གདང་ལ་རི་བོ་དཔེ་ཚོགས་ཀྱིས་དྲ་རྒྱ་གསར་པ་ཞིག་སྒོ་འབྱེད་བྱས།

བོད་སྐད་ཡིག་ཉམས་རྒུད་དུ་འགྲོ་བཞིན་པའི་ད་ལྟའི་དུས་སྐབས་འདི་ནི་རྩོམ་པ་པོ་ཚོར་གོ་སྐབས་ཡག་ཤོས་ཤིག་རེད་ཟེར།དེ་རིང་སྔ་དྲོའི་ཆུ་ཚོད་  ༩།༣༠ ཡོལ་ཙམ་ལ་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། གདང་ལ་རི་བོ་སྐབས་གསུམ་པའི་སྙན་རྩོམ་འགྲན་སྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་ཚོགས་སོང་བ་དང་།  མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གི་དབུས་པའི་བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་དང་། ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་སྨན་ཤེལ་བློ་གྲོས་ལགས།  སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་འཇུ་བསྟན་སྐྱོང་ལགས།  བོད་ཀྱི་དུས་བབ་རྩོམ་སྒྲིག་པ་པདྨ་མཚོ་བཅས་དང་།  གདང་ལ་རི་བོ་རྩོམ་སྒྲིག་ཁང་གི་ཚོགས་མི་རྣམས་དང་སེར་སྐྱ་ཕོ་མོ་ཁག་ཅིག་བཅས་འཛོམས་འདུག

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་ནས་གདང་ལ་རི་བོ་དཔེ་ཚོགས་ཀྱིས་བཟོས་པའི་བོད་ཀྱི་རྩོམ་རིག་དང་འབྲེལ་བའི་དྲ་རྒྱ་གསར་པ་ཞིག་དབུ་འབྱེད་དང་། གདང་ལ་རི་བོའི་སྐབས་གསུམ་པའི་སྙན་རྩོམ་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་མཁན་བོད་གཞིས་བྱེས་གཉིས་ཀྱི་རྩོམ་པ་པོ་ ༡༣ ལ་གཟེངས་བསྟོད་བྱ་དགའ་གནང་སོང་། དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་ནས་གདང་ལ་རི་བོའི་སྙན་རྩོམ་ཆེད་དེབ་དཔར་ཐེངས་གཉིས་པ་དེ་དབུ་འབྱེད་གནང་།

མཛད་སྒོའི་ཐོག་གདང་ལ་རི་བོ་དཔེ་ཚོགས་ཀྱི་རྩོམ་སྒྲིག་པ་འབྲོང་ངུར་བསྟན་འཛིན་ལམ་བཟང་ལགས་ཀྱིས་གདང་ལ་རི་བོ་འགྲན་རྩོམ་གཟེངས་བསྟོད་ཀྱི་བྱ་དགའི་མཛད་སྒོ་ཚོགས་དགོས་པའི་དམིགས་ཡུལ་སྐོར་ནས་གཏམ་བཤད་གནང་སྐབས། ང་ཚོས་རང་ལ་ཡོད་པའི་ཤེས་ཡོན་ཕྲན་བུ་དེ་བེད་སྤྱོད་བྱས་ཏེ་བོད་ཀྱི་སྐད་ཡིག་ཐོག་ལ་ལས་ཀ་བྱས་པ་ཡིན་ན། རང་གི་སྐད་ཡིག་ལ་ཕན་ཐོགས་ཉུང་ཉུང་ཞིག་གསག་ཡོང་བསམ་ཏེ་གདང་ལ་རི་བོ་དཔེ་ཚོགས་དེ་འགོ་བཙུགས་པ་ཡིན་སྐོར་དང་། སྤྱིར་བཏང་བོད་ནང་ལ་མཚོན་ན། རྒྱ་ནག་གིས་སྐད་ཡིག་དང་རིག་གཞུང་སོགས་ཀྱི་ཐད་ལ་དམ་དྲག་ཤུགས་ཆེན་པོ་བྱེད་ཀྱི་ཡོད་ཀྱང་། བོད་མི་རྣམས་ཀྱིས་དཀའ་ངལ་ལ་གདོང་ལེན་གྱིས་བོད་ཀྱི་རིག་གནས་སྤྱི་དང་། ལྷག་པར་བོད་ཀྱི་རྩོམ་རིག་ཐད་ལ་སྙིང་སྟོབས་ཆེན་པོས་ཤུགས་བརྒྱབ་སྟེ། སྤུས་ཚད་དང་གྲངས་འབོར་གཉིས་ཀའི་ཆ་ནས་མིའི་བློ་ཁ་འབྱེད་ཐུབ་པའི་བརྩམས་ཆོས་མང་པོ་ཐོན་གྱི་ཡོད་པ་རེད། ཡིན་ན་ཡང་བཙན་བྱོལ་ནང་ཆ་མཚོན་ན་རྩོམ་རིག་ཐོག་དོ་སྣང་བྱེད་མཁན་ཉུང་ཉུང་ཡིན་པ་དང་། ལྷག་པར་དུ་སྙན་ངག་འབྲི་མཁན་ཧ་ཅང་དཀོན་པོ་རེད། འགའ་ཤས་ཡོད་པ་དེ་དག་ཀྱང་ཕལ་ཆེ་བ་བོད་ནས་འབྱོར་བ་ཤ་སྟག་ཡིན་པ་དང་། བཙན་བྱོལ་ནང་གི་རྩོམ་པ་པོ་རྣམས་ལ་ཆེ་མཐོང་མེད་པ་མ་ཟད། ཕལ་ཆེ་བས་རྩོམ་པ་པོ་ཟེར་ན་དུས་ཚོད་མི་འཁྱོལ་མཁན་གྱི་མི་ཞིག་དང་། རྩོམ་འབྲི་བ་དེ་ལས་ཀ་མེད་པའི་མི་ཞིག་གི་བྱ་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་སོང་།

