རྒྱ་ནག་གི་མི་རྣམས་རང་ཉིད་ལ་ཡིད་ཆེས་དགོས།

————-རྒྱ་ནག་གི་རྒྱལ་ཞེན་རིང་ལུགས་པ་གྲགས་ཅན་ཀྲང་ཝེ་ཝེ་ཡི་གཏམ་བཤད་ཧྲིལ་པོ་ཞིག
འབྲུག་མོ་སྐྱིད་ཀྱིས་བོད་སྒྱུར་བྱས།

ཚང་མ་སྐུ་ཁམས་བཟང་། འདས་པའི་མི་ལོ་སུམ་ཅུ་ལྷག་གི་རིང་ཀྲུང་གོ་(ཀྲུང་གོ་ཞེས་པ་འོག་ཏུ་རྒྱ་ནག་ཞེས་བསྒྱུར་རྒྱུ་ཡིན།)ལ་ཚོད་དཔག་བྱས་པ་དེ་དག་ལས་རིགས་གཅིག་ནི་སྤྲོ་སྣང་ཅན་དང་རིགས་གཅིག་ནི་སྐྱོ་སྣང་ཅན་རེད། འོན་ཀྱང་། ཧ་ཅང་དོན་སྙིང་ལྡན་པ་ཞིག་ལ། ང་ཚོས་འདས་པའི་མི་ལོ་སུམ་ཅུ་ལྷག་གི་རིང་དེར་ཕྱི་མིག་ཅིག་བལྟས་ན། སྤྲོ་སྣང་ཅན་རྣམས་ཚང་མ་ཧ་ལམ་འགྲིག་འདུག་ལ། སྐྱོ་སྣང་ཅན་དེ་དག་ཕལ་ཆེར་ཚང་མ་ནོར་འདུག

དེ་སྔོན་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ལ་ཉེ་སྐབས། དབྱིན་ཇིའི་བྷི་བྷི་སི་(BBC)གསར་ཁང་གིས་ང་ཁོ་ཚོའི་འཕྲིན་གཏོང་ཁང་ལ་གདན་འདྲེན་བྱས་སོང་།  གཙོ་སྐྱོང་བ་དེ་དགོད་བྲོ་བོ་ཞིག་འདུག ངེད་གཉིས་ཐུག་སྟེ་མར་བསྡད་རྗེས་ཀྱི་ཁོ་རང་གི་དྲི་བ་དང་པོ་ནི། སློབ་དཔོན་ཀྲཱང་ལགས།  ཁྱེད་རང་གིས་རྒྱ་ནག་ལ་ད་དུང་ཚོགས་ཆེན་བཅུ་དགུ་པ་ཞིག་ཡོད་པར་དགོངས་ཀྱི་ཡོད་དམ་ཟེར། སྐབས་དེར་ཚོགས་ཆེན་བཅོ་བརྒྱད་པ་ད་དུང་འཚོགས་ཡོད་པ་མ་རེད། མི་འགྱང་བར་འཚོགས་འཆར་ཡོད་པ་རེད། ང་གད་མོ་ཞིག་ཤོར་སོང་། ངས་ཁོ་ལ་ཁྱེད་རང་ཚོས་འདས་པའི་ལོ་མང་པོ་ཞིག་གི་རིང་ལ་རྒྱ་ནག་གི་ཆབ་སྲིད་ལ་སྔོན་དཔག་བྱས་པ་དེ་དག་ལས་ཐེངས་ག་ཚོད་ཅིག་འགྲིག་སོང་ངམ། དེ་ང་རང་གིས་ཀྱང་གསལ་བོ་དྲན་གྱི་མི་འདུག ཅེས་བཤད་པ་ཡིན། ད་དུང་ངས་ཁོ་ལ། ང་མི་གཅིག་གི་སྔོན་དཔག་དེ་ཁྱེད་རང་ཚོ་ཚང་མའི་སྔོན་དཔག་ལས་ཀྱང་ཚོད་ཐིག་པ་འདུག ནུབ་ཕྱོགས་ཀྱི་གསར་འགྱུར་མི་སྣ་དང་མཁས་པ་གང་འཚམ་ཞིག་གི་བསམ་བློའི་ནང་དུའང་ད་ལྟ་ད་དུང་ལོ་རྒྱུས་མཇུག་བསྒྲིལ་སྨྲ་བ་དང་ནུབ་ཕྱོགས་ལྟེ་བར་སྨྲ་བ་སོགས་ཡོད་པ་རེད། ཁྱེད་རང་གིས་བསྒྲུབས་པ་དེ་ང་ཚོ་ནུབ་ཕྱོགས་པ་དང་མ་འདྲ་བ་ཡིན་ན་ཁྱེད་རང་མ་འགྲིག་པ་དང་། ཁྱེད་རང་ཉམས་རྒུད་དུ་འགྲོ་རྒྱུ་ཡིན་པ། མཐའ་མར་ཁྱེད་རང་འཐོར་ཞིག་ཏུ་འགྲོ་རྒྱུ་ཡིན་པ་དེ་རེད།

ཡིན་ནའང་ཧ་ཅང་དགོད་བྲོ་བ་ཞིག་ལ། ཚང་མས་ཤེས་གསལ་ལྟར་ལོ་རྒྱུས་མཇུག་བསྒྲིལ་སྨྲ་བའི་རྩོམ་པ་པོ་སྐུ་ཞབས་ཧྥུ་ལགས་ནི་རྒྱལ་ཁོངས་ཨ་རི་ནས་ཡིན་པའི་ཉི་ཧོང་བའི་མཁས་པ་ཞིག་རེད། ངས་ཐེངས་ཤིག་ཁོ་དང་མཉམ་དུ་གླེང་མོལ་བྱས་པ་ཡིན། དེ་བཞིན་ ༢༠༡༡ ལོར་ངས་ཧྲང་ཧེ་རུ་ང་རང་ཨ་རི་ལ་རྒྱུས་མངའ་ཡོད་སྐོར་དང་། ལྷག་པར་དུ་ཨ་རིའི་ཆབ་སྲིད་ལམ་ལུགས་ལ་རྒྱུས་མངའ་ཡོད་སྐོར་བཤད་པ་ཡིན། ངས་ཁྱེད་ཚོ་ལ་ཨ་རིའི་ཆབ་སྲིད་ཀྱི་སྒྲོམ་གཞིའི་སྐོར་བཤད་ཆོག ད་ལྟའི་ཨ་རིའི་ཆབ་སྲིད་ལམ་ལུགས་ཀྱི་བཟོ་བཀོད་དེ་བཟོ་ལས་གསར་བརྗེའི་དུས་སྐབས་སྔོན་མའི་སྐབས་རེད། ཨ་རིའི་ཆབ་སྲིད་བཅོས་བསྒྱུར་གྱི་ཛ་དྲག་རང་བཞིན་དེ་རྒྱ་ནག་ལས་ཆུང་བ་ཞིག་གཏན་ནས་མ་རེད། དོན་དངོས་ཐོག་ཨ་རི་ད་དུང་རྒྱ་ནག་ལས་ཉེན་ཁ་ཆེ་བ་ཡོད། དགོད་བྲོ་བ་ཞིག་ལ། ད་ལྟའི་ང་ཚོའི་རྩོད་གླེང་འདིར་ལོ་ངོ་བཞི་ཙམ་ཕྱིན་སོང་། ཡིན་ནའང་ངའི་ལྟ་ཚུལ་ལ་འགྱུར་བ་གཅིག་ཀྱང་ཐེབས་མ་སོང་བ་མ་ཟད། སྔར་ལས་ཀྱང་ཞིབ་ཚགས་ཅན་དང་ཧ་ཅིང་གཏིང་ཟབ་ཅན་ཏུ་གྱུར་སོང་།

སྐུ་ཞབས་ཧྥུ་ལགས་ཀྱིས་ཨ་རིའི་བདུན་རེའི་ཕྱི་འབྲེལ་དུས་དེབ་སྟེང་རྩོམ་ཡིག་གསར་པ་ཞིག་སྤེལ་སོང་། དུས་དེབ་དེ་ཨ་རིའི་ནང་གི་དུས་དེབ་སྐད་གྲགས་ཆེ་ཤོས་ཤིག་རེད། རྩོམ་ཡིག་རིང་པོ་དེའི་ཁ་བྱང་ནི་ ༼ ཉམས་རྒུད་ཁྲོད་ཀྱི་ཨ་རི། ༽ཞེས་པ་དེ་རེད། ངས་རྩོམ་ཡིག་དེར་དབྱིན་ཡིག་ཐོག་ནས་བལྟས་པ་ཡིན། རྩོམ་ཡིག་དེ་ད་དུང་རྒྱ་ཡིག་ནང་དུའང་བསྒྱུར་འདུག རྩོམ་ཡིག་དེའི་བརྒྱ་ཆའི་དགུ་ཅུ་གོ་ལྔ་དག་བཅོས་མི་དགོས་པར་མི་དམངས་ཉིན་རེ་ཚགས་པར་སྟེང་བཀོད་ན་གནད་དོན་གང་ཡང་མི་འདུག (ཚོགས་བཞུགས་པ་རྣམས་གད་མོ་བགད།)

