ཉེས་ཆད་ཕོག་པའི་དྷ་སའི་མགྲོན་ཁང་ཁག་རིམ་གྱིས་སྒོ་ཕྱེ་ཡི་འདུག

དྷ་སའི་མགྲོན་ཁང་ཁག་མང་པོའི་ཆུ་གློག་བཅད་དེ་ལོ་གཅིག་ལྷག་འགོར་རྗེས་ས་གནས་ཁྲིམས་ཁང་གི་བཀའ་ལྟར་ཉེས་ཆད་དང་ལེན་བྱས་ཏེ་ཆུ་གློག་བསྐྱར་དུ་མཐུད་ཀྱི་འདུགདྷ་རམ་ས་ལའི་ས་གནས་ཁྲིམས་ཁང་གིས་བཞུགས་སྒར་ཁུལ་གྱི་མགྲོན་ཁང་ ༤༥ ཡི་ཆུ་གློག་བསྐྱར་དུ་མཐུད་ཚར་ཡོད་པ་དང་། ན་ནིང་ཕྱི་ཟླ་ ༡༢ པའི་ནང་དྷ་རམ་ས་ལའི་ས་གནས་ཁྲིམས་གི་བཀའ་ཁྱབ་འོག བཞུགས་སྒར་ཁུལ་གྱི་མགྲོན་ཁང་ཁྱོན་ ༡༥༥ ཡིས་གཞུང་གི་ཆོག་མཆན་མེད་པར་ཆུ་གློག་བེད་སྤྱོད་གཏོང་གི་ཡོད་པའི་ཉེས་མིང་འོག མགྲོན་ཁང་དེ་དག་སྒོ་རྒྱག་ཏུ་བཅུག་ཡོད་པ་དང་། དེའི་ཁྲོད་བོད་པའི་མགྲོན་ཁང་གཉིས་ཡོད་པ་དེའི་ཆུ་གློག་མཐུད་ཚར་ཡོད་པ་རེད།

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་དྷ་ས་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་སུ་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས།   ཕྱི་ཟླ་ ༡༡ པའི་ཚེས་ ༡༩ ཉིན་ས་གནས་ཁྲིམས་ཁང་གི་ཐག་གཅོད་འོག དྷ་རམ་ས་ལའི་ཆུ་གློག་བཅད་ཡོད་པའི་མགྲོན་ཁང་ཁག་ཏུ་ཆུ་གློག་བསྐྱར་དུ་འབྲེལ་མཐུད་བྱེད་ཆོག་པ་བཟོས་ཏེ། ཕྱི་ཚེས་ ༣༠ ཉིན་མགྲོན་ཁང་ཁག་ ༤༥ ཙམ་གྱི་ཆུ་གློག་བསྐྱར་དུ་མཐུད་ཐུབ་ཡོད་པ་དང་།  མུ་མཐུད་ཉིན་རེ་བཞིན་བཀག་སྡོམ་ཟིན་པའི་མགྲོན་ཁང་ཁག་མིང་འདོན་བྱས་ཏེ་ཆུ་གློག་མཐུད་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

ཡང་ས་གནས་ཁྲིམས་ཁང་གིས་བཀའ་ཁྱབ་གཉིས་བཏང་ཡོད་པའི་སྐོར་ལ་ཁོང་གིས། གཙོ་བོ་དེ་ས་གནས་ཁྲིམས་ཁང་གིས་དྷ་རམ་ས་ལའི་ཟ་ཁང་དང་མགྲོན་ཁང་ཁག་ཚང་མས་ཁྲིམས་ཁང་གི་བཀའ་ཁྱབ་དང་། ས་གནས་སྲིད་གཞུང་གིས་འཆར་གཞི་དང་སྲིད་བྱུས་ག་རེ་བཟོས་པ་ཡིན་ནའང་དེ་ལས་མ་བརྒལ་བ་དང་ངོས་ལེན་བྱེད་དགོས་ཡོད་ཅེས་བཀའ་བཏང་འདུག  དེ་ནས་ད་ལྟའི་བར་འགལ་འཇོལ་ཕྱིན་པ་དང་། གནད་དོན་ག་རེ་བྱུང་རིགས་ཚང་མའི་ཐོག་ཉེས་པ་དང་མ་འོངས་པའི་འཆར་གཞི་སོགས་གང་མགྱོགས་ཡར་ཁྲིམས་ཁང་ལ་རྩིས་སྤྲོད་བྱེད་དགོས་ཡོད་པའི་བཀའ་བཏང་འདུག ཅེས་བརྗོད་བྱུང་།

