བྱིས་པ་ཞིག་གིས་ལོ་གཅིག་ནང་ཨ་སྒོར་ས་ཡ་ ༢༢ བསགས།

རང་ལོ་ ༧ ཡིན་པའི་རའེ་ཡན་ཞེས་པའི་བྱིས་པ་ཆུང་ཆུང་གིས་ཡུ་ཊུབ་དྲ་བརྙན་ནང་རྩེད་ཆས་མཚམས་སྦྱོར་གྱི་བརྙན་ཐུང་སྤེལ་ཏེ་འདི་ལོར་ཨ་སྒོར་ས་ཡ་ ༢༢ བསགས་ཡོད་འདུགཨ་རིའི་ཚོང་དོན་དུས་དེབ་གྲགས་ཆེན་ཧྥོ་བྷི་སི་(Forbes)ཡིས་འདི་ལོའི་ཡུ་ཊུབ་དྲ་བརྙན་(Youtube)ནང་དངུལ་འབོར་མང་ཤོས་གསོག་མཁན་གྱི་མི་གྲངས་བཅུའི་ཐོ་གཞུང་ཕྱིར་བསྒྲགས་བྱས་པའི་ནང་། རང་ལོ་ ༧ ཡིན་པའི་བྱིས་པ་རའེ་ཡན་(Ryan) ཞེས་པ་ཞིག་གིས། ཕྱི་ལོ་ ༢༠༡༥ ལོ་ནས་འགོ་འཛུགས་ཀྱིས་ད་བར་བྱིས་པའི་རྩེད་ཆས་མཚམས་སྦྱོར་གྱི་བརྙན་ཐུང་སྤེལ་ཡོད་པ་དང་། འདི་ལོར་བྱིས་པ་དེས་ཨ་སྒོར་ས་ཡ་ ༢༢ བསགས་ཡོད་སྟབས། འདི་ལོའི་ཡུ་ཊུབ་བརྒྱུད་ནས་དངུལ་འབོར་མང་ཤོས་གསོག་མཁན་དུ་གྱུར་ཡོད་འདུག

རའེ་ཡན་གྱིས་ཡུ་ཊུབ་ནང་ད་བར་རའེ་ཡན་རྩེད་ཆས་བསྐྱར་ཞིབ(Ryan Toys Review)ཅེས་པའི་མིང་ཐོག་ནས་བརྙན་ཐུང་ ༡༢༢༦ ལྷག་སྤེལ་ཡོད་པ་དང་། ཁོའི་བརྙན་ཐུང་ལ་དུང་ཕྱུར་ ༢༦ ལྷག་བལྟས་ཡོད་པ་མ་ཟད། ད་ལྟའི་ཆར་ཁོའི་ཡུ་ཊུབ་ལ་རྗེས་འབྲང་པ་མི་གྲངས་ས་ཡ་ ༡༧།༣ ལྷག་ཡོད་འདུག

ཨེན་བྷི་སི་གསར་ཁང་(NBC News) གིས་རའེ་ཡན་ལ་ཕྲུ་གུ་མང་པོས་ཁོའི་བརྙན་ཐུང་ལ་དགའ་པོ་བྱེད་དོན་གང་ཡིན་དྲིས་པར་ཁོས། ང་ཆོབ་ཚ་པོ་དང་། ངས་སྤྲོ་ཚོར་སྐྱེད་འཇུག་གི་ཡོད་པས་ཡིན་པ་རེད། ཅེས་བརྗོད་འདུག་པ་དང་། གཞུང་ཁྲལ་དང་། གླ་དོད་སོགས་ཕུད་པའི་སྔ་ལོ་དང་བསྡུར་ན་རའེ་ཡན་གྱིས་འདི་ལོར་དངུལ་འབོར་ལྡབ་གཅིག་གིས་མང་བ་བསགས་ཏེ། ཡུ་ཊུབ་བརྒྱུད་དངུལ་འབོར་མང་ཤོས་གསོག་མཁན་ཨང་རིམ་བརྒྱད་པ་ནས་ཨང་རིམ་དང་པོར་གྱུར་ཡོད་འདུག

ཁོའི་ཡུ་ཊུབ་བརྒྱུད་ལམ་དེར་ཕྲུ་གུ་མང་པོས་དོ་སྣང་བྱེད་ཀྱི་ཡོད་པར་བརྟེན། འདི་ལོའི་ཕྱི་ཟླ་ ༨ པའི་ནང་ཝལ་མར་ཊི་ཚོང་གཉེར་ཁང་(Walmart Inc) གིས་རའེ་ཡན་གྱི་མིང་ཐོག་ནས་རྩེད་ཆས་གསར་པ་བཟོ་བསྐྲུན་དང་འགྲེམ་སྤེལ་བྱེད་མགོ་བཙུགས་ཡོད་པ་མ་ཟད། རའེ་ཡན་གྱི་འཇིག་རྟེན་(Ryan’s World)ཞེས་པའི་བརྙན་ཐུང་ཞིག་ཕབ་བསྐྲུན་གྱིས་ཡུ་ཊུབ་ནང་འགྲེམ་སྤེལ་བྱས་པ་དེར་ཟླ་གསུམ་ནང་ལྟ་མཁན་ས་ཡ་ ༡༤ ལྷག་བྱུང་ཡོད་འདུག་པ་མ་ཟད། ཁོའི་མིང་ཐོག་གི་རྩེད་ཆས་དེ་དག་གིས་ཀྱང་ཁྲོམ་རའི་ནང་ཁེ་བཟང་ཆེན་པོ་ལེན་ཐུབ་ཡོད་པ་དང་། ཝལ་མར་ཊི་ཡི་ཁེ་བཟང་དེ་ལ་བརྟེན་ནས་འཆར་ལོའི་ནང་རའེ་ཡན་ལ་དེ་བས་ཀྱང་དངུལ་འབོར་མང་བ་རག་ཐུབ་ཀྱི་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