དེའི་རྐྱེན་གྱིས་ངས་གནད་དོན་འདིའི་སྐོར་གླེང་མོལ་བྱེད་རྒྱུར་རང་ལ་ཡིད་ཆེས་ཡོད། དེ་ནི་ཕལ་ཆེར་ང་རང་ཉིད་ཀྱི་ཉམས་མྱོང་ལ་འབྲེལ་བ་ཡོད་པ་ཞིག་རེད། རྒྱུ་མཚན་གང་ཡིན་ཟེར་ན། ངས་ལོ་ཆུང་དུས་རྒྱ་ནག་གི་ཆེས་དམའ་བའི་ལས་ཀ་བྱས་མྱོང་ལ། ཧྲང་ཧེ་ནས་ལོ་གསུམ་རིང་ལས་བཟོ་བའང་བྱས་མྱོང་ཡོད། འོན་ཀྱང་ལོ་རབས་བརྒྱད་ཅུའི་དུས་དཀྱིལ་ནས་བཟུང་ང་རང་ཧ་ཅང་ལས་བསོད་ལྡན་པའི་ངང་ཐད་ཀར་སྐབས་དེའི་ཀྲུང་གོའི་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་མི་སྣར་སྐད་སྒྱུར་བྱ་རྒྱུའི་གོ་སྐབས་རག་པ་རེད། ལྷག་པར་དུ་ཏིན་ཞའོ་ཕིན་མཆོག་ལ་ཐེངས་མང་པོར་སྐད་བསྒྱུར་བྱེད་པའི་གོ་སྐབས་བྱུང་མྱོང་ཡོད། དེར་བརྟེན། ངས་རྒྱ་ནག་གི་ཆེས་དམའ་བའི་མི་དམངས་ལ་འབྲེལ་འདྲིས་བྱེད་མྱོང་ལ། རྒྱ་ནག་གི་ཆེས་མཐོ་བའི་དབུ་ཁྲིད་ལའང་འབྲེལ་འདྲིས་བྱས་མྱོང་ཡོད།

ང་ཐེངས་དང་པོར་ཕྱི་རྒྱལ་དུ་འགྲོ་ཡུལ་དེ་ཐེ་ལན་ཌིའི་རྒྱལ་ས་བྷིང་ཀོག་(Thailand,bangkok)ཟེར་བ་དེ་རེད། སྐབས་དེར་ངས་རྒྱལ་ཁབ་དེ་ཧ་ཅང་བློ་ཡུལ་ལས་འདས་པའི་ཡར་རྒྱས་ཆེན་པོ་ཕྱིན་འདུག་བསམ་མྱོང་། ཉུང་མཐར་ཧྲང་ཧེ་ལས་ལོ་ཉི་ཤུའི་སྔོན་ཐོན་རེད་འདུག སྐབས་དེར་ངས་ཐེངས་དང་པོ་རང་འདེམས་ཚོང་རྭ་མཐོང་བ་ཡིན། ཐེངས་དང་པོར་མྱུར་བགྲོད་གཞུང་ལམ་མཐོང་བ་ཡིན། དགོང་མོ་ཆུ་ཚོད་དགུ་བའི་སྟེང་ཚོང་ཁང་སྒོ་ཕྱེ་བསྡད་ཡོད་པ་ཐེངས་དང་པོར་མཐོང་པ་ཡིན། འོན་ཀྱང་། ད་ཐེངས་ང་བྷིང་ཀོག་ལ་ཕྱིན་ཏེ་གནས་ཚུལ་གསར་པ་ཞིག་མཐོང་བ་ནི། ད་ལྟ་བྷིང་ཀོག་ཉུང་མཐར་ཧྲང་ཧེ་ལས་ལོ་ཉི་ཤུའི་རྗེས་ལུས་ཐེབས་འདུག་པ་དེ་རེད།

ད་དུང་ཁྱད་ཆོས་དམིགས་བསལ་བ་ཞིག་ཡོད་པ་ནི། ངས་ནུབ་ཕྱོགས་ནས་ལོ་མང་རིང་འཚོ་བ་རོལ་མྱོང་ཡོད་སྟབས། ང་ནུབ་ཕྱོགས་པའི་བསླུ་བྲིད་དེ་དག་གི་གཡོ་འོག་ཏུ་ཚུད་མི་ཐུབ། ངས་ནུབ་ཕྱོགས་ནས་ཁྲིམས་རྩོད་པ་གླས་མྱོང་ལ། རྩིས་གཉེར་བའང་གླས་མྱོང་། དཔྱ་ཁྲལ་འཇལ་མྱོང་ལ། གཏུག་བཤེར་ཡང་བྱས་མྱོང་ཡོད། ས་ཆ་ཉོས་མྱོང་ལ་ཁང་པ་ཡང་བརྒྱབ་མྱོང་ཡོད། སྐབས་དེར་ངས་ནུབ་ཕྱོགས་པར་བཟང་ཆ་དང་ཞན་ཆ་གཉིས་ཀ་ཡོད་པ་ནི་དངོས་ཡོད་གནས་སྟངས་རེད་བསམ་བྱུང་། འོན་ཀྱང་། ད་ལྟ་ལམ་ལུགས་ཀྱི་ཞན་ཆ་མང་པོ་ཞིག་གིས་བཟང་ཆ་དེ་དག་མར་གནོན་མགོ་བརྩམས་སོང་།

ང་རྒྱལ་ཁབ་བརྒྱ་ལྷག་ལ་ཕྱིན་རྗེས། གཞི་ནས་ཚོར་བ་གཏིང་ཟབ་མོ་ཞིག་བྱུང་བ་ནི། རྒྱ་ནག་ད་ལྟ་འདི་འདྲའི་འཕེལ་རྒྱས་ཆེན་པོ་ཕྱིན་འདུག ང་རང་གི་བསམ་པར་ང་ཚོ་ནི་འདི་འདྲའི་མི་འབོར་ཆེན་པོ་རེད། ལྷག་པར་དུ་ང་ཚོ་ཤེས་ཡོན་པའི་སྡེ་དང་གསར་འགྱུར་བརྒྱུད་ལམ་གྱི་མི་སྣ་ཚོས་རང་ཉིད་ལ་ཡིད་ཆེས་མི་བྱེད་པར། རྟག་པར་འདི་ལས་ལྷག་གི་ཕུགས་བསམ་གྱི་འཇིག་རྟེན་ཞིག་ཡོད་པར་ངོས་འཛིན་བྱེད་ཀྱིན་འདུག དེ་ནི་ནུབ་ཕྱོགས་དང་། ལྷག་པར་དུ་ཨ་རི་རེད།

ངས་ཐེངས་ཤིག་ཧྲང་ཧེ་སློབ་གྲྭ་ཆེན་མོའི་ནང་གཏམ་བཤད་བྱས་སྐབས། རྒྱ་ནག་ཡར་རྒྱས་ཆེན་པོ་ཕྱིན་ཡོད་སྐོར་བཤད་པ་ཡིན། སྐབས་དེར་དགེ་རྒན་ན་གཞོན་ཞིག་གིས་ཧ་ཅང་རྣོ་ངར་ལྡན་པའི་དྲི་བ་ཞིག་བཏང་བྱུང་། ཁོས་དགེ་རྒན་ཀྲཱང་ལགས། ཁྱོད་ཀྱི་གཏམ་བཤད་ལ་ཉན་རྗེས། རྒྱ་ནག་མི་མང་གི་འཚོ་བ་ནི་ཧ་ཅང་བདེ་སྐྱིད་ལྡན་པ་ཞིག་ཡིན་པའི་ཚོར་སྣང་སྤྲད་བྱུང་། འོན་ཀྱང་། རྒྱུ་མཚན་ཅིའི་ཕྱིར་རྒྱ་ནག་པ་མང་པོ་ཞིག་གི་རེ་འདུན་གཙོ་བོ་དེ་ཕྱི་རྒྱལ་དུ་གནས་སྤོ་བྱ་རྒྱུ་དེ་ཡིན་ནམ། ཁྱོད་ཀྱིས་ཁོ་ཚོར་ཁ་བརྡ་སློབ་གསོ་གནང་སྟེ་ཁོ་ཚོ་གནས་སྤོ་མི་བྱེད་པར་རྒྱ་ནག་ནང་སྡོད་དུ་འཇུག་རོགས། ཞེས་བཤད་སོང་། ང་གད་མོ་བགད་པ་ཡིན། ཁྱོད་ཀྱིས་དྲི་བ་འདྲི་ས་དེ་ནོར་མི་འདུག འོན་ཀྱང་། ངས་གླེན་རྟགས་འདི་འདྲ་མི་སྟོན་ཞེས་བཤད་པ་ཡིན། གང་ཡིན་ཟེར་ན། ངས་ཁོ་ཚོ་གནས་སྤོ་བྱེད་པར་བསྟོད་བསྔགས་བྱེད་བཞིན་ཡོད། རྒྱུ་མཚན་ནི། ངས་འདིའི་སྐོར་ལ་ཞིབ་འཇུག་ཏོག་ཙམ་བྱས་མྱོང་ཡོད། ཁོ་ཚོ་ཕྱི་རྒྱལ་དུ་ཕྱིན་རྗེས་བརྒྱ་ཆའི་བདུན་ཅུ་ལྷག་ཕྱིར་རང་གི་རྒྱལ་ཁབ་ལ་དགའ་ཞེན་སྔར་ལས་ཆེ་བ་ཡོང་གི་འདུག ཁོང་ཚོ་རྒྱལ་ཁབ་དེའི་རྒྱལ་ཁོངས་སུ་ཞུགས་རུང་མ་ཞུགས་རུང་། གང་ལྟར་ཕྱི་རྒྱལ་དུ་སླེབས་མ་ཐག་རང་རྒྱལ་ལ་དགའ་ཞེན་སྐྱེས། དེའི་ཕན་འབྲས་ཏང་གི་སློབ་གསོ་ལས་ཀྱང་ལྡབ་འགྱུར་གྱིས་བཟང་བ་འདུག (ཚོགས་བཞུགས་པ་རྣམས་གད་མོ་བགད།)

