ཕྱི་སྡོད་བོད་མིའི་མི་འབོར་ཞིབ་བཤེར་ནང་མཉམ་ཞུགས་བྱས་ན་གཞུང་སྒེར་གཉིས་ཀར་ཕན་ཐོགས་ཡོད།

རྒྱ་བལ་འབྲུག་གསུམ་ནང་གི་བཙན་བྱོལ་བོད་མིའི་མི་འབོར་གྲངས་ཚད་བསྡུས་ཟིན་ཏེ་ཕྱི་རྒྱལ་ཁག་ཏུ་ཡོད་པའི་ཕྱི་སྡོད་བོད་མིའི་མི་འབོར་ཞིབ་བཤེར་བྱེད་བཞིན་འདུག་པས་མཉམ་ཞུགས་བྱ་རྒྱུ་ཤིན་ཏུ་གལ་ཆེན་ཡིན་པའི་འབོད་སྐུལ་གནང་སོང་།
ཕྱི་ལོ་ ༢༠༡༧ ཟླ་ ༦ པ་ནས་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་བྱེད་མགོ་ཚུགས་ཡོད་པ་དང་། འདས་པའི་ལོ་གཅིག་དང་ཕྱེད་ཙམ་གྱི་རིང་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བཙན་བྱོལ་བོད་མིའི་མི་འབོར་གྲངས་ཐོ་ཆ་ཚང་གྲུབ་སྟེ་བསྐྱར་དུ་གཙང་བཤེར་བྱེད་བཞིན་འདུག འདི་ལོའི་ཕྱི་ཟླ་ ༡༠ པ་ནས་མགོ་བཙུགས་ཏེ་ལོ་རྗེས་མའི་ཕྱི་ཟླ་ ༡༠ བར་ལོ་གཅིག་རིང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་ཕྱི་སྡོད་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་བྱེད་ཀྱི་ཡོད་སྟབས། འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་འཆར་འགོད་ལྷན་ཁང་གི་འགན་འཛིན་འབུམ་རམས་པ་བརྩོན་འགྲུས་ལགས་སུ་དེའི་སྐོར་བཅར་འདྲི་བྱེད་སྐབས། སྔོན་མ་དང་བསྡུར་ན་རྒྱ་བལ་འབྲུག་ནང་གི་བཙན་བྱོལ་བོད་མིའི་མི་འབོར་གྲངས་དེ་ཧ་ལས་པའི་ཉུང་རུ་ཕྱིན་ཡོད་སྐོར་བརྗོད་བྱུང་།

ཁོང་ལ་རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་བོད་མི་ག་ཚོད་ཅིག་ཡོད་པ་དང་། ཞིབ་བཤེར་ནང་འཛུལ་ཞུགས་གནང་ཚད་ག་འདྲ་ཆགས་ཡོད་དྲིས་པར་ཁོང་གིས། ད་ལྟའི་ཆར་རྒྱ་བལ་འབྲུག་གསུམ་ནང་མི་འབོར་ཞིབ་བཤེར་གྱི་གྲངས་ཐོ་རག་ཟིན་ནའང་བསྐྱར་དུ་གཙང་བཟོ་བྱེད་བཞིན་ཡོད་པ་རེད་ལ། མི་འབོར་གནས་སྤོ་ཤུགས་ཆེན་པོ་ཡིན་དུས་མང་པོ་ཞིག་གིས་སློབ་གྲྭའི་ནང་མིང་ཐོ་སྤྲད་པ་དང་། དགོན་པ་ནས་ཀྱང་སྤྲད་པ་བྱུང་ཡོད་པ་རེད། དེ་བཞིན་གཞིས་ཆགས་ཁག་ནང་ཕྱི་རྒྱལ་ནས་ཡོད་པ་ཚོས་འདིར་མིང་ཐོ་སྤྲོད་པ་སོགས་བྱུང་ཡོད་དུས་དེ་དག་གཙང་མ་ཡོང་ཆེད་མགོ་ནས་གཙང་བཟོ་བྱེད་ཀྱི་ཡོད་པ་རེད་ལ། དེ་དག་གྲུབ་རྗེས་ཚང་མ་དུས་གཅིག་ལ་ཡོངས་བསྒྲགས་བྱེད་དགོས་པ་རེད། དེ་མིན་ད་ལྟའི་ཆར་གྲངས་འབོར་ག་ཚོད་ཡོད་བཤད་ཐུབ་ཀྱི་མི་འདུག གཙང་མ་བྱུང་རྗེས་རྒྱ་གར་ནང་ག་ཚོད་ཡོད་པ་དང་བལ་ཡུལ་ནང་ག་ཚོད་ཡོད་སོགས་ཤེས་ཡོང་གི་རེད་ལ། འབྲུག་ནང་ཐད་ཀར་མི་འབོར་ཞིབ་བཤེར་ཐུབ་མེད་ནའང་འབྲུག་ནང་གི་མི་འབོར་གྲངས་ཚད་དེ་ཚུར་བླངས་ནས་ད་ལྟའི་ཆར་དབྱེ་བ་བྱས་དང་བྱེད་བཞིན་པ་ཡིན་ལ། གང་ལྟར་ཟླ་བ་དྲུག་བདུན་ནང་གཙང་མ་ཆགས་ཐུབ་ཀྱི་ཡོད། དེ་བཞིན་ཐེངས་འདིའི་མི་འབོར་ཞིབ་བཤེར་ནང་སྤྱི་ཡོངས་ནས་རྒྱ་བལ་འབྲུག་གསུམ་ནང་མཉམ་ཞུགས་ཡག་པོ་བྱས་སོང་བ་དང་བལ་ཡུལ་ནང་མཉམ་ཞུགས་དཔེ་ཡག་པོ་གནང་སོང་། ཞེས་བརྗོད་བྱུང་།