དེའི་རྗེས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་འཇུ་བསྟན་སྐྱོང་ལགས་ཀྱིས། ད་ལྟའི་བོད་ཀྱི་སྙན་ངག་གི་དར་རྒུད་སྐོར་ནས་གཏམ་བཤད་སྤེལ་སྐབས།  སྤྱིར་སྒྱུ་རྩལ་ལ་ལྟ་སྟངས་ཀྱི་ཁྱད་པར་ཡོད་པའི་དབང་གིས་སྙན་ངག་དེ་ཉམས་འགྲོ་ཡི་ཡོད་ལ། འཕེལ་ཡང་འགྲོ་ཡི་ཡོད།  ཡིན་ན་ཡང་ང་ཚོས་ཐག་ཆོད་པོའི་སྒོ་ནས་སྡོམ་ཚིག་ཅིག་བརྒྱབ་ན། མི་རིགས་ཤིག་གི་སྐད་ཡིག་དེ་ཉམས་སོང་ན། མི་རིགས་དེའི་སྙན་ངག་ཀྱང་ཉམས་འགྲོ་བ་དེ་རེད། ཅེས་དང་། ད་ལྟའི་ཆར་བོད་ཀྱི་རྩོམ་པ་པོ་རྣམས་ལ་བརྗོད་བྱ་དང་རྗོད་བྱེད་གཉིས་ཀའི་ཆ་ནས་དཀའ་ངལ་ཞིག་འཕྲད་བཞིན་ཡོད་པ་རེད། དེ་ཡང་རྒྱ་ནག་གིས་བོད་ནང་དམ་དྲག་ཆེ་བའི་རྐྱེན་གྱིས་བརྗོད་བྱ་གདམ་རྒྱུར་དཀའ་ངལ་ཡོད་པ་དང་། རྗོད་བྱེད་ཀྱི་ཆ་ནས་བོད་ཀྱི་སྐད་ཡིག་དེ་ཉམས་བཞིན་པས་རེད། ཅེས་དང་། བོད་ཀྱི་རྩོམ་པ་པོ་རྣམས་ལ་མཚོན་ན་སྐད་ཡིག་ཉམས་རྒུད་འགྲོ་བཞིན་པའི་ད་ལྟའི་དུས་སྐབས་འདི་ནི་གོ་སྐབས་བཟང་ཤོས་དེ་ཡིན་པ་དང་། དུས་སྐབས་འདི་འདྲའི་ནང་ད་གཟོད་རང་གི་སྐད་ཡིག་ཐོག་ལ་བྱས་རྗེས་ལྷག་པར་འཇོག་ཐུབ་པ་རེད། ཅེས་སོགས་བརྗོད་སོང་།

