ཙོང་རིན་ཚང་མ་སྲིད་བློན་མཆོག་ལ་བསྐུར།

རྒྱ་གར་གྱི་ཙོང་གི་ཐོན་ཁུངས་ཆེ་ཤོས་མཱ་ཧཱ་ར་ཤི་ཊ་ར་མངའ་སྡེའི་ཞིང་པ་ཞིག་གིས་ཙོང་བཙོང་བའི་རིན་པ་ཡོད་ཚད་རྒྱ་གར་གྱི་སྲིད་བློན་ལས་ཁུངས་ལ་བསྐུར་ནས་ངོ་རྒོལ་གྱི་རྣམ་པ་བསྟན་ཡོད་འདུགརྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། འདས་པའི་ལོ་བཅུའི་ནང་འདི་ལོའི་ཙོང་གི་རིན་སྒོང་དམའ་ཤོས་ཆགས་ཡོད་སྟབས། རྒྱ་གར་མཱ་ཧཱ་ར་ཤི་ཊ་ར་མངའ་སྡེའི་ཎ་ཤིག་(Nashik, Maharashtra)གྲོང་གསེབ་ཀྱི་ཞིང་པ་སཱན་ཇེ་སཱ་ཐེ་(Sanjay Sathe) ཞེས་པ་ཞིག་གིས། ཁོ་རང་གི་ཞིང་ཁར་བཏབས་པའི་ཙོང་སྤྱི་རྒྱ་ ༧༥༠ ལྷག་ཁྲོམ་རར་སྡེབ་ཚོང་བརྒྱག་ཏུ་ཕྱིན་སྐབས། ཙོང་སྤྱི་རྒྱ་རེ་ལ་ཧིན་སྒོར་གཅིག་དང་ཕྱེད་ཀ་རེ་བྱས་ནས་ཁྱོན་ཧིན་སྒོར་ ༡༠༦༤ ལས་མ་བྱུང་བར་བརྟེན། ཟླ་ངོ་གསུམ་ལ་ཞིང་ཁ་འདེབས་ལས་བྱས་པའི་ངལ་བ་འབྲས་མེད་དུ་གྱུར་བར་བརྟེན། ཙོང་བཙོང་ནས་རག་པའི་ཧིན་སྒོར་ ༡༠༦༤ དེ་ཚང་མ་སྲིད་བློན་མུ་དྷེ་མཆོག་གི་ལས་ཁུངས་སུ་བཏང་སྟེ་ངོ་རྒོལ་གྱི་རྣམ་པ་བསྟན་ཡོད་འདུག

ཞིང་པ་རྒད་པོ་སཱན་ཇེ་སཱ་ཐེ་ཡིས། ངས་འདས་པའི་ལོ་བཅུའི་རིང་ནས་ཙོང་འཚོང་གི་ཡོད་ཀྱང། ད་བར་ཁེ་བཟང་དེ་ཙམ་རག་མ་སོང་། ཡིན་ན་ཡང་། འདི་ལོའི་གནས་སྟངས་དེ་ཧ་ཅང་སྐྱོ་པོ་རེད། ང་ལ་ཙོང་སྤྱི་རྒྱ་རེར་ཧིན་སྒོར་ ༡.༥ མ་གཏོགས་རག་མེད་པ་རེད། ནམ་རྒྱུན་ཙོང་གི་སྡེབ་ཚོང་རིན་པ་དེ་སྒོར་གསུམ་ཡས་མས་ཡིན་སྐོར་བརྗོད་འདུག

ཡང་སཱན་ཇེ་སཱ་ཐེ་ཡིས་ཙོང་གི་ཁྲོམ་རའི་རིན་གོང་གིས་ཞིང་པ་རྣམས་ལ་སྤྲད་པའི་ཤུགས་རྐྱེན་སྐོར་ནས། ཞིང་ལས་ཐོན་རྫས་ལ་རིན་གོང་ཡག་པོ་མ་རག་ཚེ་དཀའ་ལས་བརྒྱབ་པ་ཚང་མ་ཆུད་ཟོས་སུ་འགྲོ་ཡི་ཡོད་པ་དང་། ཞིང་པ་གཞན་ཚོས་ངོ་རྒོལ་ཡིན་ཟེར་ནས་ཙོང་རྣམས་ཞིང་ཁར་བསྐྱུར་སྟེ་རུལ་དུ་བཅུག་པའམ། ཡང་ན་གཞུང་ལམ་སྟེང་གཡུག་གི་ཡོད་པ་རེད། ངས་དེ་དག་ནི་ཐབས་ཤེས་བཟང་པོ་ཞིག་རེད་བསམ་གྱི་མི་འདུག དེར་བརྟེན་ད་ཐེངས་ངས་ཙོང་བཙོང་བའི་རིན་པ་ཡོད་ཚད་སྲིད་བློན་ལས་ཁུངས་ལ་བསྐུར་ཏེ། གནད་དོན་དེའི་ཐད་དོ་སྣང་བྱེད་རྒྱུའི་རེ་བ་བཏོན་པ་ཡིན། ཞེས་བརྗོད་འདུག