རྒྱ་བལ་འབྲུག་གསུམ་ནང་གི་མི་འབོར་ཞིབ་བཤེར་སྔོན་མ་དག་དང་བསྡུར་ན་ད་ལྟ་མི་འབོར་གྱི་འཕར་ཆགས་གནས་སྟངས་ག་འདྲ་ཡོད་དྲིས་པར། སྤྱིར་མི་འབོར་ཞིབ་བཤེར་ཟེར་བ་དེ་རྒྱལ་ཁབ་ཁག་ཚང་མའི་ལོ་ ༡༠ རེའི་ནང་འགྲོ་བཞིན་ཡོད་པ་རེད། ང་ཚོ་ཡིན་ན་ཡང་ཕྱི་ལོ་ ༡༩༩༨ ནང་ལ་མི་འབོར་ཞིབ་བཤེར་དང་པོ་དང་ཕྱི་ལོ་ ༢༠༠༨ ལ་ཐེངས་གཉིས་པ། དེ་ནས་ད་ལོ་གཅིག་བཅས་ཧ་ལམ་ལོ་ ༡༠ རེའི་ནང་གཅིག་རེ་བྱས་ཏེ་ད་ལྟ་བར་གསུམ་བྱས་ཡོད་པ་རེད། ད་ལྟ་སྔོན་དང་བསྡུར་ན་བཙན་བྱོལ་བོད་མིའི་མི་འབོར་གྲངས་དེ་ཧ་ལས་པའི་ཉུང་དུ་ཕྱིན་ཡོད་པ་རེད། སྤྱིར་བཏང་ང་ཚོའི་མི་འབོར་གྲངས་དེ་ ༡༨༠༠༠༠ དགོས་ན་ཡང་མི་འབོར་ཞིབ་བཤེར་དང་པོའི་སྐབས་མི་གྲངས་༡༣༠༠༠༠  ཐོན་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོའི་མི་འབོར་ཞིབ་བཤེར་སྐབས་ཁྱོན་བསྡོམས་མི་འབོར་གྲངས་སྟོང་ཕྲག་༩༠ མ་གཏོགས་ཟིན་མེད་པ་རེད། ད་ལྟ་གསལ་བོ་ཤེས་མ་སོང་མ་གཏོགས་དེ་ལས་ཉུང་དུ་འགྲོ་ཡོད་པ་རེད། ཅེས་བརྗོད་བྱུང་།

