ཕྱུག་བདག་ཆེན་མོས་དེབ་ལྔ་མཚམས་སྦྱོར་བྱས།

ཨ་རིའི་ཁེ་ལས་པ་གྲགས་ཅན་སྐུ་ཞབས་བྷེལ་གྷེ་ཊི་ལགས་ཀྱིས་འདི་ལོར་ཁོ་རང་གིས་བཀླགས་པའི་འཛམ་གླིང་གི་དཔེ་དེབ་ལེགས་ཤོས་ལྔ་ཀློག་པ་པོ་རྣམས་ལ་མཚམས་སྦྱོར་བྱས་འདུག
རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་ཁེ་ལས་པ་གྲགས་ཅན་དང་འཛམ་གླིང་གི་ཕྱུག་བདག་ཨང་དང་པོ་མཡེ་ཁོར་སོབ་ཊི་(Microsoft) ཁེ་ལས་ཁང་འཛུགས་མཁན་སྐུ་ཞབས་བྷེལ་གྷེ་ཊི(Bill Gates)ཡིས། ལོ་ལྟར་ཁོ་རང་གི་བཀླགས་པའི་དཔེ་དེབ་དག་ལས་ཡག་ཤོས་ཁག་ཅིག་འཛམ་གླིང་ཡོངས་ལ་མཚམས་སྦྱོར་བྱེད་སྲོལ་ཡོད་པ་ལྟར། ད་ལོའི་དཔེ་ཀློག་ཁྲོད་ཁོ་རང་ཆེས་དགའ་ཤོས་དང་ཡག་ཤོས་ཀྱི་དེབ་ ༥ མཚམས་སྦྱོར་བྱས་འདུག

སྐུ་ཞབས་བྷེལ་གྷེ་ཊི་ཡིས་དཔེ་དེབ་མཚམས་སྦྱོར་དང་འབྲེལ་ཁོ་རང་གི་དྲ་ཐོག་ཟིན་བྲིས་ཐོག་སྤེལ་བའི་བརྙན་ཐུང་ནང་། ནམ་རྒྱུན་ཡིན་ན་ངས་ལོ་མཇུག་གི་དཔེ་དེབ་མཚམས་སྦྱོར་རེའུ་མིག་ཕྱིར་བསྒྲགས་སྐབས་ཡག་པོ་ཞིག་འཁྱོང་སོང་བསམ་པའི་ངོས་འཛིན་དེ་ཙམ་བྱེད་ཀྱི་མེད་མོད། ད་ལོར་མཚམས་སྦྱོར་བྱས་པའི་དཔེ་དེབ་དག་ནི་ལེགས་སྐྱེས་ཆེན་པོ་ཞིག་ཡིན་བསམ་པའི་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

ཁོས་མཚམས་སྦྱོར་བྱས་པའི་དཔེ་དེབ་ནི་ཨ་རིའི་རྩོམ་པ་པོ་ལྕམ་ཊཱ་རཱ་ཝ་སི་ཊོ་ཝིར་(Tara Westover)ལགས་ཀྱིས་བརྩམས་པའི་ཤེས་ཡོན་སློབ་སྦྱོང་(Educated)ཞེས་པའི་དེབ་དེ་ཡིན་པ་དང་། དཔེ་དེབ་དེ་ནི་ཊཱ་རཱ་ཝ་སི་ཊོ་ཝིར་རང་ཉིད་ཀྱི་ཕྱིར་དྲན་ཁྲོད་ཀྱི་མི་ཚེའི་ལོ་རྒྱུས་ཡིན་པ་དང་། མོ་རང་ཆུང་དུས་ནང་མི་མཉམ་དུ་བསྡད་དེ་སློབ་ཆེན་བར་དུ་སློབ་གྲྭར་མ་སོང་བའི་བྱིས་དུས་ཀྱི་སློབ་གསོའི་བརྒྱུད་རིམ་སྐོར་ཡིན་པ་དང་། སློབ་དེབ་དེའི་ནང་དོན་གཙོ་བོ་ཕ་མ་ཚོའི་བྱིས་པའི་ལྷན་སྐྱེས་ཀྱི་རང་གཤིས་ངོས་འཛིན་གྱིས་སློབ་གསོ་སྤྲོད་ཐབས་སོགས་བྱིས་པའི་སློབ་གསོའི་སྐོར་ལ་ཡིན་པ་དང་། དེབ་དེ་ནི་ད་ལོའི་ཨ་རིའི་ཉེའུ་ཡོག་དུས་བབ་ཀྱི་ལོ་འདིའི་དཔེ་དེབ་ཡག་ཤོས་ ༡༠ ཡི་ཁྲོད་བདམས་ཡོད་འདུག