ད་དུང་ངས་གནས་སྤོའི་སྐོར་གྱི་འབྲེལ་ཡོད་གྲངས་ཐོ་ཁག་ལ་ཞིབ་འཇུག་ནན་ཏན་བྱས་པ་ཡིན། ད་ལྟ་ང་ཚོ་གནས་སྤོ་བྱེད་པའི་གྲངས་ཚད་ཧ་ཅང་ཉུང་ཉུང་རེད། འདས་པའི་ལོ་ངོ་གསུམ་རིང་ཆ་སྙོམས་བྱས་ན་ལོ་རེར་མི་གྲངས་ཁྲི་ ༡༩ ཙམ་གནས་སྤོ་བྱེད་གྱིན་འདུག ལོ་གཅིག་གི་ནང་མི་གྲངས་ཁྲི་ ༡༩ ཟེར་དེ་གནད་དོན་ཆེན་པོ་གང་ཡང་མ་རེད། རྒྱལ་ཁབ་ཆུང་ཆུང་ཕའོ་ལན་ཌི་(Poland)ལྟ་བུར་མཚོན་ན་དམངས་གཙོའི་རྒྱལ་ཁབ་རེད། ན་ནིང་གི་མི་འབོར་ཁྲི་ ༤༠༠༠ ལྷག་རེད། ན་ནིང་གནས་སྤོ་བྱེད་པའི་མི་འབོར་ཁྲི་ ༥༠ རེད། དམངས་གཙོ་ཡིན་པའི་ཐེ་ཝན་གྱི་མི་འབོར་དེ་ཧྲང་ཧེ་གྲོང་ཁྱེར་གྱི་མི་འབོར་ལས་ཀྱང་ཉུང་བ་རེད། ཁྱོན་ཁྲི་ ༢༣༠༠ ཙམ་རེད། ད་ལྟ་རྒྱ་ནག་སྐམ་ས་ཆེན་མོའི་ཧྲང་ཧེ་རུ་སློབ་སྦྱོང་བྱེད་མཁན་དང་ལས་ཀ་བྱེད་མཁན་ཐེ་ཝན་གྱི་སྤུན་ཟླ་ག་ཚོད་ཡོད། མི་གྲངས་ཁྲི་ ༡༥༠ ཡོད་པ་རེད། ཚོད་དཔག་འདི་ད་དུང་བག་འཁུམ་གྱི་ཚོད་དཔག་ཅིག་རེད།

ངས་རྒྱལ་ཁབ་གྱི་གནས་བབ་བཤད་ཆོག གལ་སྲིད་ཁྱེད་རང་ཨ་རིར་གནས་སྤོ་བྱེད་འདོད་ཡོད་ན། ངས་ཁྱོད་ལ་ཐབས་ལམ་ཞིག་སྟོན། ང་ནིའུ་ཡོག་ལ་ཆ་རྒྱུས་ཡོད། ངས་ནིའུ་ཡོག་དེ་ཧ་ལམ་ཧྲང་ཧེ་ལས་སྐྱོ་བ་རེད་ཅེས་བརྗོད་ཐུབ། ཁྱོད་རང་ཧྲང་ཧེ་ཕུ་ཏོང་(Pu dong)གནམ་ཐང་ནས་འཕུར་ཏེ། ཨ་རིའི་ནིའུ་ཡོག་གནམ་ཐང་གང་རུང་ཞིག་ལ་མར་བབ་ན། ནིའུ་ཡོག་ཏུ་གནམ་ཐང་གསུམ་ཡོད། ད་བར་ཧྲང་ཧེ་ལ་འབྲེལ་འདྲིས་མང་ཤོས་དེ་ནིའུ་ཝར་ཁུ་(Newark)གནམ་ཐང་རེད། ཁྱོད་ཀྱིས་བསམ་བློ་ཞིག་ཐོངས་དང་། གང་འདྲ་ཞིག་ལ་འཛམ་གླིང་དང་པོའི་གནམ་ཐང་ནས་འཛམ་གླིང་གསུམ་པའི་གནམ་ཐང་ཟེར། ཨ་རིའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དེ་དག་ཚང་མ་ལོ་རབས་དྲུག་ཅུའི་ནང་བྱས་པ་རེད། རྒྱ་ནག་དང་བསྡུར་ཐབས་གང་ན་ཡོད།

གལ་སྲིད་ཁྱེད་རང་སྐྱེས་ཕོ་རབས་ཤིག་ཡིན་ན། གལ་སྲིད་ཁྱེད་རང་སྙིང་སྟོབས་ཅན་ཞིག་ཡིན་ན། ཚོད་ལྟ་ཐེངས་གཅིག་བྱོས་དང་། ཨ་རིའི་ནིའུ་ཝར་ཁུ་(Newark)གྲོང་རྡལ་དེ་ང་ཚོའི་ཧོང་ཆེའོ་(虹桥)གྲོང་རྡལ་ལྟ་བུ་ཞིག་རེད། ཁྱོད་དེ་གར་མཚན་གཅིག་རིང་ཞག་སྡོད་བྱོས་དང་། ང་མཚན་གཅིག་ལ་བསྡད་མྱོང་ཡོད། མཚན་མོ་ཕྱི་ལོགས་སུ་འགྲོ་ཐུབ་མིན་ལ་ཚོད་ལྟ་ཅིག་བྱོས་དང་། ངའི་གྲོགས་པོ་ཞིག་ནིའུ་ཝར་ཁུའི་གསོ་རིག་སློབ་གླིང་གི་རབ་འབྱམས་པ་རེད། ངས་ཁོང་ལ་ཁྱོད་ཚོའི་གསོ་རིག་སློབ་གྲྭ་འདི་ག་འདྲ་འདུག་ཅེས་དྲིས་པ་ཡིན། ཁོས་ཡག་པོ་འདུག་ཟེར། ཡང་བསྐྱར་ངས་ཁོ་ལ། ཁྱོད་ཀྱི་སློབ་གྲྭའི་ནང་གི་ཆེད་ལས་ཡག་ཤོས་དེ་ག་རེ་རེད་ཅེས་དྲིས་པ་ཡིན། ཁོས་མེ་མདའི་རྨས་སྐྱོན་ཚན་ཁག་རེད་ཟེར། ཨ་རིའི་ནང་རྒྱུན་པར་འཐབ་འཛིང་བྱེད་བཞིན་ཡོད་སྟབས། མེ་མདའི་རྨས་སྐྱོན་ཚན་ཁག་དེ་ཡར་རྒྱས་ཆེན་པོ་འགྲོ་བཞིན་ཡོད་པ་རེད། (ཚོགས་བཞུགས་པ་རྣམས་གད་མོ་བགད།)