དེ་ནས་བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས། ང་ཚོས་བོད་ཀྱི་སྐད་ཡིག་ཟེར་དུས་རྒྱལ་ཁབ་དང་ས་ཁུལ་སོགས་ཀྱི་དབྱེ་མཚམས་མེད་པའི་སྒོ་ནས་ངོས་འཛིན་བྱས་པ་ཡིན་ན། བོད་མདོ་དབུས་ཁམས་གསུམ་ཙམ་མིན་པར། བོད་ཀྱི་རིག་གཞུང་དང་འབྲེལ་འདྲིས་ཆེ་བའི་བལ་ཡུལ་དང། ལ་དྭགས་དང་འབྲས་ལྗོངས་སོགས་ཧི་མཱ་ལ་ཡའི་རི་རྒྱུད། དེ་བཞིན་འབྲུག་གི་སྐད་ཡིག་བཅས་ཀྱང་བོད་ཀྱི་སྐད་ཡིག་ཡིན་པར་གཅིག་མཚུངས་ཀྱི་ངོས་འཛིན་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་། དུས་རབས་༧ པའི་གོང་གི་ཞང་ཞུང་སྐད་ཡིག་དེ་ཡང་བོད་ཀྱི་སྐད་ཡིག་ཡིན་པས་ངོས་འཛིན་དེས། བོད་ཀྱི་སྐད་ཡིག་ལ་འཁོར་རྒྱའི་ཆ་ནས་རྒྱ་ཆེན་པོར་གྱུར་བ་མ་ཟད། སྐད་ཡིག་མུ་མཐུད་གནས་པར་མཐུན་རྐྱེན་ཆེན་པོ་ཞིག་བསྐྲུན་ཐུབ་ཀྱི་ཡོད་པ་རེད་བསམ་གྱི་འདུག ཅེས་བརྗོད་སོང་།

དུས་བབ་རྩོམ་སྒྲིག་པ་པདྨ་མཚོས་བོད་ཀྱི་བུད་མེད་རྩོམ་པ་པོའི་བརྩམས་ཆོས་དང་དེའི་ཤུགས་རྐྱེན་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་བྱེད་སྐབས། སྤྱིར་སྔར་དང་བསྡུར་ན་བོད་ཀྱི་དེང་རབས་རྩོམ་རིག་གི་ཁོར་ཡུག་ནང་བུད་མེད་རྩོམ་པ་པོ་མང་པོ་ཞིག་ཐོན་གྱི་ཡོད་ཀྱང་། གྲངས་འབོར་གྱི་ཆ་ནས་ད་ལྟའང་ཧ་ཅང་ཉུང་ཉུང་ཡིན་པ་དང་། དེ་བཞིན་བཙན་བྱོལ་ནང་རྒྱ་ཡིག་དང་དབྱིན་ཡིག་སོགས་ཕྱིའི་སྐད་ཡིག་ཐོག་ནས་རྩོམ་འབྲི་མཁན་བུད་མེད་གང་འཚམ་ཞིག་ཡོད་ཀྱང་། ཁོ་ཚོའི་བརྩམས་ཆོས་ཀྱིས་བོད་པའི་སྤྱི་ཚོགས་ལ་ཤུགས་རྐྱེན་དེ་ཙམ་ཆེན་པོ་ཐེབས་ཐུབ་མེད་པ་དེ། ཤེས་ཚད་ཀྱིས་མ་འདང་བ་མིན་པར་རྩོམ་ཡིག་གི་བརྗོད་གཞི་ཁྱབ་རྒྱ་ཆེ་ཆུང་དང་། སྤྱི་ཚོགས་ཀྱི་དོ་དབྱིངས་ཁ་ཕྱོགས་ལོགས་སུ་ཕྱིན་པའི་རྐྱེན་གྱིས་ཡིན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་སོང་།

དེའི་རྗེས་བོད་བཙན་པོའི་དུས་སྐབས་ཀྱི་ངག་ཐོག་དང་ཡིག་ཐོག་སྙན་ངག་སྐོར་ནས་ནོར་གླིང་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་ིིལོ་རྒྱུས་སློབ་དཔོན་སྨན་ཤེར་བློ་གྲོས་ལགས་ཀྱིས།  དུས་རབས་ ༨ པའི་ནང་བོད་ཀྱི་བཙན་པོ་རྣམས་ཀྱིས་བསམ་ཡས་གཙུག་ལག་ཁང་བཞེངས་ཏེ། དེའི་ནང་བོད་ཀྱི་ཤེས་ཡོན་གྱི་སྒྲོམ་གཞི་དང་འཆར་སྣང་ཆེ་ཤོས་དེ་བསླངས་ཡོད་པ་དང་། བོད་པ་རྣམས་ཀྱིས་དེའི་རྗེས་དེ་ལྟ་བུའི་ཤེས་ཡོན་གྱི་སྒྲོམ་གཞི་ཆེན་པོ་ཞིག་བསླངས་ཐུབ་མེད་པ་དང་། བོད་སིལ་བུའི་རྗེས་བོད་ཀྱི་སྔར་ཡོད་ཤེས་ཡོན་ལམ་སྲོལ་དེ་སླར་གསོ་དང་རྒྱུན་འཛིན་ཀྱང་བྱས་ཐུབ་མ་ཐུབ་ཀྱི་གནས་སྟངས་ལ་གྱར་ཡོད་སྐོར་དང་། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་དུ། བཙན་པོའི་དུས་སྐབས་སུ་བོད་ཀྱི་རྩོམ་རིག་དེ་དར་འཕེལ་ཀྱི་ཚད་མཐོ་ཤོས་སུ་བསླེབས་ཡོད་པ་དང་། རྒྱ་དཀར་ནག་གི་རྩོམ་རིག་ལོ་རྒྱུས་ལ་བལྟས་ན་ཡང་དེ་ལྟར་ཡིན་སྐོར་སོགས་བརྗོད་སོང་།