ད་ལན་གྱི་མི་འབོར་ཞིབ་བཤེར་སྐབས་དམིགས་བསལ་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མིའི་གྲངས་འབོར་གཙོ་བོར་འཛིན་ཀྱི་ཡོད་པ་དེའི་དགོས་དམིགས་ག་རེ་ཡིན་དྲིས་པར་ཁོང་གིས། ཐེངས་འདིར་སྲིད་སྐྱོང་མཆོག་དང་བཀའ་ཤག དེ་བཞིན་འཆར་འགོད་ལྷན་ཁང་ངོས་ནས་དམིགས་བསལ་ཕྱི་སྡོད་བོད་མིའི་མི་འབོར་ཞིབ་བཤེར་བསྡུ་དགོས་དོན་དེ། བཙན་བྱོལ་བོད་མི་ཚོ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྤོ་བའི་ཚད་དེ་ཧ་ཅང་ཤུགས་ཆེན་པོ་ཆགས་ཀྱི་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་མ་འོངས་པར་ཕྱི་ལོ་ ༢༠༢༠ དང་ ༢༠༢༡ ནང་བཙན་བྱོལ་བོད་མིའི་མི་འབོར་གྱི་ཕྱེད་ཀ་ཕྱི་ལ་སླེབས་ཀྱི་རེད་ཅེས་གསུངས་ཡོང་དུས། ང་ཚོས་གནས་སྟངས་དེ་རང་སོར་འཇོག་དགོས་རེད་དམ་ཡང་ན་ང་ཚོས་མུ་མཐུད་གྲ་སྒྲིག་དང་འཆར་གཞི་འཐེན་དགོས་པ་རེད།  ད་ལོར་ང་ཚོས་ཚོགས་འདུ་སྔ་རྗེས་སུ་ཚོགས་པ་རེད་ལ་ལྔ་དང་ལྔ་བཅུའི་ཚོགས་འདུ་སོགས་ཀྱི་ནང་ཕྱི་ལོག་གི་མི་མང་པོ་སྐད་བཏང་ཡོད་པ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ལ་གནས་སྤོ་བྱེད་བཞིན་པའི་མི་འབོར་གྱི་གནས་སྟངས་ལ་བལྟས་ཏེ་སྲིད་བྱུས་འཛིན་དགོས་ཀྱི་ཡོད་པ་དང་། འཆར་འགོད་ལས་ཁུངས་ཡིན་ནའང་འཆར་གཞི་དེ་ལྟར་བཟོ་དགོས་ཀྱིན་འདུག་ཅེས་བརྗོད་བཞིན་ཡོད་པ་དང་། དེ་བཞིན་ཕྱི་སྡོད་བོད་མི་དེ་ཚོ་གནད་འགག་ཆེན་པོ་ཞིག་ཆགས་ཡོད་དུས་རྒྱ་བལ་འབྲུག་གསུམ་ཙམ་མ་ཡིན་པར་ང་ཚོ་ཐུན་མོང་ལ་འཆར་གཞི་བཟོ་རྒྱུ་གཙོའི་ཕྱིའི་ཡུལ་གྲུ་ཁག་གི་བོད་པ་ཚོར་ཕན་པའི་འཆར་གཞི་བཟོ་དགོས་པ་དང་། དེ་ལྟ་བུའི་རེ་སྐུལ་རབ་དང་རིམ་པ་བཀའ་ཤག་དང་གྲོས་ཚོགས་ནང་ལ་འབྱོར་བཞིན་པ་དང་ཕྱོགས་སྐྱོད་སྐབས་ལ་བཀའ་བློན་ཚོར་འབོད་སྐུལ་ཞུ་དང་ཞུ་བཞིན་ཡོད་དུས། དེ་ལྟར་གནང་ཐུབ་མིན་ལ་མ་ལྟོས་པར་འཆར་གཞི་བཟོ་དགོས་ཡོད་དུས་ཐེངས་འདིའི་མི་འབོར་ཞིབ་བཤེར་དེ་སྔར་ལས་ལྷག་དང་མི་འབོར་ཞིབ་བཤེར་འགངས་ཤོག་ཐོག་དྲི་བ་མང་རུ་བཏང་ནས་སྔར་ལས་གྲ་རྒྱས་སུ་གཏོང་ཐབས་བྱེད་བཞིན་པ་ཡིན། ཞེས་བརྗོད་བྱུང་།