ཁྱོད་ཀྱིས་མ་མཐར་རྒྱལ་ཁབ་དེའི་རྒྱུན་ཤེས་ཏོག་ཙམ་ཤེས་དགོས། རྒྱལ་ཁབ་འདི་འཛམ་གླིང་གསུམ་གྱིས་གྲུབ་ཡོད་པ་རེད། འཛམ་གླིང་གསུམ་པ། འཛམ་གླིང་གཉིས་པ། འཛམ་གླིང་དང་པོ། གལ་སྲིད་ཁྱོད་རང་གི་རླུང་རྟ་མར་ཆགས་ཏེ་འཛམ་གླིང་གསུམ་པའི་ནང་དུ་ལྷུང་བ་ཡིན་ན། དགོངས་འགལ་མེད་པ་ཞུ། ཁྱོད་ཀྱིས་ལྷོ་ཨ་ཧྥི་རི་ཁའི་ནང་ལོ་ལྔ་བཅུར་མི་ཚེ་བསྐྱལ་དགོས་བྱུང་བ་དང་གཅིག་མཚུངས་ཡིན། གལ་སྲིད་ཁྱོད་ཀྱིས་ང་ཚོའི་ཕྱིར་སྐྱོད་སློབ་ཕྲུག་དག་དང་འདྲ་བར་འབད་བརྩོན་ཧུར་སྐྱེད་བྱས་ན། ཨ་རིའི་འཛམ་གླིང་གཉིས་པའི་ནང་གི་འབྱོར་འབྲིང་གྲལ་རིམ་ཞིག་ཏུ་ཚུད་ཐུབ། འོན་ཀྱང་། ཁྱོད་ཀྱིས་དངོས་སུ་ཁོང་ཚོར་སྐད་ཆ་དྲིས་དང་། འདས་པའི་ལོ་ངོ་ཉི་ཤུའི་རིང་། དོན་དངོས་ཐོག་ཁྱོད་ཀྱི་ཡོང་འབབ་ཇེ་མང་དུ་སོང་ཡོད་དམ། གལ་སྲིད་ཁྱེད་ཀྱིས་ཁང་པ་ཉོས་ཡོད་ན་ཁྱོད་ཀྱི་ཁང་པའི་གོང་ཚད་ཇེ་མཐོར་སོང་ཡོད་དམ། ཁྱོད་རང་རྗེས་མ་ཨ་རིའི་རྒན་ཡོལ་འཚོ་བར་ཡིད་ཆེས་ཡོད་དམ། ངས་ཨ་རིའི་ནང་གི་ཚང་མ་ཡག་པོ་མི་འདུག་ཟེར་གྱི་མེད། ཨ་རིའི་ས་ཆ་མང་པོ་ཞིག་ཡག་པོ་ཡོད་པ་རེད། ཡིན་ནའང་ངས་བཤད་ན། ང་ཚོས་ངེས་པར་དུ་ཨ་རིར་ཁ་ཐུག་ཏུ་ལྟ་དགོས། ནུབ་ཕྱོགས་ལའང་ཁ་ཐུག་ཏུ་ལྟ་དགོས། མགོ་བོ་ཡར་བཀྱགས་ནས་ལྟ་མི་དགོས་ལ་ཐུར་ལྟ་ཡང་བྱེད་མི་དགོས། ལྷག་པར་དུ་ལྟ་ཚུལ་མཐོ་མི་རུང་ལ་དམའ་ཡང་མི་རུང་། དེ་ལྟར་བྱས་ན་ད་གཟོད་ང་ཚོ་ཨ་རི་དང་ནུབ་ཕྱོགས་པས་གཡོ་འགུལ་གཏོང་བ་སྔོན་འགོག་བྱེད་ཐུབ།

དེ་རིང་རྒྱ་ནག་འདི་ལྟ་བུའི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་གྱུར་ཡོད་ཀྱང་། ད་དུང་ནུབ་ཕྱོགས་དང་ཨ་རི་ཞེས་སྐད་ཆ་དོན་མེད་འདི་འདྲས་གཡོ་འགུལ་བསླངས་པ་ཡིན་ན། ང་ཚོའི་མི་རབས་རྗེས་མ་ཚོས་ང་ཚོར་ངན་སྨྲ་བྱེད་སྲིད་པ་རེད། སྐབས་དེར་ལག་པའི་ནང་དུ་སྦག་ཡག་པོ་དེ་འདྲ་ཡོད་བཞིན་དུ་བརྒྱབ་སྟེ་ཇི་ལྟར་འདི་འདྲ་ཆགས་པ་རེད་དམ། རྒྱ་ནག་གི་འཕེལ་རྒྱས་དེ་འཛམ་གླིང་སྟེང་གི་འཕེལ་རྒྱས་ཆེས་མགྱོགས་ཤོས་དེ་ཡིན་པར་ང་ལ་ཐེ་ཚོམ་གང་ཡང་མེད། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ནང་ད་སྔ་མཐོང་དཀོན་པ་ཞིག་རེད་ཅེས་བཤད་ཆོག ང་ཚོའི་རྒྱལ་ཁབ་ཀྱི་དབུལ་ཕོངས་ལས་གྲོལ་བའི་མི་འབོར་དེ་འཛམ་གླིང་སྟེང་གི་དབུལ་ཕོངས་ལས་གྲོལ་བའི་སྤྱིའི་མི་འབོར་གྱི་ ༨༠% ཟིན་ཡོད། གྲུབ་འབྲས་འདི་ང་ཚོའི་ཚོད་དཔག་ལས་ཀྱང་བརྒལ་ཡོད། ང་ཚོའི་གྲུབ་འབྲས་དེ་ཧ་ལམ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚང་མའི་སྤྱི་བསྡོམས་ལས་ཀྱང་བརྒལ་འདུག

ང་ཚོའི་ད་ལྟའི་དཔལ་འབྱོར་གྱི་བསྡོམས་འབོར་དེར་བལྟས་ན། ཆེས་བག་འཁུམ་གྱི་ཚོད་དཔག་དང་། ངའི་མཐོང་ཚུལ་ཡིན་ན། ལོ་བཅུའི་ནང་གཞུང་ཕྱོགས་ཀྱི་དངུལ་རྩིས་འཛའ་ཐང་ལྟར་གྱི་ GDP དེ་ཨ་རི་ལས་བརྒལ་གྱི་རེད། རྩ་བའི་དངོས་ཟོག་ཉོ་སྡུད་རིན་གོང་ཞིབ་བསྡུར་བྱེད་པ་དེ་ཕྱོགས་གཞན་ཞིག་གི་རྩིས་ཞིབ་བྱེད་སྟངས་རེད། དེ་ནི་ཁྱོད་རང་གི་ཚོང་ཟོག་རེད། དོན་དངོས་ཐོག་དངོས་པོ་ག་ཚོད་ཅིག་ཉོས་པ་དེར་རྩིས་བརྒྱབ་པ་ཡིན་ན། རྒྱ་ནག་གི་དཔལ་འབྱོར་རྒྱ་ཁྱོན་གྱིས་རྒྱལ་སྤྱིའི་ཁྲོམ་རྭའི་མ་རྐང་རྩ་འཛུགས་ནང་གི་ཟིན་ཐོ་གསར་ཤོས་དེ་བསྐྲུན་ཡོད། ༢༠༡༤ ལོར་ཕལ་ཆེར་ཨ་རི་ལས་མཐོ་བ་ཆགས་འདུག