དཔེ་དེབ་གཉིས་པ་དེ་ཨ་རིའི་དམག་ཟུར་རྩོམ་པ་པོ་པོལ་སི་ཁིར་(Paul Scharre)ལགས་ཀྱིས་བརྩམས་པའི་ཅི་ཡང་མེད་པའི་དམག་མི་(Army of None)ཞེས་པ་དེ་ཡིན་པ་དང་། དེབ་དེའི་ནང་གོ་ལའི་སྲིད་དོན་འཕེལ་འགྱུར་དང་དམག་འཁྲུག་གི་ལོ་རྒྱུས་སོགས་བྲིས་ཡོད་པ་དང་། ནང་དོན་གཙོ་བོ་བརྡ་འཕྲིན་དུས་རབས་འདིའི་མ་འོངས་པར་འཕྲུལ་ལས་ཀྱི་མཚོན་ཆས་དམག་འཁྲུག་ག་འདྲ་བྱུང་སྲིད་པ་དང་། རྒྱལ་ཁབ་ཁག་གི་དམག་བྱུས་དང་དམག་འཁྲུག་གི་མཚོན་ཆ་སྣ་ཚོགས་པ་བཟོས་ཏེ་ཕན་ཚུན་དམིགས་གཏད་དུ་བཟུང་ཡོད་པ་དང་། འཕྲུལ་ཆས་ཀྱི་མཚོན་ཆས་འགྲོ་བ་མིའི་ཚབ་བྱས་ཏེ་དམག་འཁྲུག་རྒྱག་ཐུབ་ན་ཡང་འགྲོ་བ་མིའི་ནང་སེམས་ཀྱི་ཚབ་མཚོན་བྱེད་མི་ཐུབ་པའི་སྐོར་སོགས་ཡིན་འདུག

དཔེ་དེབ་གསུམ་པ་དེ་རྩོམ་པ་པོ་རྗོན་ཁར་རེ་རོ་(John Carreyrou)ཡིས་བརྩམས་པའི་(Bad Blood)ཞེས་པ་དེ་ཡིན་པ་དང་། དཔེ་དེབ་དེ་ནི་ཨཱ་ལེ་ཛཱ་བྷ་ཐི་ཧོལ་མཱེ་སི་(Elizabeth Holmes)ཞེས་པའི་བུད་མེད་ཅིག་གིས་གསར་འཛུགས་གནང་བའི་ཐི་རཱ་ནོ་སི་(Theranos)མི་སྒེར་འཕྲོད་བསྟེན་བརྟག་དཔྱད་ཁང་ཞིག་གི་དཔལ་འབྱོར་མཁོ་སྒྲུབ་སྐོར་གྱི་ལེགས་འགྲུབ་དང་མཐའ་མའི་ཕམ་ཉེས་སོགས་ཡིན་པ་དང་། དེབ་དེའི་ནང་དོན་གཙོ་བོ་ཁེ་ལས་ཁང་དང་བཟོ་ལས་ཁང་ཚོའི་དཔལ་འབྱོར་གནས་བབ་ག་ཚོད་མཐོ་བོ་ཆགས་ཀྱང་བརྟན་གནས་ཡོང་མི་ཐུབ་པར་གློ་བུར་དུ་ཉམས་ཉེས་ཡོང་བའི་ཁེ་ལས་དཔལ་འབྱོར་མཁོ་སྒྲུབ་རིགས་ཀྱི་ལམ་སྟོན་དེབ་ཅིག་ཡིན་འདུག དཔེ་དེབ་དེ་ད་ལོའི་ཨ་རིའི་དཔལ་འབྱོར་དུས་བབ་ཀྱིས་དཔེ་དེབ་ཡག་ཤོས་གྲས་སུ་བདམས་ཡོད་འདུག