མཇུག་ཏུ་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས། གདང་ལ་རི་བོ་དཔེ་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་དང་བླངས་ཀྱི་ཐོག་ནས་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱས་ཏེ་བོད་ཀྱི་སྐད་ཡིག་གི་ཆེད་དུ་ཕྱག་ལས་འདི་ལྟ་བུ་གནང་གི་ཡོད་པར། བོད་ཀྱི་སྐད་ལ་བསླབ་པ་དོན་གཉེར་བྱེད་མཁན་གྱི་བོད་མི་ཚང་མའི་ཚབ་བྱས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། གདང་ལ་རི་བོ་དཔེ་ཚོགས་ཀྱི་ཕྱག་ལས་དེ་ནི་བོད་ཀྱི་ཤེས་ཡོན་གོང་འཕེལ་གྱི་ཕྱག་ལས་རླབས་ཆེན་ཞིག་ཀྱང་ཡིན་པས་རྗེས་སུ་ཡི་རང་ཡོད་སྐོར་གསུངས་སོང་།

མཛད་སྒོ་གྲོལ་རྗེས། འདི་གའི་གསར་འགོད་པས་གདང་ལ་རི་བོ་དཔེ་ཚོགས་ཀྱི་རྩོམ་སྒྲིག་པ་དང་། དཔེ་ཚོགས་འགོ་འཛུགས་གནང་མཁན་ཁོངས་སུ་ཡོད་པའི་འབྲོང་ངུར་བསྟན་འཛིན་ལམ་བཟང་ལགས་ལ་དཔེ་ཚོགས་དེའི་སྐོར་བཅར་འདྲི་ཞུས་པར་ཁོང་གིས། གདང་ལ་རི་བོ་དཔེ་ཚོགས་དེ་གཞོན་སྐྱེས་གྲོགས་པོ་རེ་འགས་དང་བླངས་ཀྱི་ཐོག་ནས་ཕྱི་ལོ ༢༠༡༤ ལོར་འགོ་འཛུགས་ཀྱིས་ད་བར་དེབ་ཕྲེང་དགུ་ཙམ་བཏོན་ཟིན་པ་དང་། དཔེ་ཚོགས་དེ་བརྒྱུད་ནས་བཙན་བྱོལ་ནང་དུ་ཡོད་པའི་གཞོན་སྐྱེས་རྩོམ་པ་པོ་རྣམས་ལ་ཆེ་མཐོང་དང་། རྩོམ་རིག་གི་ཁོར་ཡུག་ཅིག་བསྐྲུན་ཐབས་བྱེད་ཀྱི་ཡོད་ལུགས་དང་། ད་ལྟའི་ཆར་དཔེ་ཚོགས་དེས་མཇལ་དཀའ་བའི་བོད་ཀྱི་ཡིག་རྙིང་གི་དཔེ་ཚོགས་པོད་གསུམ་ཅན་ཞིག་སྒྲིག་བཞིན་ཡོད་པ་དང་། གང་མགྱོགས་སྤྱི་ཚོགས་སྟེང་འགྲེམ་སྤེལ་གནང་འཆར་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ།  པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༢/༠༢