ཕྱི་སྡོད་བཙན་བྱོལ་བོད་མི་ཚོ་མི་འབོར་ཞིབ་བཤེར་ནང་ཞུགས་པར་ཆ་རྐྱེན་ག་རེ་དགོས་མིན་དང་། ཕྱི་རྒྱལ་ན་ཡོད་པའི་བོད་མི་ཚོ་ཡུལ་ཁྲིམས་སོགས་ཀྱིས་མི་འབོར་ཞིབ་བཤེར་ནང་འཛུལ་ཐུབ་མིན་གྱི་དཀའ་ངལ་ཡོད་མེད་སོགས་ཀྱི་སྐོར་ལ་ཁོང་གིས།  སྤྱིར་ཡིན་ན་བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ལབ་དུས་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་སྐྱབས་བཅོལ་ལག་དེབ་དང་དཔྱ་ཁྲལ་ལག་དེབ་ཡོད་མཁན་ཚོར་གོ་བསྡད་ཡོད་པ་རེད། དེ་བཞིན་ཡུལ་མིའི་མི་སེར་ལག་དེབ་ཡོད་མཁན་ཡིན་ན་མི་འབོར་ཞིབ་བཤེར་ནང་འཛུལ་ཞུགས་བྱེད་ཆོག་གི་ཡོད་པ་རེད་ལ། རྒྱ་གར་གཞུང་གི་ངོས་ནས་ཀྱང་ཆོག་མཆན་ཡོད་པ་རེད་དེ་འཛུལ་ཞུགས་མི་བྱེད་མཁན་མང་པོ་འདུག ཡིན་ན་ཡང་། ད་ལོའི་མི་འབོར་ཞིབ་བཤེར་དེ་ཁག་གཉིས་ཆགས་ཡོད་པ་དང་། ཐེངས་འདིའི་ཕྱི་སྡོད་བོད་མིའི་མི་འབོར་ཞིབ་བཤེར་ཁྲོད་ཞུགས་པར་དམིགས་བསལ་ཆ་རྐྱེན་སོགས་གང་ཡང་དགོས་པ་མ་རེད། ཕྱི་སྡོད་བོད་མི་ཚོ་བཙན་བྱོལ་བོད་མི་མ་རེད་ལ། ལག་འཁྱེར་རག་ཡོད་མེད་ཙམ་ལས་ཕྱི་རྒྱལ་རྒྱལ་ཁབ་གཞན་གྱི་མི་སེར་ཆགས་ཡོད་དུས་ང་ཚོས་མི་འབོར་ཞིབ་བཤེར་དེའི་མིང་ལ་ཕྱི་སྡོད་བོད་མིའི་མི་འབོར་ཞིབ་བཤེར་ལབ་ཡོད་པ་རེད། ཁོ་ཚོ་རྒྱལ་ཁབ་དེའི་མི་སེར་བྱས་ཏེ་བསྡད་ཡོད་ན་ཡང་རྒྱལ་ཁབ་གཅིག་གི་ཁྲིམས་ནང་ལ་མི་སེར་ཚོ་རྒྱལ་ཁབ་གཉིས་ཀྱི་ཁྲིམས་ནང་ལ་འཛུལ་ཆོག་གི་མ་རེད་ཅེས་ཡོད་ན་མ་གཏོགས། རྒྱལ་ཁབ་ཕལ་ཆེ་བའི་ནང་མི་སེར་གཉིས་ཟེར་བ་དང་ཆེས་མཐོའི་མི་སེར་ལེན་ཐུབ་མཁན་ཡོད་པ་རེད། རྒྱ་གར་ལྟ་བུར་མཚོན་ན་ཕྱི་སྡོད་རྒྱ་གར་བ་ཞེས་རྒྱལ་ཁབ་གཉིས་ཀྱི་མི་སེར་ཆགས་བསྡད་པ་ཡོད་པ་རེད་ལ་རྗེས་ཕྱོགས་ཁོ་ཚོ་ཡང་དེ་འདྲ་བྱས་ཏེ་ཕྱི་སྡོད་བོད་མི་ཆགས་བསྡད་ཡོད་པ་རེད། ཅེས་བརྗོད་བྱུང་།