སྐུ་ཞབས་བྷེལ་གྷེ་ཊི་ཡིས་མཚམས་སྦྱོར་བྱས་པའི་དཔེ་དེབ་བཞི་པ་ནི་རྩོམ་པ་པོ་ཡོ་ཝལ་ནཱ་ཧཱ་རེ་རཱ་(Yuval Noah Harari) ཡིས་བརྩམས་པའི་དུས་རབས་ཉེར་གཅིག་པའི་བསླབ་བྱ་ཉེར་གཅིག་(21 Lessons for the 21st Century)ཞེས་པ་དེ་ཡིན་པ་དང་། དཔེ་དེབ་དེ་ནི་ད་ལྟའི་འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར། འཕྲུལ་ལས་ཚན་རྩལ་སོགས་གཞི་ལས་བཞག་ནས་མ་འོངས་པར་ག་རེ་ཡོང་སྲིད་པའི་སྐོར་ནས་ཡིན་པ་དང་། བྷེལ་གྷ་ཊི་ཡིས་ཡོ་ཝལ་ནཱ་ཧཱ་རེ་རཱ་ཡི་དེབ་སྔ་མ་དག་ནི་འདས་ཟིན་པའི་ལོ་རྒྱུས་རྐྱང་ཡིན་ན་ཡང་ཐེངས་འདིའི་དེབ་དེ་ནི་ད་ལྟ་བ་རང་གི་སྐོར་ལ་ཡིན་པ་དང་། དཔེ་དེབ་དེའི་ད་ལྟའི་གནས་བབ་གཞི་ལ་བཞག་ནས་ང་ཚོར་གནད་དོན་མང་པོ་ཞིག་གི་ཐད་འཐབ་རྩོད་བྱེད་པར་བསམ་བློ་གཏོང་ས་མང་པོ་ཡོད་སྐོར་བརྗོད་འདུག

དཔེ་དེབ་ལྔ་པ་དེ་རྩོམ་པ་པོ་ཨཱན་དྷེ་པོ་དྷེ་ཁོམ་བྷེ་(Andy Puddicombe)ལགས་ཀྱིས་བརྩམས་པའི་སྒོམ་སྒྲུབ་དང་དྲན་པ་ཉེར་བཞག་(Meditation and Mindfulness)སྐོར་ལ་ལམ་སྟོན་གྱི་དེབ་ཅིག་ཡིན་པ་དང་། དེབ་དེ་ནི་རྩོམ་པ་པོ་ཁོ་རང་ནང་བསྟན་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་ཕྱིན་ཏེ་དགེ་བཤེས་དང་གྲྭ་པ་ཚོ་མཉམ་དུ་སྒོམ་སྒྲུབ་ཀྱི་སྒང་ལ་བྲིས་པ་ཞིག་ཡིན་པ་དང་། བྷེལ་གྷ་ཊི་ཡིས་ཁྱེད་ཀྱིས་དྲན་པ་ཉེར་བཞག་སྐོར་ལ་ཐབས་ཤེས་བྱེད་ཀྱི་ཡོད་ན་དཔེ་དེབ་འདི་ནི་དེ་ལ་ལམ་སྟོན་ཐབས་ཀྱི་དཔེ་དེབ་ཡག་ཤོས་ཤིག་ཡིན་སྐོར་བརྗོད་འདུག དེ་བཞིན་ཁོ་རང་ཉིད་ཀྱིས་ཀྱང་བདུན་རེའི་ནང་ཐེངས་གཉིས་དང་གསུམ་ལ་སྐར་མ་ ༡༠ རེར་སྒོམ་རྒྱག་གི་ཡོད་འདུག

བྷིལ་གྷེ་ཊི་ནི་འཛམ་གླིང་གི་མི་ཕྱུག་ཤོས་དེ་ཡིན་པ་དང་། ཁོ་ནི་དཔེ་ཆ་ཀློག་རྒྱུར་དགའ་བའི་མི་ཞིག་ཀྱང་ཡིན་པ་མ་ཟད། ཁོས་ལོ་གཅིག་གི་རིང་དཔེ་ཆ་ ༥༠ མ་ཟིན་ཙམ་ཀློག་གི་ཡོད་འདུག འོན་ཀྱང་། བྷིལ་གྷེ་ཊི་ལགས་ཀྱིས་དངོས་སྒྲུང་མ་གཏོགས་རྟོག་སྒྲུང་ཀློག་གི་མེད་པ་དང་། སྤྱིར་བྷིལ་གྷེ་ཊི་འཛམ་གླིང་ས་ཕྱོགས་གང་སར་ཕྱིན་ཏེ་རྩལ་སྣ་ཚོགས་འཛོམས་པའི་མི་འདྲ་མིན་ལ་ཐུག་འཕྲད་བྱེད་ཀྱི་ཡོད་པ་དང་བསྟུན། དཔེ་ཀློག་ནི་ཁོ་རང་གི་འཚོ་བའི་ཆ་ཤས་གལ་ཆེ་ཤོས་སུ་ངོས་འཛིན་གྱིས་ཉིན་གཅིག་གི་དུས་ཚོད་ལས་བརྒྱ་ཆ་ ༨༠ ཙམ་དཔེ་ཀློག་ཐོག་གཏོང་གི་ཡོད་པར་བཤད།