རྒྱ་ནག་ནི་འཛམ་གླིང་སྟེང་གི་དཔལ་འབྱོར་དངོས་ཚན་ཆེ་ཤོས་དེ་ཆགས་འདུག འོན་ཀྱང་མི་ཁ་ཤས་ཤིག་ད་དུང་རང་ཉིད་ལ་ཡིད་ཆེས་མེད། འོན་ཀྱང་། དེ་ནི་ཧང་སང་དགོས་པ་ཞིག་མ་རེད། ཨ་རི་ལས་བརྒལ་ཡོད་ནའང་རྒྱ་ནག་གི་མི་འབོར་དེ་ཨ་རི་ལས་ལྡབ་བཞི་ལས་མང་བ་ཡོད། རེད་དམ་མ་རེད། རྒྱ་ནག་གི་རྒྱལ་དམངས་ཐོན་སྐྱེད་བསྡོམས་གྲངས་ GDP དེ་ཨ་རིའི་བཞི་ཆ་གཅིག་རེད། དམིགས་ཚད་མ་ལག་གཞན་ཞིག་གི་ཐོག་ནས་བཤད་ན། མཇུག་འབྲས་ཚང་མ་ཕལ་ཆེར་མི་འདྲ་བ་ཆགས་སྲིད།ངས་ནམ་རྒྱུན་འཛམ་གླིང་གི་རྒྱལ་ཁབ་རེ་རེ་ལ་དམིགས་ཚད་མི་འདྲ་བ་ཕྱོགས་གཉིས་ཀྱི་ཐོག་ནས་ལྟ་བཞིན་ཡོད། ཕྱོགས་གཅིག་དེ་ཁྱིམ་ཚང་གིས་བཙལ་བའི་རྒྱུ་ནོར་རེད། དེ་ལ་མི་མང་དཀྱུས་མའི་ཁྱིམ་ཚང་གི་ཡོང་འབབ་ཟེར་ནའང་ཆོག ཁྱོད་ཀྱི་ཁང་པའི་མ་རྩ་དང་། ཁྱོད་ཀྱི་མ་རྐང་དངུལ་ལོར། ཁྱོད་ཀྱི་བུན་འཛིན། ཁྱོད་ཀྱི་གསོག་དངུལ་ཚང་མ་ཕྱོགས་གཅིག་ཏུ་བསྡོམས་ན་ད་གཟོད་ཁྱོད་ལ་མ་རྩ་ག་ཚོད་འདུག ངས་ད་ལྟ་མཐོང་བ་ལྟར་ན། ༢༠༠༧ ལོར་ཨ་རིའི་ཁྱིམ་ཚང་གཅིག་གི་ཡོང་འབབ་ཨ་སྒོར་ཁྲི་ ༡༢.༦ རེད། ༢༠༠༩ ལོར་ཨ་རིའི་ཁྱིམ་ཚང་གཅིག་གི་ཡོང་འབབ་ཨ་སྒོར་ཁྲི་ ༩.༣ རེད། ༢༠༡༠ ལོར་ཨ་རིའི་ཁྱིམ་ཚང་གཅིག་གི་ཡོང་འབབ་ཨ་སྒོར་ཁྲི་ ༧.༧༣ རེད། ༢༠༡༠ ལོར་རྒྱ་ནག་གི་གྲོང་རྡལ་ཁྱིམ་ཚང་གཅིག་གི་ཡོང་འབབ་ཨ་སྒོར་ཁྲི་ ༦་༦༢ རེད། ༢༠༡༠ ལོར་ཨ་རིའི་ཁྱིམ་ཚང་འབྲིང་རིམ་ཆུ་ཚད་ཅན་གྱི་རྒྱུ་ནོར་ཁེ་གཙང་བརྒྱ་ཆ་ ༥༠% འདི་ལས་མཐོ་བ་འདུག བརྒྱ་ཆ་ ༥༠% འདི་ལས་དམའ་བ་རེད། དེ་ཨ་སྒོར་ ༧༧༣༠༠ རེད། མི་ལ་ལས་ག་རེ་བྱས་ཏེ་ཨ་རིའི་ཡོང་འབབ་འདི་འདྲའི་དམའ་བོ་ཡིན་ནམ་ཟེར། དོན་དངོས་ཐོག་ཨ་རིའི་རྒྱལ་ཁབ་འདི་བུ་ལོན་སྒྲུབ་འཇལ་བྱེད་ཀྱིན་པའི་དཔལ་འབྱོར་ལམ་ལུགས་ཤིག་རེད། མི་དམངས་ཀྱི་མཛད་སྤྱོད་ཀྱང་བུ་ལོན་རང་བཞིན་གྱི་མཛད་སྤྱོད་ཅིག་རེད། བུ་ལོན་འཇལ་བའི་རྗེས་ལ་ཁྱོད་ཀྱི་ལག་པའི་ནང་མ་རྩ་དེ་ཙམ་མང་པོ་ཞིག་ལྷག་མེད། ཆུ་ཚད་འདི་དང་ད་ལྟའི་རྒྱ་ནག་གི་ཁྱིམ་ཚང་གི་རྒྱུ་ནོར་ཁེ་གཙང་བར་ཁྱད་པར་ཆེན་པོ་མི་འདུག རྒྱ་ནག་གི་དར་རྒྱས་ཆེ་བའི་ཁུལ་ཁག་དུ་ང་ཚོ་ཡང་ཨ་རིའི་མི་འབོར་དུང་ཕྱུར་ ༣ ལྷག་གི་དར་རྒྱས་ཆེ་བའི་ཁུལ་ཁག་ཅིག་གྲུབ་ཚར་བ་རེད། སྦ་གསང་མེད་པར་བཤད་ན། ཨ་སྒོར་ཁྲི་ ༧.༧༣ དེ་(དམངས་སྒོར་ཁྲི་ ༤༧ )རེད། འདི་ཉམ་ཆུང་ཚོགས་ཁག་གི་ཁོངས་གཏོགས་སུ་པ་རེད། དེར་ཕལ་ཆེར་སྲིད་གཞུང་གི་རོགས་སྐྱོབ་སྤྲོད་དགོས་པ་རེད།

གལ་ཆེ་བའི་དམིགས་ཚད་མ་ལག་གཉིས་པ་དེ་ནི་མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་རེད། ད་ལྟ་རྒྱ་ནག་དེ་ལོ་ ༧༥ རེད། ཨ་རི་ལོ་ ༧༨ རེད། རྒྱ་ནག་དང་བསྡུར་ན་ལོ་གསུམ་ལས་མང་བ་རེད། རྒྱ་ནག་གི་མི་འབོར་དེ་ཨ་རི་དང་བསྡུར་ན་ལྡབ་བཞི་ལས་མང་བ་རེད། ཡིན་ནའང་ང་ཚོའི་དར་རྒྱས་ཆེ་བའི་ཁུལ་ཁག་ཁྱོན་ཡོངས་ཏེ། དཔེར་ན། པེ་ཅིན་དང་ཧྲང་ཧེའི་མི་རེའི་ཆ་སྙོམས་ཚེ་ཚད་ལོ་ ༨༢ རེད། ནིའུ་ཡོག་ལོ་ ༧༩ རེད། ལོ་ ༧༩ ཟེར་བ་དེའང་ད་ལྟ་གཞི་ནས་རེད། ལོ་གཉིས་ཀྱི་སྔོན་ལ་ད་དུང་ཆུ་ཚད་འདིར་བསླེབ་ཐུབ་མེད།

ཅིའི་ཕྱིར་མིང་ཐོབ་ GDP དང་མི་རེའི་ཆ་སྙོམས་ GDP ཞེས་པ་ཨ་རི་ནི་རྒྱ་ནག་ལས་ཆེས་མང་བ་ཆགས་འདུག འོན་ཀྱང་དོན་དངོས་ཐོག་ཁྱིམ་ཚང་རྒྱུ་ནོར་ཁེ་གཙང་དང་མི་རེའི་ཆ་སྙོམས་ཚེ་ཚད་བཅས་ཀྱི་བར་ཁྱད་པར་ཆེན་པོ་མི་འདུག འགྲེལ་བཤད་གཞན་ཞིག་ནི། ངས་བསམ་ན་ཏུན་ཞའོ་ཕིན་གྱིས་སྐབས་དེར་སྐད་ཆ་ཧ་ཅང་རྩ་ཆེན་པོ་ཞིག་བཤད་འདུག དེ་ནི་ཁོ་རང་གིས་བཤད་པ་ངས་དངོས་སུ་གོ་མྱོང་ཡོད། ཁོས་བཤད་རྒྱུར། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལག་བསྟར་བྱས་པར་བརྟེན་ནས་ང་ཚོའི་མི་དམངས་ལ་ཐོབ་པའི་ཁེ་ཕན་མང་བ་ཆགས་པ་རེད་ཟེར།

གཉིས་པ་ནི། ཆེས་ཕྱུག་ཤོས་ཀྱི་རྒྱ་ནག་གི་མི་བརྒྱ་ཡིས་རྒྱ་ནག་དབུས་ཆབ་སྲིད་ཅུས་ལ་འགུལ་སྐྱོད་གཏོང་མི་ནུས། ཡིན་ནའང་ཆེས་ཕྱུག་ཤོས་ཀྱི་ཨ་རི་བ་མི་ཉི་ཤུ་སུམ་བཅུ་ཙམ་གྱིས་ཕོ་བྲང་དཀར་པོར་འགུལ་སྐྱོད་གཏོང་ཐུབ་ཀྱི་རེད།  དེ་ནི་འདི་འདྲ་ལས་སླ་བོ་ཞིག་རེད། རྒྱུ་མཚན་ནི་ད་ལྟའི་ཨ་རིའི་བདམས་ཐོན་ཡོང་བའི་འགྲན་བསྡུར་ནང་ཆབ་སྲིད་འབུལ་དངུལ་ལའང་ཚད་བཀག་མེད་པ་དང་། མི་སྒེར་གྱིས་ཞལ་འདེབས་བརྒྱག་པ་ལའང་ཚད་བཀག་མེད། དེ་ནི་མི་དམངས་ཀྱིས་དབང་སྒྱུར་མ་རེད། དངུལ་ལོར་གྱིས་དབང་སྒྱུར་རེད། དེ་ནི་དམངས་གཙོ་མ་རེད་དངུལ་གཙོ་རེད། དངུལ་ལོར་གཙོ་བོ་ཡིན་ཚེ་ཁྱོད་ལ་ཐབས་ཤེས་གང་ཡང་མེད། མི་སེར་ལེགས་བཅོས་ཇི་ལྟར་བྱེད་དགོས།