ཐེངས་འདིའི་མི་འབོར་ཞིབ་བཤེར་སྐབས་དྲི་བ་ག་རེ་ཡོད་མེད་སྐོར་ལ་ཁོང་གིས། སྤྱིར་འགེངས་ཤོག་ནང་དུ་གནས་ཚུལ་ཁག་བཞི་ལྟ་བུ་ཞིག་ཡོད་པ་རེད། དང་པོ་དེ་མི་འབོར་གྱི་གནས་སྟངས་ཐད་ལོ་དང་ཕོ་མོའི་དབྱེ་བ། ནང་མིའི་གྲངས་ཀ གསར་སྐྱེས་དང་གྲོངས་པའི་སྡེ། དེ་ནས་སྤྱི་ཚོགས་ཀྱི་གྲངས་ཀ་ཟེར་བ་ཞིག་ཡོད་པ་དེའི་ནང་ཤེས་ཡོན་དང་འཕྲོད་བསྟེན་དཔལ་འབྱོར་སྐོར་ལ་རེད། ཤེས་ཡོན་ནང་ཤེས་ཡོན་གྱི་གནས་ཚད་ག་ཚོད་ཡིན་པ་དང་ལག་རྩལ་སོགས་ཡོད་དང་མེད། དེ་བཞིན་འབྲི་ཀློག་གི་ཤེས་ཚད་དང་སྐད་ཡིག་ཤེས་ཚད་ག་ཚོད་ཡོད་པའི་སྐོར་དང་། འཕྲོད་བསྟེན་གྱི་གནས་བབ་ནང་ན་ཚ་ག་རེ་ཡོད་མེད་དང་སྤྱི་ཡོངས་ནས་བོད་མིའི་ཁྲོད་ན་ཚ་ག་རེ་ཡོད་མེད། དཔལ་འབྱོར་ནང་ལས་སྤེལ། ལས་མེད། ཕྱེད་ལས་མེད། ཡོང་འབབ་ཚད་ག་འདྲ་ཡོད་པ་དང་ཁང་པ་ཡོད་དམ་མེད་བཅས་ཡོད་པ་རེད། གཞན་ཐེངས་འདིར་ཕྱི་སྡོད་བོད་མི་ཚོར་དམིགས་བསལ་དྲི་བ་གཉིས་ཤིག་བཏང་ཡོད་པ་རེད། དྲི་བ་གཉིས་དེ་ཕྱི་སྡོད་བོད་མི་ཚོར་བོད་མིའི་སྒྲིག་འཛུགས་ངོས་ནས་ག་རེ་གནང་དགོས་པ་དང་ལས་འགན་ག་རེ་འཁུར་དགོས་པ་དང་། གཉིས་པ་དེ་ཕྱི་སྡོད་བོད་མི་ཚོ་རང་ངོས་ནས་བོད་མིའི་རྩ་དོན་ལ་ཕན་པའི་ལས་དོན་ག་རེ་བྱེད་ཐུབ་ཀྱི་འདུག་ཅེས་དྲིས་ཡོད་པ་རེད་ལ། དྲི་བ་དེ་གཉིས་ཧ་ཅང་གནད་འགག་ཆེན་པོ་ཞིག་ཆགས་ཡོད་པ་རེད། ཅེས་བརྗོད་བྱུང་།