Leave a Reply

3 thoughts on “གདང་ལ་རི་བོ་དཔེ་ཚོགས་ཀྱིས་དྲ་རྒྱ་གསར་པ་ཞིག་སྒོ་འབྱེད་བྱས།

  1. བོད་དང་ཕྱིའི་རང་དབང་ལུང་པ་འདྲ་ཡ་ཡོད་མ་རེད། བོད་ལ་རྒྱ་མིའི་དམ་བསྒྲགས་ལ་རྟེན་ནས་ཀླད་པའི་ནང་ནད་འབུ་གང་བྱུང་མང་བྱུང་འཛུལ་ས་རགས་ཀྱི་ཡོད་མ་རེད། ང་ཚོ་མིའི་རང་དབང་ལུང་པའི་ནང་རང་དབང་ཆེ་ཐག་ཆོད་ནས་ཀླད་པའི་ནང་ནད་འབུ་འདྲ་མིན་འདྲ་འཛུལ་ནས་་་ མིའི་དབང་པོ་ཉམས་གུད་འགྲོ་ཡི་ཡོད་རེད། མིའི་རྣམ་སྤྱོད་སྐྱོན་ཤོར། སོ་སོའི་རྒྱལ་ཁབ་དང་ སོ་སོའི་ཕ་མས་སྐད་ཡིག་འདྲན་གྱི་ཡོད་མ་རེད། དོ་སྣང་ཡང་བྱེད་ཤེས་ཀྱི་ཡོད་མ་རེད། ཨིན་ཇི་སྐད་དང་། ནེ་པ་ལི་སྐད་ཤེས་ན་ ཁོ་རང་ཁོ་རང་ཧང་སང་ནས་ནམ་མཁའ་ལ་བཀྱགས་ནས་འགྲོ་སྡད་མཁན་ཡོད། ངོ་ཐོག་བྱེད་ན་ཧང་སང་དགོད་ཡ་མིན་འདུག་ག དུད་འགྲོ་ ཨ་ཁུ་ནེ་ཙོའི་མི་སྐད་རྒྱག་ཐུབ་ཀྱི་འདུག་ག སྐྱེས་ཆེན་ཚོའི་གསུངས་ད་གསུང་ཡོད་རེད། སྐད་རིགས་ཐམས་ཅད་ཤེས་ན་ལེགས་མོས་ཀྱང་། རང་གིས་ཕ་སྐད་བརྗེད་ན་ལྐུག་པ་ཡིན།། ཧ་ཅང་རང་དབང་ཆེ་དྲག་ན་དེ་འདྲ་རེད། གྲོད་ཁོག་རྒྱགས་ཆེ་དྲག་ན་༧གོང་ས་མཆོག་གི་བཀའ་དྲིན་བསམ་ཤེས་ཀྱི་མ་རེད། ད་བར་བོད་ཀྱི་ཆོས་དང་སྐད་ཡིག་དོ་སྣང་དང་བདག་པོ་རྒྱག་མཁན་གཙོ་བོ་གྲྭ་བཙུན་ཚོའི་ལས་འགན་ཡིན་པ་འདྲ་པོ་ཆགས་སྡད་ཡོད། ད་གྲྭ་བཙུན་ཚོ་ལོ་རེ་ནས་ལོ་རེ་ཉུང་དུ་ཉུང་དུ་འགྲོ་བཞིན་ཡོད། ད་ཝ་ཎ་མཐོ་སློབ་དང་ས་ར། དེ་བཞིན་བོད་ཁྱིམ་ཕྲུ་གུ་ཁོང་ཚོའི་ཤུག་རྒྱག་ན་རྒྱག་པ་རེད། 🙏 🤪

  2. ༄༅། །གདང་ལ་བོད་ཀྱི་སྐད་ཡིག་ཚོགས་ཆུང་ནས་ཉེ་ལམ་བོད་པའི་སྤྱི་ཚོགས་ཁུལ་དུ་རང་ཉིད་ཀྱི་སྐད་ཡིག་འདི་མི་ཉམས་གོང་འཕེལ་ཡོང་ཐབས་སུ་བོད་པའི་གཞོན་སྐྱེས་ཚོ་ལ་དམིགས་ཏེ་རྩོམ་ཡིག་འགྲན་བསྡུར་ལས་གཞི་སྣ་མང་ཞིག་སྤེལ་མུས་ཡོད་པ་དེ་ལ་གུས་པས་ཡི་རང་བསྔགས་བརྗོད་ཞུ་གི་ཡོད། ལྷག་པར་དུ་དགུན་དུས་བོད་པའི་སློབ་གྲྭ་མང་པོ་ཞིག་གུང་གསེང་ཡིན་དུས་ཁྱེད་རྣམ་པ་ཚོས་ལས་རིམ་བཟོས་ཏེ་སྐད་ཡིག་སྲུང་སྐྱོབ་ལ་དགོངས་བཞེས་ཤིག་གནང་རོགས་ཞུ།