འོན་ཀྱང་། ང་ཚོའི་རྒྱལ་ནང་གི་མི་ཁ་ཤས་ཤིག་ད་རུང་རང་ཉིད་ལ་ཡིད་ཆེས་མེད། ནུབ་ཕྱོགས་པ་ཚོས་རྟག་པར་ང་ཚོར་སྡིགས་མོ་བྱེད་ས་གཙོ་བོ་དེ་ག་རེ་རེད་ཟེར་ན། ང་ཚོ་ནི་དམངས་གཙོའི་རྒྱལ་ཁབ་ཡིན། ཁྱོད་ཚོ་ནི་སྒེར་གཅོད་རྒྱལ་ཁབ་རེད་ཟེར་བ་དེ་རེད། དམངས་གཙོ་དང་སྒེར་གཅོད་ཟེར་བ་དེ་ནི་ནུབ་ཕྱོགས་པའི་འབོད་ཚིག་གནད་འགག་ཆེ་ཤོས་དེ་རེད། དེར་བརྟེན། ང་ཚོ་ཨ་རི་ལས་བརྒལ་དགོས། ནུབ་ཕྱོགས་ལས་བརྒལ་དགོས། རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་འབོར་ཙམ་དུ་མ་ཟད། མི་མང་གི་རྒྱུ་ནོར་དང་། ལྷག་པར་དུ་འབོད་ཚིག་ལས་ཀྱང་བརྒལ་དགོས། ང་ཚོ་རང་ཉིད་ལ་འབོད་ཚིག་ཡོད་དགོས།

དེ་ལས་ཀྱང་དོན་སྙིང་ལྡན་པ་ཞིག་ནི། ད་ལོའི་ཟླ་གསུམ་པར་ང་ཚོའི་ཚོགས་ཆུང་ཞིག་འཇར་མན་གྱི་རྒྱལ་ས་བྷར་ལེན་(Berlin)ལ་ཚོགས་འདུ་ཞིག་ལ་བསྐྱོད་པ་ཡིན། སྐབས་དེར་བྷེ་བྷེ་སི་(BBC)བརྙན་འཕྲིན་ནང་ལེ་ཚན་ཞིག་གཏོང་གི་འདུག ལེ་ཚན་དེའི་མིང་ལ་རང་དབང་ ༢༠༡༤ (Freedom  2014)ཞེས་པ་རེད། དེའི་ནང་དམག་ཁོངས་ནས་ཕྱིར་འཐོན་པའི་གནམ་གྲུའི་ཁ་ལོ་བ་ཞིག་འདུག ཁོས་ལག་ཏུ་གྲང་དམག་སྐབས་སྒྲོན་པའི་པར་ཞིག་བཟུང་སྟེ། ཁྱོད་རང་ཚོས་ལྟོས་དང་། འདི་ནི་གྲང་དམག་སྐབས་ངས་མཁའ་དབྱིངས་ནས་སྒྲོན་པའི་བྷར་ལེན་གྲོང་ཁྱེར་གྱི་མཚན་ལྗོངས་རེད། ཁྱོད་ཚོས་ལྟོས་དང་། བྷར་ལེན་ཤར་མར་(East Berlin)ནི་ནག་ཁུང་དང་། བྷར་ལེན་ནུབ་མ་(West Berlin)ནི་དཀར་ཆ་དོད་པོ་མཐོང་གི་འདུག འདིས་ཅི་ཞིག་མཚོན་ནམ་ཟེར། ཁོས་ད་དུང་། ཕྱོགས་གཅིག་ནི་རྗེས་ལུས་ཐེབས་པའི་སྒེར་གཅོད་སྲིད་དབང་དང་། ཕྱོགས་གཞན་དེ་ནི་སྟོབས་འབྱོར་ལྡན་པའི་དམངས་གཙོའི་རྒྱལ་ཁབ་རེད་ཟེར། ཡིན་ནའང་ཧྲང་ཧེ་ནས་བྷར་ལེན་ལ་སླེབས་མ་ཐག་པའི་ངའི་རོགས་པ་ཚོའི་བསམ་པར། གནམ་གྲུ་ཐང་འདི་ནི་དེ་འདྲའི་ཆུང་བ་ལ་ཨང་། རྒྱ་ནག་ནང་འདི་འདྲའི་གནམ་ཐང་ཆུང་ཆུང་ཞིག་ཕལ་ཆེར་བཙལ་ན་རྙེད་དཀའ། བྷར་ལེན་སྲིང་ལམ་གྱི་ཚོང་ཁང་ཚང་མ་སྟོང་སང་སང་རེད། མིའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མི་འདུག ས་འདིའི་མཚན་མོའི་ཡུལ་ལྗོངས་ཀྱང་ཧྲང་ཧེ་དང་བསྡུར་ན། གནམ་ས་ལྟ་བུའི་ཁྱད་པར་འདུག རྒྱུ་མཚན་དེའི་རྐྱེན་གྱིས་ང་ཚོས་ཐད་ཀར་འདྲ་བཤུས་བྱས་ཏེ། གནམ་གྲུའི་ཁ་ལོ་བ་དེས་བཤད་པའི་སྐད་ཆ་དྲངས་ཡོང་ན། ང་ཚོས་འདི་ལྟར་དེ་རིང་གི་རྒྱ་ནག་ནི་སྟོབས་འབྱོར་ལྡན་པའི་དམངས་གཙོའི་རྒྱལ་ཁབ་ཅིག་དང་། ད་ལྟའི་འཇར་མན་ནི་རྗེས་ལུས་ཐེབས་པའི་སྒེར་གཅོད་ཀྱི་རྒྱལ་ཁབ་ཅིག་རེད་ཅེས་བཤད་ཆོག (ཚོགས་བཞུགས་པ་རྣམས་གད་མོ་བགད།)ངས་བལྟས་ན་འདི་ནི་དོན་དངོས་ཐོག་རྒྱལ་ཁབ་ཅིག་གི་གནད་དོན་མ་རེད། འཇར་མན་དང་རྒྱ་ནག དམངས་གཙོ་དང་སྒེར་གཅོད་ཟེར་བ་འདི་དག་ད་ལྟའི་དུས་རབས་འདིའི་ནང་རྗེས་ལུས་ཀྱི་སྐད་ཆ་ཞིག་རེད། ང་ཚོས་ཆེས་ཁྱད་དུ་འཕགས་པ་དང་ཤིན་ཏུ་རྙོག་འཛིང་ཆེ་བའི་འཇིག་རྟེན་འདི་ལ་འགྲེལ་བཤད་གཏིང་ཟབ་མོ་ཞིག་རྒྱག་ཐུབ་མེད།

གལ་ཏེ་ངེས་པར་དུ་སྐད་ཆ་གསར་བ་ཞིག་བཙལ་ཏེ། སྤྱི་འགྲོས་འདིའི་ཚབ་བྱེད་དགོས་ན། དེ་ནི་དབྱིན་ཡིག་ནང་དབང་འཛིན་ཡག་པོ་(Good Governance)དང་། དབང་འཛིན་ངན་པ་(Bad Governance)ཞེས་པ་དེ་རེད། འདི་ནི་རྒྱལ་ཁབ་ཀྱི་དོ་དམ་བཟང་ངན་ལ་ཟེར་བ་རེད། ནུབ་ཕྱོགས་ལམ་ལུགས་འོག་རྒྱལ་ཁབ་ཁ་ཤས་ཀྱི་དོ་དམ་ཡག་པོ་ཡོད་པ་དང་། ཁ་ཤས་ཀྱི་དོ་དམ་ཧ་ཅང་རྙོག་འཛིང་ཆེན་པོ་ཡིན།

དབང་འཛིན་ཡག་པོ་དེ་ནུབ་ཕྱོགས་མ་ཡིན་པའི་རྒྱལ་ཁབ་ཀྱི་ལམ་ལུགས་ཡིན་ཡང་ཆོག ངས་རྒྱ་ནག་ཀྱང་དེའི་གྲས་སུ་བཞག་ཡོད། གང་ལྟར་ང་ཚོ་ལའང་སྐྱོན་ཆ་མང་པོ་ཡོད་པ་རེད། ཡིན་ནའང་རྒྱལ་སྤྱིའི་ཐོག་བསྡུར་རེས་བྱས་ན་ཐེག་ཐུབ་ཀྱི་རེད། གནད་འགག་དེ་ནུབ་ཕྱོགས་ཀྱི་དབང་འཛིན་ཡག་པོ་མེད་པའི་དཔེ་དབྱིབས་ལའང་བཞག་ཆོག དེ་ནི་ཧ་ཅང་གལ་ཆེན་པོ་རེད། ངས་དཔེ་མཚོན་བརྒྱ་དྲངས་ན། ཆེས་རྙོག་འཛིང་ཆེ་བའི་ཨབ་གྷན་(Afghanistan)རྒྱལ་ཁབ་དང་། ཨི་རཱག་(Irag)། ཧཱའེ་ཊི་(Haiti)། ལེ་བྷི་རེ་ཡ་(Liberia)སོགས་འཕེལ་རྒྱས་ཆེ་བའི་རྒྱལ་ཁབ་དང་། ད་རུང་སྦོ་ལུག་ཚར་པའི་གྷི་རི་སི་(Greece)། ང་སྔོན་ཆད་གྷི་རི་སི་ལ་ཕྱིན་སྐབས་ངས་ཁོང་ཚོར་ང་ཚོའི་ཧྲང་ཧེ་ནས་རོགས་སྐྱོར་རུ་ཁག་ཅིག་ཁྱོད་ཚོར་དོ་དམ་བྱེད་པར་མངགས་ན་འགྲིག་གི་རེད། རྒྱུ་མཚན་གྷི་རི་སིའི་དོ་དམ་གནས་སྟངས་ཧ་ཅང་ཞན་པོ་རེད། ཨི་ཟི་ལན་ཌི་(Iceland)ཡང་སྦོ་ལུག་འདུག ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚང་མར་ང་རང་འགྲོ་མྱོང་ཡོད། དོ་དམ་བྱས་པ་ཡག་པོ་མི་འདུག