ཙོང་གི་ཚོང་གཉེར་བ་སཱོ་ཎི་ཡིས།  ཙོང་གི་རིན་གོང་ཆགས་པའི་རྒྱུ་རྐྱེན་གཙོ་བོ་དེ་ཙོང་གི་ཐོན་ཁུངས་མང་སོང་བས་ཡིན་པ་དང་། ཁྲོམ་རའི་ཙོང་རྙིང་པ་རྣམས་རྫོགས་ནས་གསར་པ་བསླེབས་དུས་རིམ་པས་འཕར་སྲིད་པ་དང་། གལ་ཏེ་གཞུང་ནས་ཙོང་ཕྱིར་འདྲེན་བྱེད་པའི་འགོག་རྐྱེན་རྣམས་སེལ་ན་རང་བཞིན་གྱིས་ཙོང་གི་རིན་གོང་འཕར་སྲིད་པ་རེད། ཅེས་བརྗོད་འདུག

སྤྱིར་རྒྱ་གར་ནང་ལོ་ལྟར་ཙོང་གི་རིན་གོང་འཕར་ཆགས་ཀྱི་རྐྱེན་པས་ངོ་རྒོལ་གྱི་ལས་འགུལ་མི་ཉུང་བ་ཞིག་བྱུང་གི་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་མཱམ་བྷེ་དང་ཨཱག་ར་བར་གྱི་རྒྱལ་ལམ་(Mumbai-Agra National Highway)ཐོག ཞིང་པ་སྐོར་ཞིག་གིས་ཙོང་གི་རིན་གོང་ཆགས་བཞིན་པར་ངོ་རྒོལ་བྱས་ཏེ་འགྲིམ་འགྲུལ་འགྲོ་འོང་སོགས་ལ་འགོག་རྐྱེན་ཆེན་པོ་བཟོས་ཡོད་པ་རེད།ཕྱི་ལོ་ ༢༠༡༠ ལོར་ཙོང་གི་ཐོན་ཁུངས་ཆེ་བའི་རྒྱ་གར་གྱི་མངའ་སྡེ་མཱ་ཧཱ་ར་ཤི་ཊ་ར་སོགས་ནང་ཆར་བ་ཚད་ལས་བརྒལ་བ་བབས་པའི་རྐྱེན་གྱིས་ཙོང་གི་ཐོན་ཁུངས་ལ་དོ་ཕོག་ཤུགས་ཆེན་ཐེབས་སྟབས། ལྡི་ལི་གཙོས་པའི་རྒྱ་གར་རྒྱལ་ས་ཕལ་ཆེ་བའི་ནང་། ཁྲོམ་རའི་ཙོང་གི་རིན་གོང་སྤྱི་རྒྱ་རེར་ཧིན་སྒོར་ ༥༠ ནས་༨༨ ལྷག་ལ་འཕར་ཡོད་སྟབས། རྒྱ་གར་གྱི་རྒྱལ་ས་སོགས་གྲོང་ཁྱེར་ཆེ་ཁག་ནང་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱུང་བ་དང་འབྲེལ། དབུས་གཞུང་ནས་ཙོང་གི་ཚོང་འགྲེམ་ལ་སྟངས་འཛིན་དང་དོ་དམ་ལེགས་པོ་བྱས་མེད་ཚུལ་གྱི་སྐྱོན་བརྗོད་བྱས་པར་བརྟེན། དབུས་གཞུང་གིས་ཛ་དྲག་ངང་ཙོང་ཕྱིར་འདྲེན་མཚམས་འཇོག་བྱས་པ་དང་། ནང་འདྲེན་གྱི་སྒོ་ཁྲལ་ཉུང་དུ་བཏང་བ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་པ་ཀི་སི་ཐན་ནས་ཙོང་ཕོན་ཆེན་པོ་ཞིག་ནང་འདྲེན་བྱས་ཡོད་འདུག ཕྱི་ལོ་ ༢༠༡༥ ལོར་ཡང་ལྡི་ལིའི་ནང་ཙོང་གི་རིན་གོང་འཕར་ཏེ་སྤྱི་རྒྱ་རེར་ཧིན་སྒོར་ ༥༠ ནས་ ༨༠ བྱས་པར་བརྟེན། མི་མང་ནས་རྣམ་པ་འདྲ་མིན་གྱི་ཐོག་ནས་ངོ་རྒོལ་བྱས་ཡོད་འདུག

རྒྱ་གར་ནི་འཛམ་གླིང་ནང་གི་ཙོང་གི་ཐོན་ཁུངས་ཆེ་ཤོས་གཉིས་པ་དེ་ཡིན་པ་དང་། རྒྱ་གར་ལ་མཚོན་ན་ཙོང་གི་ཐོན་ཁུངས་བརྒྱ་ཆ་  ༤༥ ལྷག་ལྷོ་ཕྱོགས་ཀྱི་མཱ་ཧཱ་ར་ཤི་ཊ་ར་དང་ཀར་ན་ཊ་ཀ་མངའ་སྡེ་ཡིན་འདུག་པ་དང་། རྒྱ་གར་ནང་ཙོང་གི་ཚོང་འགྲེམ་གྱིས་དཔལ་འབྱོར་ཙམ་མིན་པར་ཆབ་སྲིད་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པར་བཤད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༢/༠༤

Leave a Reply