ཐོ་འགོད་སྐབས་མི་སྒེར་གྱི་གནས་ཚུལ་མང་པོ་ཞིག་འབྲི་དགོས་དུས་དེ་དག་ལ་འགན་ལེན་དང་ཕྱི་ལ་མི་གྱར་བའི་ཐད་ག་འདྲ་གནང་གི་ཡོད་སྐོར་དྲིས་པར་ཁོང་གིས། བཙན་བྱོལ་བོད་མིའི་མི་འབོར་ཞིབ་བཤེར་ད་ལྟ་བར་ཐེངས་གཉིས་ཕྱིན་པ་རེད་དེ་ང་ཚོའི་ངོས་ནས་ཕྱི་ལ་གྱར་མེད་པར་ཡག་པོ་བྱས་ཏེ་ཉར་ཡོད་པ་རེད། ཐེངས་འདིའི་མི་འབོར་ཞིབ་བཤེར་སྐབས་ཡིན་ནའང་གློག་ཀླད་ཀྱི་ཉར་ཚགས་བྱེད་ས་དམིགས་བསལ་ཉོས་ནས་ང་རང་ཚོ་རང་གིས་ཉར་གྱི་ཡོད་པ་རེད་ལ། དེ་ལ་ཡང་སུས་ལག་པ་འཆང་ནའང་འགྲིག་གི་ཡོད་མེད་སྐོར་ལ་སྒྲིག་གཞི་བཟོས་ཡོད་པ་རེད།  གནས་ཚུལ་ཁ་ཤས་ཐད་མི་གཅིག་གཉིས་ལ་མ་གཏོགས་བཀའ་འཁྲོལ་མེད་ན་ལྟ་ཡང་མི་ཆོག་པ་བཟོས་ཡོད་པ་རེད། དེ་བཞིན་ས་གནས་གཞིས་ཆགས་ཤིག་གི་གནས་ཚུལ་ཡིན་ན་གཞིས་མགོ་མ་གཏོགས་ལྟ་ཆོག་པ་མ་རེད། ལས་ཁུངས་ཤིག་གི་གནས་ཚུལ་ཡིན་ན་ལས་ཁུངས་དེའི་འབྲེལ་ཡོད་མ་གཏོགས་ལྟ་ཆོག་གི་མ་རེད་ལ་ཁྱོན་ཡོངས་ཀྱི་གནས་ཚུལ་ཤིག་ཡིན་ན་སྲིད་སྐྱོང་དང་བཀའ་བློན་ཁག་གི་བཀའ་འཁྲོལ་མེད་པར་ལྟ་ཆོག་གི་མ་རེད། དེའི་ཐད་ཁྲིམས་དང་སྒྲིག་གཞི་ཡག་པོ་བཟོས་ཡོད་ལ་ལག་རྩལ་ཐད་ཁྲོམ་རའི་ནང་ཞིབ་ལྟ་བྱས་ཏེ་ཉར་ཚགས་བྱེད་ས་ཡག་ཤོས་ཤིག་ཡོད། གལ་ཏེ་མི་ཞིག་གི་ལག་ཏུ་ཤོར་བ་ཡིན་ན་ཡང་གྲངས་ཀ་ཙམ་ཐོན་པ་ལས་གནས་ཚུལ་ཇི་བཞིན་ཐོན་ཐུབ་པ་མ་རེད། ཅེས་བརྗོད་བྱུང་།

མཇུག་ཏུ་ཐེངས་འདིའི་མི་འབོར་ཞིབ་བཤེར་དང་འབྲེལ་བོད་མི་ཚོར་ལམ་སྟོན་དང་རེ་སྐུལ་ག་རེ་ཡོད་དྲིས་པར་ཁོང་གིས། གཙོ་བོ་མི་འབོར་ཞིབ་བཤེར་ཁྲོད་འཛུལ་ཞུགས་བྱ་རྒྱུ་དེ་གལ་ཆེན་པོ་རེད་ལ། རྒྱ་གར་ནང་ལྟ་བུར་མཚོན་ན་མི་འབོར་ཞིབ་བཤེར་སྐབས་བརྒྱ་ཆ ༩༥ མ་ཟིན་པ་ཡིན་ན་ཚན་རིག་གི་ཚད་འདང་གི་ཡོད་པ་མ་རེད། གལ་ཏེ་བརྒྱ་ཆ་ལྔ་ལས་ལྷག་ཅིག་འཛུལ་ཞུགས་མ་བྱས་པ་ཡིན་ན་དེ་ལ་མི་འབོར་ཞིབ་བཤེར་ལབ་ཐུབ་ཀྱི་ཡོད་པ་མ་རེད། ཞིབ་བཤེར་བྱས་པ་དེ་རྩ་མེད་འགྲོ་ཡི་ཡོད་པ་རེད། དེ་ཡིན་དུས་མི་འབོར་ཞིབ་བཤེར་ཁྲོད་མི་མང་གི་ངོས་ནས་འཛུལ་ཞུགས་གནང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པས། ང་ཚོའི་ངོས་ནས་མི་མང་གང་མང་འཛུལ་ཞུགས་ཡོང་བའི་རེ་སྐུལ་ཞུ་བཞིན་ཡོད་ཅེས་བརྗོད་བྱུང་།