འོན་ཀྱང་ང་ཚོས་ཚད་བརྒལ་བཤད་ཀྱི་ཡོད་པ་རེད། གང་ལྟར་དོན་དངོས་ཐོག་ཆབ་སྲིད་ལམ་ལུགས་ཀྱི་ཚད་བརྒལ་རེད། ཆབ་སྲིད་ལམ་ལུགས་ཀྱི་གལ་ཆེ་བའི་ཕྱོགས་ནི། རྒྱལ་ཁབ་ཀྱི་དབུ་ཁྲིད་ཇི་ལྟར་འབྱུང་གི་ཡོད་དམ། ཚོགས་ཆེན་བཅོ་བརྒྱད་པའི་སྐབས་སུ། ནིའུ་ཡོག་ཚགས་པར་ཁང་གི་རྩོམ་སྒྲིག་པས་ང་ལ་གློག་འཕྲིན་ཞིག་འབྱོར་བྱུང་། དེའི་ནང་། དགེ་རྒན་ཀྲཱང་ལགས། དཔྱད་བརྗོད་ཅིག་འབྲི་ཐུབ་ས་རེད་དམ་ཞེས་འཁོད་འདུག ངའི་རྩོམ་ཡིག་གི་ཁ་བྱང་༼ མཁས་མཛངས་འདེམས་བསྐོ་ལམ་ལུགས་ཀྱིས་ནུབ་ཕྱོགས་ལ་འགྲན་སློང་བ། ༽ཟེར་བ་དེ་ཡིན། རྩོམ་ཡིག་དེའི་ནང་ངས་ཁོ་ལ་གཏམ་རྒྱུད་ལས་སླ་བོ་ཞིག་བཤད་པ་ཡིན། ཁྱོད་ཀྱིས་ལྟོས་དང་། རྒྱ་ནག་གི་ཚོགས་ཆེན་བཅོ་བརྒྱད་པ་ལས་བྱུང་བའི་ཆེས་མཐོའི་ཆབ་སྲིད་ཚོགས་པ་དང་། ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནི་ཁོ་ཚོའི་ཉམས་མྱོང་གི་གཞི་རྩའི་མངོན་འདོད་དེ་རེད། ད་དུང་ཞིང་ཆེན་གྱི་མགོ་ཁྲིད་དང་དྲུང་ཆེ། ཡང་གཅིག་བཤད་ན། ཞིང་ཆེན་རིམ་པའི་མགོ་ཁྲིད་དེ་སྐབས་གཉིས་དང་། ཉུང་མཐར་མི་གྲངས་དུང་ཕྱུར་གཅིག་ལྷག་འཛིན་སྐྱོང་བྱེད་དགོས་པ་དང་། ད་དུང་སྲིད་འཛིན་ལ་མཛད་རྗེས་དགོས་ཀྱི་ཡོད། ངས་འདི་ལྟར་བཤད་པ་ཡིན། ཁྱོད་ཚོས་ཞི་ཅིན་ཕིན་ལ་ལྟོས་དང་། ཁོང་གིས་དེ་སྔ་ཞིང་ཆེན་གསུམ་འཛིན་སྐྱོང་བྱས་མྱོང་ཡོད། ཐེངས་དང་པོ་ཧྥུ་ཅན་དང་། དེ་ནས་ཀྲིན་ཅཱང་། དེའི་རྗེས་ལ་ཧྲང་ཧེ་བཅས་ཞིང་ཆེན་འདི་གསུམ་གྱི་མི་གྲངས་བསྡོམས་ན་ཕལ་ཆེར་དུང་ཕྱུར་གཅིག་དང་ཕྱེ་བ་གཉིས་རེད། ཞིང་ཆེན་འདི་གསུམ་གྱི་དཔལ་འབྱོར་རྒྱ་ཁྱོན་བསྡོམས་ན། ཧ་ལམ་རྒྱ་གར་རྒྱལ་ཡོངས་ཀྱི་དཔལ་འབྱོར་རྒྱ་ཁྱོན་དང་བར་ཐག་ཉེ་བོ་ཡོད། ཞི་ཅིན་ཕིན་གྱིས་མི་གྲངས་འདི་འདྲ་མང་པོ་ཞིག་འཛིན་སྐྱོང་བྱས་མྱོང་ཡོད་པ་རེད། འདི་འདྲའི་གཞི་རྒྱ་ཆེ་བའི་དཔལ་འབྱོར་ས་ཁུལ་ཞིག་ལ་འཛིན་སྐྱོང་བྱས་རྗེས། གཞི་ནས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ནང་འགྲོ་ཐུབ་པ་བྱུང་ཡོད། དེའི་རྗེས་སླར་ཡང་ཁོང་ལ་ལོ་ལྔ་ཡི་གོ་སྐབས་སྤྲད་དེ་རྒྱལ་ཁབ་གྱི་ཆབ་སྲིད་དང་། དཔལ་འབྱོར། དམག་དོན། སྤྱི་ཚོགས་ཁྱོན་ཡོངས་ལ་རྒྱུས་ལོན་བྱེད་དུ་བཅུག་ཅིང་། མཐའ་མར་ཁོང་རྒྱ་ནག་གི་ཆེས་མཐོའི་མགོ་ཁྲིད་དུ་བདམས་ཐོན་བྱུང་བ་རེད། ངས་བཤད་ན། ལམ་ལུགས་འདི་ནི་འཛམ་གླིང་སྟེང་གི་འགྲན་རྩོད་སྟོབས་ཤུགས་ཆེས་ཆེ་ཤོས་དེ་རེད། ཁྱོད་ཀྱིས་འདི་ལ་ཇི་ལྟར་བསྡུར་ཐུབ་བམ། ངས་སྐད་ཆ་འདི་འདྲ་ཞིག་བཤད་པ་ཡིན། ད་ལྟའི་རྒྱ་ནག་གི་མཁས་མཛངས་འདེམས་བསྐོའི་ལམ་ལུགས་འདི་འདྲའི་འཐུས་སྒོ་ཚང་བ་ཞིག་རེད། ཨ་རིའི་སྲིད་འཛིན་ཟུར་པ་བྷི་ཤུ་ལྟ་བུའི་མགོ་ཁྲིད་ནུས་མེད་ཅིག་ང་ཚོའི་ཀྲུང་གོའི་ནང་རྩ་བ་ཉིད་ནས་ཡོང་སྲིད་ཀྱི་མ་རེད་ཅེས་ཁ་ཚོན་བཅད་དེ་བཤད་ཐུབ།ནུབ་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་དེ་ཧ་ཅང་དགོད་བྲོ་བོ་ཞིག་རེད། སྤྱིར་ངས་ནུབ་ཕྱོགས་ཀྱི་ཆབ་སྲིད་ལམ་ལུགས་ལ་སྐྱོན་བརྗོད་བྱས་པ་དེ་ཅུང་རྣོ་ངར་ལྡན་པ་ཞིག་རེད། ཡིན་ནའང་ཁྱོད་ཀྱིས་སྐྱོན་བརྗོད་བྱས་པ་གནད་ལ་ཅུང་ཙམ་འཁེལ་བ་ཡིན་ན། ཁོས་སྐབས་སྐབས་སུ་ཁྱེད་ཀྱི་བརྗོད་པ་དེ་ལུང་འདྲེན་མི་བྱེད་ཀ་མེད་ཆགས་ཀྱི་རེད། དེར་བརྟེན་ད་ལོའི་ཟླ་གསུམ་པའི་ནང་། དཔལ་འབྱོར་རང་དབང་རིང་ལུགས་ཀྱི་བཀོད་འདོམས་དམག་གྲུ་ལྟ་བུའི་དུས་དེབ་དཔལ་འབྱོར་རིག་པའི་མི་སྣ་ཞེས་པའི་མདུན་ཤོག་སྟེང་རྩོམ་ཡིག་རིང་པོ་ཞིག་བཀོད་འདུག ཁ་བྱང་ལ་ནུབ་ཕྱོགས་ཀྱི་དམངས་གཙོ་ལ་གནད་དོན་ཅི་ཞིག་བྱུང་འདུག་ཅེས་འཁོད་དེ། དེའི་ནང་དུ་ངའི་ལྟ་ཚུལ་ཞིག་དྲངས་འདུག དེ་ནི་ཧྥུ་ཌན་སློབ་ཆེན་གྱི་དགེ་རྒན་ཀྲང་ཝེ་ཝེ་(zhangweiwei)ཡིས་བཤད་པའི་ཨ་རིའི་ཆབ་སྲིད་ལམ་ལུགས་ལ་གནད་དོན་མང་པོ་འདུག དེ་ནི་ནམ་རྒྱུན་མི་དཀྱུས་མ་དེ་དག་མགོ་ཁྲིད་དུ་བདམས་པའི་རྐྱེན་གྱིས་རེད། ཅེས་བཤད། ངས་དེ་འདྲ་ཞིག་བཤད་ཡོད། ཡིན་ནའང་ཁོས་ལུང་འདྲེན་བྱས་པ་ཏག་ཏག་བསྡད་མི་འདུག ངས་བཤད་པ་དེ་རྟག་ཏུ་མི་དཀྱུས་མའི་དཀྱུས་མའང་མགོ་ཁྲིད་དུ་འདེམས་བཞིན་འདུག་ལབ་པ་ཡིན། (ཚོགས་བཞུགས་པ་རྣམས་གད་མོ་བགད།)

རྒྱ་ནག་གིས་མངོན་གསལ་དོད་པོའི་སྒོ་ནས་སྙེགས་བརྒལ་གྱི་ལམ་ནས་ལས་དོན་གང་ལེགས་བསྒྲུབས་འདུག ཡིན་ནའང་ནུབ་ཕྱོགས་པ་དང་ནུབ་ཕྱོགས་པར་ཡིད་ཆེས་བྱེད་པའི་ཆབ་སྲིད་རིག་པའི་གཞུང་ལུགས་སྨྲ་བ་ཚོར་ཅི་ཡིན་འདི་ཡིན་མེད་པར་རང་ཉིད་གཞན་ལས་མཆོག་ཏུ་གྱུར་བ་ཡིན་པའི་བསམ་བློའི་ཀུན་སྤྱོད་འདུག ད་ལོའི་ཟླ་དྲུག་པའི་ནང་། ང་ཚོས་ཧྥུ་ཌན་སློབ་ཆེན་དང་ཨོག་ཟི་ཧྥོ་ཌི་(Oxford)སློབ་ཆེན་ཏུ་རྒྱ་ནག་མ་དཔེ་དཔྱད་གླེང་ཚོགས་འདུ་ཞིག་ཚོགས་པ་ཡིན། སྐབས་དེར་ངས་སྔར་བཞིན་སོ་སོར་རྒྱུས་མངའ་ཡོད་པའི་རྒྱ་ནག་གི་མ་དཔེ་ངོ་སྤྲོད་བྱས་པ་ཡིན། དབྱིན་ཡུལ་གྱི་མཁས་པ་ཁག་ཅིག་གིས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ཐོག་དྲི་བ་མང་པོ་བཏང་བྱུང་། ངས་ཁོང་ཚོར་ང་ཚོས་འགྲན་བསྡུར་བྱེད་ཆོག ཁྱེད་ཅག་གིས་ཁྱོད་ཚོའི་མ་དཔེ་རྒྱུན་སྐྱོང་བྱོས་དང་། ངས་ང་ཚོའི་མ་དཔེ་རྒྱུན་སྐྱོང་བྱེད། ངའི་མ་དཔེ་ག་འདྲ་ཞིག་ཡིན་རུང་། ཁོ་ལ་ག་ལེར་གོམ་པ་རིམ་བགྲོད་ཀྱིས་འཆད་ཁྲིད་བྱས་ན། དུས་དང་བསྟུན་ཏེ་རྒྱུན་མི་ཆད་པར་ལེགས་བཅོས་འགྲོ་བ་དང་། ཁོས་རང་འགུལ་ཀྱིས་ང་སྙོམ་སྒྲིག་བྱེད་ངེས་ཡིན།

ཁྱོད་ཚོས་ངེས་པར་དུ་གཞི་རྩའི་དོན་དངོས་ལ་རྒྱུས་ལོན་བྱེད་དགོས། དེ་རིང་གི་རྒྱ་ནག་གིས་ལོ་གསུམ་རེ་ནང་དབྱིན་ཡུལ་ལྟ་བུ་རེ་གསར་བསྐྲུན་བྱེད་ཐུབ། ང་ཚོ་འགྲན་རྩོད་བྱེད་རྒྱུས་སུ་དང་གང་ལའང་མི་བསྐྲག ལྷག་པར་དུ་ལམ་ལུགས་འགྲན་རྩོད་བྱེད་པར་མི་བསྐྲག དཔེ་དབྱིབས་འགྲན་རྩོད་བྱེད་པར་ཅུང་ཟད་ཀྱང་མི་བསྐྲག ཆེས་མི་བསྐྲག་ས་དེ་ཆབ་སྲིད་ལམ་ལུགས་འགྲན་རྩོད་ཡིན། མཇུག་མཐའི་ང་རང་གི་སྤྱི་བསྡོམས་དེ་ནི། ཧ་ཅང་གི་ལས་སླ་བོའི་ཡིག་འབྲུ་བདུན་ཡིན། ཀྲུང་གོ་བ། ཁྱེད་ལ་ཡིད་ཆེས་དགོས། ཞེས་པ་དེ་ཡིན། ང་ཚོས་རང་ཉིད་རང་ལ་ཡིད་མི་ཆེས་པའི་ཞ་མོ་དེ་ཁ་གཏད་ཚོར་འབུལ་དགོས། ཚང་མར་ཐུགས་རྗེ་ཆེ།།

སྒྱུར་མཆན།

གོང་གི་གཏམ་བཤད་འདི་ནི་སློབ་དཔོན་ཆེན་མོ་ཀྲཱང་ཝེ་ཝེ་(张维为)ལགས་ཀྱིས་ ༢༠༡༤།༡༢།༡༤ ཉིན་ཧྲང་ཧེ་རིག་གནས་ལྟེ་གནས་ཁང་ཏུ། ལྟ་ཞིབ་དྲ་བའི་ཀློག་པ་པོའི་རྒྱས་འཛོམས་ཚོགས་དུའི་སྟེང་༼འཛམ་གླིང་ཞིབ་བསྡུར་ཁྲོད་ཀྲུང་གོའི་མ་དཔེ་ལ་བལྟ་བ།༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་སྤེལ་པ་རྒྱ་ནག་ནང་སྐད་གྲགས་ཆེན་པོ་བྱུང་ཡོད་པ་དང་། གཏམ་བཤད་དེ་ད་ལྟ་བསྐྱར་དུ་རྒྱ་ནག་ནང་གླེང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྟབས་བོད་སྒྱུར་བྱས།

ཀྲཱང་ཝེ་ཝེ་ལགས་ནི་རྒྱ་ནག་ཧྲང་ཧེ་ཧྥུ་ཌན་(Fu dan)གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དང་། ཀྲུང་གོའི་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཛིན། ཧྲང་ཧེ་སྤྱི་ཚོགས་ཚན་རིག་ཁང་ཀྲུང་གོ་རིག་པ་ཞིབ་འཇུག་ཁང་གི་འགན་འཛིན་བཅས་ཡིན་ལ། ལོ་རབས་བརྒྱད་ཅུའི་ནང་ཏིན་ཞའོ་ཕིན་སོགས་རྒྱ་ནག་གི་མགོ་ཁྲིད་དག་གི་དབྱིན་ཡིག་སྐད་སྒྱུར་བ་གནང་མྱོང་ཡོད་པ་མ་ཟད། དེ་སྔ་ཁོང་གིས་དཔེ་དེབ་ཁག་ཅིག་བྲིས་ཡོད་པར་རྒྱ་ནག་ནང་གདེང་འཇོག་ཆེན་པོ་བྱུང་ཡོད།

མ་ཡིག་གི་འབྲེལ་ཐག https://www.guancha.cn/video/2015_02_05_308677.shtml

བསྐྱར་བཅོས།: ༢༠༡༨/༡༢/༠༥

Leave a Reply

5 thoughts on “རྒྱ་ནག་གི་མི་རྣམས་རང་ཉིད་ལ་ཡིད་ཆེས་དགོས།

  1. ནག་མོའི་ཁོལ།

    ངས་ད་སྔ་མཐོང་བའི་བོད་ཀྱི་དུས་བབ་ནང་གི་སྒྱུར་རྩོམ་ཡག་ཤོས་དེ་རེད། འདི་ལྟར་ཕྱོགས་གཉིས་ཀར་ལྟ་ཐུབ་ན་ང་ཚོར་རྒྱལ་ཁ་ཐོབ་གི་རེད། རྒྱ་ནག་གི་བསམ་ཚུལ་གང་རེད། ཁོ་རང་ཚས་ག་རེ་ཤོད་ཀྱི་འདུག ཁོ་ཚོའི་ལྟ་བ་མཁྲེགས་འཛིན་གྱི་འབྱུང་ཁུངས་ག་རེ་རེད་འདི་དག་ཤེས་པ་ཡིན་ན་ང་ཚོའི་བསམ་བློ་གཏོང་ཕྱོགས་ལ་ཕན་ངེས་རེད།