སྤྱིར་ནུབ་ཕྱོགས་པའི་ཕྱུག་བདག་མང་པོ་ཞིག་ལ་འདྲ་མཚུངས་ཀྱི་གོམས་གཤིས་ཤིག་ཡོད་པ་ནི། ཁོ་ཚོ་མང་ཆེ་བ་དཔེ་ཀློག་བྱེད་རྒྱུར་ཧ་ཅང་དགའ་བ་དང་། དཔེ་དེབ་ནི་ཁོ་ཚོའི་ཁེ་ཕན་ཆེས་ཆེ་བའི་མ་རྐང་དེ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག  ཁོ་ཚོས་དཔེ་ཆ་ཀློག་པ་ཙམ་མིན་པར་ལོ་རེའི་ལོ་མཇུག་ལ་བསླེབས་པ་དང་མི་མང་ལ་དཔེ་དེབ་མཚམས་སྦྱོར་དང་དཔེ་ཀློག་མྱོང་ཚོར་བཤད་པ། དཔེ་ཀློག་སྐོར་གྱི་ལས་འགུལ་སྤེལ་བ་སོགས་བྱེད་པ་དང་། ཕྱི་ལོ་ ༢༠༡༥ ལོར་སྤྱི་ཚོགས་བརྒྱུད་ལམ་ཁྱབ་ཆེ་ཤོས་ངོ་དེབ་གསར་གཏོད་བྱེད་མཁན་མཱར་ཁི་རྫཱ་ཁར་བྷག་(Mark Zuckerberg)ལགས་ཀྱིས། འཛམ་གླིང་མི་མང་གིས་ཁོ་དང་ལྷན་དུ་བདུན་ཕྲག་གཅིག་གི་ནང་དཔེ་ཆ་རེ་ཀློག་པའི་ལས་འགུལ་སོགས་སྤེལ་བ་ཡོད་པ་དང་། དེ་བཞིན་ཨ་རིའི་ཁེ་ལས་པ་སྐུ་ཞབས་བྷའོ་ཧྥི་ཊི་ལགས་ཀྱིས་མི་ཚེ་གང་བོར་དཔེ་ཀློག་བྱས་ཡོད་པ་དང་། ཁོས་ཉིན་གཅིག་གི་ནང་ཤོག་ངོས་ ༦༠༠ ནས་ ༡༠༠༠ བར་ཀློག་གིན་ཡོད་པ་དང་། ཁོས་དཔེ་ཀློག་སྐོར་གྱི་སྐད་ཆ་ཞིག་ལ་ད་ལྟ་ཁྱེད་རང་གི་མི་ཚེའི་གནས་བབ་ཇི་འདྲ་ཞིག་ཡིན་རུང་། ཁྱེད་ཀྱིས་འབད་བརྩོན་བྱས་ཏེ་དཔེ་ཀློག་བྱས་ན། ནམ་ཞིག་ཁྱེད་རང་ལམ་འགྲོ་རྒྱུག་རྒྱུ་གཏན་ཁེལ་ཡིན་ཞེས་སོགས་ཀྱི་ལམ་སྟོན་བྱས་ཡོད་པ་རེད།

སྐུ་ཞབས་བྷེལ་གྷེ་ཊི་ལགས་ནི་(Bill Gate)་ཕྱི་ལོ་ ༡༩༥༥ ལོར་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་སྐྱེས་པ་དང་། ཁོང་གིས་གློག་ཀླད་ཀྱི་མཉེན་ཆས་མཡེ་ཁོར་སོབ་ཊི་(Microsoft)གསར་གཏོད་བྱས་པ་དང་། ད་ལྟ་མཡེ་ཁོར་སོབ་ཊི་དང་གློག་ཀླད་མཉེན་ཆས་འཆར་འགོད་ཁང་གི་འགན་འཛིན་ཡིན་པ་མ་ཟད། ཚོང་ལས་མ་འཛུགས་མཁན་དང་རྩོམ་པ་པོ་ཞིག་ཀྱང་ཡིན་འདུག ཝེ་ཀེ་རིག་མཛོད་དུ་བཀོད་པ་ལྟར་ན། འདི་ལོའི་བྷེལ་གྷེ་ཊི་སྒེར་གྱི་དཔལ་འབྱོར་རིན་འབབ་ཨ་སྒོར་ཐེར་འབུམ་ ༩.༧༢༠ ཡིན་པ་དང་། ལོ་རེར་ཨ་སྒོར་ཐེར་འབུམ་ ༣༥ ལྷག་བྱམས་བརྩེ་རོགས་སྐྱོར་ཐེབས་རྩ་ཁང་ཁག་ལ་གཏོང་གི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༢/༠༥

Leave a Reply