པ་ལགས་ནས་བོད་མི་ཚོ་དང་བོད་ནང་གི་གནས་སྟངས་ཐད་ཐུགས་འཁུར་བཞེས་པར་ངོས་ལ་སེམས་ཚོར་ཆེན་པོ་བྱུང་། ཞེས་གསུངས་འདུག

ཡང་གསུང་འཕྲིན་ནང་། ལོ་ངོ་ ༩༤ རིང་འཚོ་བཞུགས་གནང་བ་ནི་དངོས་གནས་དྲང་གནས་བསྔགས་བརྗོད་ཞུ་འོས་པ་ཞིག་རེད། སྐུ་ཉིད་ཀྱི་པ་ལགས་མེད་པར་གྱུར་བ་དེའི་ཚབ་སུ་གང་གིས་ཀྱང་གནང་ཐབས་མེད་ནའང་། ང་ཚོས་བྱེད་ཐུབ་པ་ནི་ཁོང་གིས་མི་ཚེ་གང་བོར་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབས་ཏེ་དོན་སྙིང་ལྡན་པའི་མི་ཚེ་ཞིག་བསྐྱལ་ཡོད་པར་བསལ་བློ་གཏོང་རྒྱུ་གལ་ཆེན་ཡིན། ངོས་ནས་སྐུ་ཉིད་ཀྱི་པ་ལགས་ལ་སོ་སོའི་བྱིས་པ་ཚོར་སྤྱི་ཚོགས་ཞབས་ཞུ་སྒྲུབ་དགོས་པའི་བཀའ་བཏང་ཡོད་ལ་དེའི་ཁྲོད་ཁྱེད་ཀྱང་ཡོད་པ་རེད། ཅེས་གསུངས་འདུག

སྲིད་འཛིན་སྐབས་ ༤༣ པ་ཟུར་པ་བྷུ་ཤི་མཆོག་གིས། ང་ཚོའི་པ་ལགས་ནི་ང་ཚོའི་སེམས་ཀྱི་མི་སྣ་ཡག་ཤོས་ཡིན་པས། ཁོང་འདས་གྲོངས་སུ་ཕྱིན་པར་ང་ཚོ་ཚང་མར་སྐྱོ་གདུང་ཆེ་ནའང་། ཐག་ཉེ་རིང་གི་གྲོགས་པོ་ཚོ་དང་མི་མང་གིས་ང་ཚོར་གདུང་སེམས་མཉམ་སྐྱེད་དང་སྨོན་ལམ་གནང་བར་ངེད་བྷུ་ཤི་ནང་མི་ཡོངས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་ལགས་ཀྱིས། དེ་རིང་ཨ་རིས་རྒྱལ་ཞེན་གྱི་སྙིང་སྟོབས་ལྡན་ཞིང་ཞི་བའི་སྲིད་སྐྱོང་མཁན་ཇོ་ཇི་ཧར་བྷར་ཊི་ཝོལ་ཁར་བྷུ་ཤི་མཆོག་མེད་སོང་བས། ང་ཚོའི་སེམས་པ་སྐྱོ་བས་ཁེངས་ཡོད་ལ། བྷུ་ཤི་ནང་མི་ཚོར་གདུང་སེམས་མཉམ་སྐྱེད་ཡོད། ཅེས་གསུངས་འདུག དེ་བཞིན། ཨ་རིའི་ལས་ཐོག་སྲིད་འཛིན་ཊོམ་ཕུ་དང་སྐུ་ལྕམ་དང་པོ་མལ་ལཱ་ནེ་ཡ་ཊོམ་ཕུ་(Melania Trump)ལགས་ཀྱི་གཙོས་ཕོ་བྲང་དཀར་པོའི་གྲོས་འདོན་པ་གེ་ལེ་ཨན་ནེ་ཁའོ་ཝེ་(Kellyanne Coway)སོགས་མང་པོས་གདུང་སེམས་མཉམ་སྐྱེད་ཞུས་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༨ ཉིན་ཇོ་ཇི་ཧར་བྷེར་ཊི་ཝོལ་ཁར་བྷུ་ཤི་མཆོག་གི་སྐུ་ལྕམ་བྷར་བྷ་ར་བྷུ་ཤི་(Barbara Bush)ལགས་རང་ཁྱིམ་དུ་སྐུ་གྲོངས་རྗེས། ཇོ་ཇི་ཧར་བྷེར་ཊི་ཝོལ་ཁར་བྷུ་ཤི་མཆོག་གི་གནས་སྟངས་ཛ་དྲག་ཏུ་ཕྱིན་ཏེ་ཡུན་རིང་འཚོ་བཞུགས་ཐུབ་རྒྱུ་མིན་སྐོར་བརྗོད་ཡོད་པ་དང་། ཁོང་འཚོ་བཞུགས་སྐབས་རང་ཉིད་ཀྱི་བུ་བྷུ་ཤི་དང་མིང་གཅིག་མཚུངས་ཡིན་པ་མི་འཁྲུག་པའི་ཆེད་དུ། རང་ཉིད་ཀྱི་མིང་ལ་ཇོ་ཇི་ཧེར་བྷར་ཊི་ཝོལ་ཁར་བྷུ་ཤི་དང་བྷུ་ཤི་ ༤༡ པ(Bush 41)། ཡང་ན་ཇོ་ཇི་བྷུ་ཤི་རྒན་པ་(George Bush Sr)བཅས་བཏགས་ཡོད་འདུག