ཁྲིམས་འགལ་ཐོག་ཆུ་གློག་བེད་སྤྱོད་བཏང་བའི་ཉེས་ཆད་གང་མགྱོགས་ལག་བསྟར་བྱ་རྒྱུ་ཡིན་སྐོར་ལ་ཁོང་གིས། སྤྱིར་བཏང་ཆུ་གློག་བཅད་པ་དེ་ད་ལྟ་མཐུད་དང་མཐུད་བཞིན་པ་རེད་ལ། གཞུང་ངོས་ནས་མགྲོན་ཁང་འདིས་ཁྲིམས་འདི་དང་འདི་འགལ་འདུག་ཅེས་གནད་དོན་ལ་དཔག་པའི་ཉེས་པ་ག་རེ་གཏོང་དགོས་མིན་སོགས་ཀྱི་འཆར་གཞི་བཟོས་རྗེས་ཁྲིམས་ཁང་ལ་ཡར་འབུལ་དགོས་པ་དང་། དེ་ནས་ཁྲིམས་ཁང་གིས་ཁོ་ཚོར་ཉེས་ཆད་གཅོད་འཆར་ཡོད་པ་དང་། མ་འོངས་ཟླ་ ༢ ནང་ཚུད་དུ་ཉེས་ཆད་བསྡུ་ལེན་ཚང་མ་མཇུག་བསྡུ་ཡི་ཡོད་འདུག

མཇུག་ཏུ་གསར་འགོད་པས་དྷ་སའི་བོད་མི་ཚོང་པ་ཚོར་ཁྲིམས་ཐོག་གི་ལམ་སྟོན་གསལ་བཤད་ག་རེ་ཡོད་དྲིས་པར་ཁོང་གིས།  གཟབ་གཟབ་གནང་དགོས་ས་དེ་ས་གནས་བོད་རིགས་ཚང་མས་ས་གནས་ཡུལ་མི་དང་མཐུན་སྒྲིལ་བཟོ་རྒྱུ། ཡུལ་ཁྲིམས་དང་སྒྲིག་གཞི་སོགས་ལས་མ་བརྒལ་བ་བྱེད་རྒྱུ། དེ་བཞིན་རྩ་འཛིན་ཡིག་ཆ་དེ་ཚོའི་ཆོག་མཆན་ལེན་པ་སོགས་ཕྱོགས་གང་ཐད་ནས་ལམ་དེ་སྔ་ས་ནས་ཡོད་ཡོད་པ་རེད། ང་ཚོའི་ངོས་ནས་ཟ་ཁང་དང་མགྲོན་ཁང་ལ་ཚོགས་པ་ཡོད་སྟབས། ཁོ་ཚོར་ནམ་རྒྱུན་ནས་ལམ་སྟོན་གནང་བསྡད་ཡོད། འོན་ཀྱང་། ཕྱོགས་གཞན་ཞིག་ནས་ག་རེ་བལྟ་དགོས་རེད་ལབ་ན། རྒྱ་གར་ཁྲིམས་ཐོག་ཏུ་ང་རང་ཚོ་བོད་པས་ས་ཆ་ཉོ་བ་སོགས་བྱེད་མི་ཆོག་པ་གསལ་པོ་ཡོད་པ་རེད། འོན་ཀྱང་། མི་གཞན་གྱི་མིང་ཐོག་ནས་ས་ཆ་ཉོ་བ་སོགས་བྱས་ཚེ་རྙོག་དྲ་ཡོང་གི་ཡོད་པ་རེད། དེར་བརྟེན། གནད་དོན་དེ་ཚོའི་ཐད་གཟབ་གཟབ་བྱེད་དགོས་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ན་ནིང་ཧི་མ་ཅལ་ཁྱོན་ཡོངས་ནང་མགྲོན་ཁང་ ༤༠༠ ལྷག་གི་ཆུ་གློག་བཅད་པ་དང་། དྷ་རམ་ས་ལ་ཁུལ་གཅིག་པུ་ནས་མགྲོན་ཁང་ཁག་ ༡༥༥ ཡི་ཆུ་གློག་བཅད་དེ་ལོ་ ༡ ལྷག་ཕྱིན་པ་དང་། དེའི་ཁྲོད་མགྲོན་ཁང་ཁག་ཏུ་ལས་ཀ་བྱེད་བཞིན་ཡོད་པའི་མི་མང་པོས་ལས་མཚམས་འཇོག་དགོས་བྱུང་ཡོད་པ་མ་ཟད། ཁག་ཅིག་ལ་འགྲོ་ས་འདུག་ས་མེད་པར་གླ་མེད་ཐོག་མགྲོན་ཁང་སྲུང་སྟེ་འདུག་དགོས་བྱུང་བ་སོགས་ཆགས་ཡོད་པ་དང་། དྷ་སའི་མགྲོན་ཁང་མང་པོ་དུས་གཅིག་ཏུ་སྒོ་བརྒྱབས་པའི་རྐྱེན་གྱིས་འདི་ལོའི་དབྱར་དུས་ཡུལ་སྐོར་བ་མང་པོར་མགྲོན་ཁང་མ་རག་པའི་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༡༢/༠༣

Leave a Reply