རའེ་ཡན་གྱི་ཡུ་ཊུབ་ནས་ཐོབ་པའི་དངུལ་འབོར་ནང་ནས་ས་ཡ་ ༡ ལྷག་ཁོའི་བརྒྱུད་ལམ་ནང་སྤེལ་བའི་ཡུ་ཊུབ་ཀྱི་ཚོང་དོན་ཁྱབ་བསྒྲགས་རིགས་ལས་ཡོང་གི་ཡོད་པ་དང་། གཞན་རྣམས་ཚོང་གཉེར་ཁང་དག་གིས་རའེ་ཡན་ལ་སྒེར་འབྲེལ་བྱས་ཏེ། སྦྱིན་བདག་གི་མིང་ཐོག་ནས་ཆེད་དུ་བཀོད་པའི་ཁྱབ་བསྒྲགས་སོགས་ལས་ཡོང་གི་ཡོད་འདུག ད་ལྟའི་ཆར་རའེ་ཡན་ལོ་ན་ཆུང་ཆུང་ཡིན་སྟབས། ཁོའི་ཡོང་འབབ་ལས་བརྒྱ་ཆ་ ༡༥ དངུལ་ཁང་ནང་བརྟན་འཇགས་གསོག་འཇོག་གིས་ལོ་ཚོད་ཟིན་དུས་སྤྲོད་རྒྱུ་ཡིན་འདུག

སྤྱིར་ཡུ་ཊུབ་དྲ་བརྙན་དེ་ཐོག་མར་ཕྱི་ལོ་ ༢༠༠༥ ཟླ་ ༢ ཚེས་ ༡༤ ཉིན་བཟོ་བསྐྲུན་བྱས་ཏེ། ཕྱི་ལོ་ ༢༠༠༦ ལོར་གྷུ་གྷལ་སྤྱི་གཉེར་ཁང་(Google Inc.) ལ་བཙོང་ཡོད་པ་དང་། དེང་སྐབས་ལས་ཁུངས་གཙོ་བོ་དེ་ཨ་རིའི་ཁེ་ལི་ཧྥོར་ནི་ཡ་མངའ་སྡེར་རྟེན་གཞི་བྱས་ཡོད་པ་དང་། བརྒྱུད་ལམ་དེ་འཛམ་གླིང་གི་གློག་བརྙན་བརྒྱུད་ལམ་ཆེ་ཤོས་དེ་ཡིན་ཡང་། རྒྱ་ནག་དང་བྱང་ཀོ་རི་ཡ། ཨི་རེན་(Iran)སོགས་རྒྱལ་ཁབ་འགའ་ཤས་ནང་བཀག་སྡོམ་བྱས་ཡོད་པ་རེད། མི་མང་པོ་ཞིག་གིས་ཡུ་ཊུབ་བརྒྱུད་ཡོང་འབབ་གསོག་གི་ཡོད་པ་དང་། དེ་ཡང་རང་གི་བརྙན་ཐུང་དེ་ཐོག་མ་ཉིད་ནས་དངུལ་འབབ་རང་བཞིན་(Monetize)དུ་སྤེལ་ཏེ། བརྙན་ཐུང་དེའི་ནང་ཡུ་ཊུབ་རང་གིས་ཚོང་དོན་ཁྱབ་བསྒྲགས་རིགས་བཅུག་སྲིད་པ་དང་། སྒེར་གྱི་བརྙན་ཐུང་དེར་ལྟ་མཁན་གྱི་གྲངས་འབོར་དང་ཁྱབ་རྒྱ་སོགས་ལ་གཞིགས་ཏེ། གཏན་འབེབ་ཆ་བགོས་ལྟར་གྱི་དངུལ་ཡང་ཐོབ་ཀྱི་ཡོད་འདུག གཞན་ཡང་། སྒེར་གྱིས་སྤེལ་བའི་བརྙན་ཐུང་དང་ཡུ་ཊུབ་བརྒྱུད་ལམ་དེར་(youtube channel) དོན་གཉེར་བྱེད་མཁན་དང་རྗེས་འབྲང་བ་མང་པོ་ཡོད་ཚེ། སྤྱི་གཉེར་ཁང་དང་ཚོགས་སྡེ་ཁག་གིས་སྒེར་འབྲེལ་བྱས་ཏེ་སྒེར་གྱི་བརྙན་ཐུང་ནང་ཁོ་ཚོའི་ཁྱབ་བསྒྲགས་སྤེལ་རྒྱུའི་གྲོས་འཆར་འདོན་སྲིད་པ་དང་། གྲོས་འཆར་དེ་བརྒྱུད་ནས་ཡོང་འབབ་ཆེན་པོ་བསགས་ཐུབ་ཀྱི་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༢/༠༤

Leave a Reply