ཉེ་སྔོན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བརྙན་ལམ་བརྒྱུད་ཐེངས་འདིའི་མི་འབོར་ཞིབ་བཤེར་དེ་གལ་ཆེན་པོ་བརྩི་ཡི་ཡོད་པ་དང་། རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མི་ཚོས་གྲངས་ཀ་ཧ་ལམ་རག་ཡོད་ན་ཡང་ཕྱི་རྒྱལ་ཁག་ན་ཡོད་པའི་བོད་མི་ཚོའི་གྲངས་ཁ་རག་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད་པ་དང་། ཕྱི་རྒྱལ་ན་ཡོད་པའི་མི་རབས་རྒན་པ་ཚོས་ཕྱག་ལས་ག་རེ་གནང་གི་ཡོད་པ་དང་ན་གཞོན་ཚོས་སློབ་སྦྱོང་ག་རེ་སྐོར་ལ་གནང་གི་ཡོད་པའི་སྐོར་སོགས་ཤེས་པ་ཡིན་ན། བོད་མིའི་སྒྲིགས་འཛུགས་ངོས་ནས་བསྡོམས་ཤིག་བརྒྱབ་པ་ཡིན་ན་མ་འོངས་པར་ཕྱི་རྒྱལ་ན་ཡོད་པའི་བོད་པ་ཚོར་ཕན་པ་རེད་ལ། བོད་མིའི་སྒྲིག་འཛུགས་ཀྱིས་མ་འོངས་པར་སྲིད་བྱུས་སོགས་ཀྱི་འཆར་གཞི་འཐེན་པར་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་དུས། འཛུལ་ཞུགས་བྱེད་པའི་འབོད་སྐུལ་ཤུགས་ཆེན་བྱེད་བཞིན་ཡོད། ཅེས་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་ ༢༠༠༩ ལོའི་མི་འབོར་ཞིབ་བཤེར་གྱི་སྙན་ཐོ་ཕྱིར་བསྒྲགས་ལྟར་ན།  ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡༢ ནང་ཚུད་ལ་བཙན་བྱོལ་དུ་གནས་པའི་བོད་མི་གྲངས་འབོར་ ༡༢༧༩༣༥། ཡོད་པའི་ནང་ནས།  ༧༠༥༥༦ ཙམ་སྐྱེས་པ་དང། ༥༧༣༧༩ བུད་མེད་ཡིན་འདུག རྒྱ་གར་དུ་གནས་སྡོད་བཙན་བྱོལ་བོད་མི་གྲངས་ ༩༤༢༠༣ ཡོད་པ་དང།  བལ་ཡུལ་དུ་གནས་སྡོད་བཙན་བྱོལ་བོད་མི་གྲངས ༡༣༥༡༤ ཡོད། འབྲུག་ཡུལ་དུ་གནས་སྡོད་བཙན་བྱོལ་བོད་མི་གྲངས་ ༡༢༩༨ ཡོད། དེ་མིན་ས་གནས་གཞན་ཁག་ཏུ་གནས་སྡོད་བཙན་བྱོལ་བོད་མི་གྲངས ༡༨༩༢༠ ཡོད།  བོད་ཕྱི་རུ་གནས་པའི་འཛམ་གླིང་ཁྱོན་ཡོངས་ཀྱི་བཙན་བྱོལ་བོད་མིའི་གྲངས་འབོར་བརྒྱ་ཆ་ ༣ ཡིན་པ་དང་།  ཁྱོན་ཡོངས་ཀྱི་ཡི་གེ་འབྲི་ཀློག་ཤེས་མཁན་བརྒྱ་ཆ་ ༡༠།༡ ཡིན་ཞིང་། ཕྱི་ལོ་ ༡༩༩༨ ལོར་འབྲི་ཀློག་ཤེས་མཁན་བརྒྱ་ཆ་ ༦༩།༣་དང་། ཕྱི་ལོ་ ༢༠༠༩ ལོར་འབྲི་ཀློག་ཤེས་མཁན་བརྒྱ་ཆ་ ༧༩།༤ ཡིན་འདུག

 གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༢/༠༥

Leave a Reply

One thought on “ཕྱི་སྡོད་བོད་མིའི་མི་འབོར་ཞིབ་བཤེར་ནང་མཉམ་ཞུགས་བྱས་ན་གཞུང་སྒེར་གཉིས་ཀར་ཕན་ཐོགས་ཡོད།

  1. ཕྱི་སྡོད་བོད་མི་ཟེར་ན་གོ་བ་ཇི་ལྟར་ལེན་དགོས་རེད། རྒྱ་ནག་གཞུང་གིས་ ཕྱི་སྡོད་བོད་མི ཟེར་བའི་ཐ་སྙད་འདི་བེད་སྤྱོད་བྱེད་གི་ཡོད་རེད། དེ་ལ་ཁོ་ཚོའི་ངོས་ནས་ཆབ་སྲིད་ཀྱི་དོན་འབྲེལ་ཞིག་ཡོད།