ཇོ་ཇི་ཧར་བྷེར་ཊི་ཝོལ་ཁར་བྷུ་ཤི་མཆོག་ནི་ཕྱི་ལོ་ ༡༩༢༤ ཟླ་ ༦ ཚེས་ ༡༢ ཉིན་ཨ་རིའི་མངའ་སྡེ་མྰ་ས་ཆའོ་སི་ཊིའི་(Massachusetts)མིལ་ཊོན་(Milton)གྲོང་ཚོ་རུ་སྐྱེས་ཤིང་། ཕྱི་ལོ་༡༩༤༡ ཟླ་ ༡༢ ཚེས་ ༧ ཉིན་ནས་བཟུང་ཨ་རིའི་ནང་འཁྲུག་ཅིག་བྱུང་བར་རྐྱེན་བྱས་ཏེ། རང་ལོ་ ༡༨ སྟེང་ནས་ཨ་རིའི་དམག་ཁོངས་སུ་ཞུགས། སྐབས་དེར་ཁོང་ཨ་རིའི་མཁའ་དམག་ཁྲོད་ཀྱི་དམག་མི་ལོ་ཆུང་ཤོས་དེ་ཡིན་པ་དང་། ཁོང་གིས་ཕྱི་ལོ་ ༡༩༤༥ བར་དམག་ཁོངས་སུ་སྲི་ཞུ་བསྒྲུབས་རྗེས། ཨ་རིའི་ཡ་ལེ་གཙུག་ལག་སློབ་གཉེར་ཁང་དུ་སློབ་སྦྱོང་བྱས་ཏེ་ཕྱི་ལོ་ ༡༩༤༨ ལོར་སློབ་མཐར་ཕྱིན་པ་དང་ཁྱིམ་ཚང་ཨ་རིའི་མངའ་སྡེ་ཊག་སེ་སིའི་ནུབ་རྒྱུད་དུ་གནས་སྤོར་བྱས། དེ་ནས་ཁོང་གིས་སྣུམ་ཚོང་བརྒྱབས་ཏེ་ལོ་༤༠ སྟེང་ས་ཡ་མང་པོ་ཡོད་པའི་ཕྱུག་བདག་ཞིག་ཏུ་གྱུར་ཡོད་པ་རེད། དེ་ནས་རིམ་བཞིན་ཨ་རིའི་ཆབ་སྲིད་ནང་ཞུགས་ཏེ་ཕམ་ཁ་གང་མང་མྱངས་རྗེས།  ཕྱི་ལོ་ ༡༩༨༩ ལོར་ཨ་རིའི་སྲིད་འཛིན་སྐབས་ ༤༡ པར་བདམས། ཕྱི་ལོ་ ༡༩༨༡ ནས་ ༡༩༨༩ བར་ཨ་རིའི་སྲིད་འཛིན་གཞོན་པ་སྐབས་ ༤༣ པ་བཅས་གནང་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༡༢/༠༡

Leave a Reply

2 thoughts on “ཨ་རིའི་སྲིད་འཛིན་ཟུར་པ་བྷུ་ཤི་ཞེ་གཅིག་པ་སྐུ་གྲོངས།

  1. ཁོང་འདས་གྲོངས་སུ་ཕྱིན་པ་ བློ་ཕམ་དང་གདུང་སེམས་མཉམ་སྐྱེ་ཞུ། ཁོང་གི་ བོད་དང་། ༧གོང་ས་མཆོག་ Dalai Lama འཛམ་གླིང་སྤྱི་དང་དཔོན་རིགས་ཚོའི་ཀླད་པའི་ནང་དོ་སྣང་སླེབ་ཐུབ་པ་བཟོ་ཡོད། བརྗེད་ཐབས་མེད་པ་ཞིག་རེད།

  2. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    སེམས་ཅན་ཐམས་ཅད་བདེ་བ་དམ་པ་དང་ལྡན་པ་ཤོག།
    སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བ་ཤོག།
    སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་
    དམ་པ་དང་མ་བྲལ་བ་ཤོག།
    སེམས་ཅན་ཐམས་ཉེ་རིང་ཆགས་དཱངས་ཉིད་དང་
    བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་རྒྱུར་གཅིག།
    ཨོམ་མ་ཎི་པདྨེ་ཧུང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཧྲི།