ནེ་རུ་གཞུང་ནས་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་པར་རོགས་རམ་བྱས་ཡོད་པ་རེད།

ཨུ་པལ་ཀུ་མར་(Utpal Kumar)གྱིས་བརྩམས།

ཀླུ་མགོན་ཐར་གྱི་བོད་སྒྱུར་བྱས།

ཨར་པའེ་ཡིས་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པའི་ནང་། ནེ་རུ་གཞུང་གིས་མི་མང་བཅིངས་གྲོལ་དམག་ལ་འབྲས་མཁོ་སྤྲོད་ཀྱིས། བོད་ས་བཙན་འཛུལ་བྱེད་པར་རོགས་རམ་བྱས་པ་གསལ་སྟོན་བྱས།

རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་དེས་ཕྱི་ལོ་ ༡༩༦༢ ལོའི་རྒྱ་དཀར་ནག་གཉིས་ཀྱི་དམག་འཁྲུག་དེ་བསླངས་པ་རེད་ལ། དེ་ནི་ལོ་རྒྱུས་ནང་རྒྱ་ནག་གི་བསླུ་བྲིད་ཆེ་ཤོས་སུ་ངོས་འཛིན་དང་། ནེ་རུ་ཡིས་ན་ཟུག་དང་འགྱོད་གདུང་ངང་རྒྱ་ནག་གིས་ལྟག་རྒྱབ་ནས་ལྐོག་ལྐོག་སིབ་སིབ་ཀྱིས་གྲིས་བཙུགས་པ་ཞིག་ཡིན་པར་བཤད་ཡོད་པ་རེད། འོན་ཀྱང་། བོད། རང་དབང་ལྡན་པའི་རྒྱལ་ཁབ་ཞིག་གི་ཆེས་མཐའ་མའི་ཟླ་ངོ་འགའ་ཅེས་པའི་ཕྱི་ལོ་ ༢༠༡༧ ལོའི་ཁི་ལོ་ཊེ་ཨར་པའེ་ (Claude Arpi) ཡི་དཔེ་དེབ་ནང་། རྒྱ་ནག་གི་བསླུ་བྲིད་ཡིན་པའི་ལྟ་སྟངས་དེ་ལ་ངོས་འཛིན་གཞན་ཞིག་བྱས་ཡོད་ལ། རྣམ་ཐར་འབྲི་མཁན་ཨེམ་ཇེ་ཨག་བྷར་ (M.J. Akbar) གྱིས་ནེ་རུ་ཡི་རྣམ་ཐར་ནང་། ཁུ་སིམ་མེར་རྒྱབ་ནས་རྒྱ་གར་ལ་གྲིས་བཙུགས་པ་མིན་པར་མིག་མདུན་ནས་གྲིས་བཙུགས་པར་ངོས་འཛིན་བྱས་ཡོད་པ་རེད། སྐབས་དེའི་སྲིད་བློན་ནེ་རུ་དང་ཁོང་གི་ཕྱག་རོགས་ཚོས་ལོ་ངོ་བཅུ་ཕྲག་གཅིག་ལྷག་རིང་གསལ་ལྷང་ངེར་རྡོ་རིང་ངོར་བྲིས་པའི་ལོ་རྒྱུས་ལ་ལྟ་འདོད་མ་བྱུང་བ་རེད།

ཉེ་ཆར་ཨར་པའེ་ (Arpi) ཡིས་པར་དུ་བསྐྲུན་པའི་དཔེ་དེབ་བོད་ཀྱིས་བསྐྱར་དུ་རང་གི་ཚེ་སྲོག་རྙེད་ངེས་སམ་ཞེས་པའི་དེབ་དེའི་ནང་གསལ་སྟོན་གཞན་ཞིག་བྱས་ཡོད་པ་ནི། དུས་རབ་བཅུ་དགུ་པའི་ལོ་རབས་ལྔ་བཅུའི་སྟོད་ཙམ་ལ། མི་མང་བཅིངས་གྲོལ་དམག་གིས་བོད་མི་སྡེབ་གསོད་དང་རིག་གཞུང་ལ་གཏོར་བརླག་ཚབས་ཆེན་གཏོང་བཞིན་པའི་སྐབས། ནེ་རུ་གཞུང་གིས་བཅིངས་གྲོལ་དམག་མིར་འབྲས་མཁོ་སྤྲོད་ཀྱིས་བོད་ནང་བཙན་འཛུལ་བྱེད་པར་རོགས་རམ་བྱས་པ་རེད། ཧྥ་རན་སིར་སྐྱེས་པའི་བོད་དང་རྒྱ་ནག་ཁྱད་མཁས་པ་ཨར་པའེ་ཡི་དེབ་དེའི་ནང་དུ། དུས་སྐབས་འདིར་ཆེས་ཡ་མཚན་པའི་གནད་དོན་ནི། རྒྱ་གར་བརྒྱུད་མི་མང་བཅིངས་གྲོལ་དམག་ལ་ཟ་རྒྱུའི་འབྲས་རག་གི་ཡོད་པ་དེ་རེད། ལྡི་ལི་ཡི་རོགས་སྐྱོར་ཤུགས་ཆེན་མེད་ཚེ་སྐབས་དེར་རྒྱ་དམག་བོད་ནས་འཚོ་ཐབས་ཡོད་པ་མ་རེད། ཅེས་བྲིས་ཡོད་པ་རེད།

དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པའི་ནང་། རྒྱ་དམག་ཕོན་ཆེན་མ་བསླེབས་སྔོན་བོད་ཀྱི་སྤྱི་ཚོགས་ནི་རང་སྐྱ་འཕེལ་བ་ཞིག་རེད། དུས་རབས་མང་པོར་ཡུལ་མི་ཚོས་ཡུན་གནས་ཐུབ་པའི་འཚོ་བའི་གོམས་སྲོལ་དག་ལག་ལེན་གྱིས་མུ་གེས་ཤི་བ་ནི་གོ་རྒྱུ་མེད་པ་ཞིག་རེད། འོན་ཀྱང་དམག་མི་འབོར་ཆེན་བོད་ནང་འབྱོར་བའི་རྐྱེན་གྱིས་བོད་མིའི་དཔལ་འབྱོར་ལ་གོད་ཆག་བྱུང་ཡོད་པ་རེད། ཡང་ཨར་པའེ་ཡི་དེབ་དེའི་ནང་དུ། རྒྱ་དམག་འགྲོ་སྐྱོད་མི་ཆོག་པའི་བོད་ཁམས་སུ་མ་བསླེབས་སྔོན། བོད་མི་ཕལ་ཆེ་བས་འབྲས་ཟས་མྱོང་མེད་པ་དང་དུས་རབས་མང་པོར་ཁོང་ཚོའི་རྒྱུན་ཟས་རྩམ་པ་ཡིན་པ་རེད། རྒྱ་དམག་སྡེབ་འབྱོར་བྱུང་བ་དེས་གསར་དུ་མཉམ་གནས་བྱུང་བའི་རྒྱ་ནག་བཙན་འཛུལ་བ་དང་ལྷ་ས་གཞུང་གཉིས་ལ་ཟ་རྒྱུ་འདང་མིན་གྱི་དཀའ་ངལ་ཐོག་མ་དེ་འཁྱེར་ཡོང་ཡོད་པ་རེད། ཅེས་བྲིས་ཡོད་པ་རེད།

རྒྱ་ནག་གི་སྲིད་འཛིན་མའོ་དང་ཁོའི་བློན་མཐུན་ཚོས། བོད་ནང་གི་ཟ་མ་འདང་མིན་གྱི་དཀའ་ངལ་དེ་སེལ་བར་རྒྱ་གར་ལ་ཁ་ཕྱོགས་པ་རེད། སྐབས་དེའི་རྒྱང་རྩེར་ཡོད་པའི་རྒྱ་གར་གྱི་ཚོང་འབྲེལ་སྐུ་ཚབ་པ་ཨེ་སི་ཀེ་ཁུའི་ཤུ་ནཱ་ཁྲུ་རའེ་ (S.K. Krishnatry) ཡིས། རྒྱ་ནག་གཞུང་གིས་རྒྱ་གར་བརྒྱུད་ཟས་རིགས་དང་མཁོ་ཆས་གཞན་སྐྱེལ་འདྲེན་བྱེད་པར་མཐུན་རྐྱེན་སྤྲོད་པའི་རེ་བ་ཞུས་ཡོད་སྐོར་བརྗོད་ཡོད་པ་རེད། དམིགས་བསལ་གནས་སྟངས་འོག་རྒྱ་ནག་གཞུང་གིས་འབྲུ་རིགས་ཏུན་སྟོང་ ༡༠ སྐྱེལ་འདྲེན་བྱེད་འདོད་ཡོད་པ་དེར། ཐོག་མར་རྒྱ་གར་གཞུང་གིས་མོས་མཐུན་བྱུང་ཡང་ཕྱིས་སུ་གཟབ་ནན་གྱི་བསམ་ཞིབ་གནང་རྗེས། བོད་ལ་འབྲས་ཏུན་སྟོང་ ༣ ཙམ་རྒྱ་གར་བརྒྱུད་སྐྱེལ་འདྲེན་ཆོག་པ་བྱས་པ་རེད། ཡང་ཨེ་སི་ཀེ་ཁུའི་ཤུ་ནཱ་ཁྲུ་རའེ་ཡིས། རེ་སྐུལ་དེར་སྐྱེལ་འདྲེན་གྱི་དཀའ་ཁག་ཡོད་པ་གསལ་བརྗོད་བྱེད་ཞོར། རྒྱ་གར་གཞུང་གིས་རང་ཉིད་ཀྱི་བོད་ནང་གི་གནས་བབས་དང་འབྲེལ་བའི་ཡུན་རིང་ལྷག་པའི་བོད་ཀྱི་གནད་དོན་དེར་མོས་མཐུན་ཡོད་པའི་རྣམ་འགྱུར་བསྟན་པ་རེད། ཅེས་བྲིས་ཡོད་པ་རེད། འོན་ཀྱང་སེམས་སྐྱོ་དགོས་པ་ཞིག་ལ། བོད་ཕྱོགས་ཀྱི་དཀའ་སྡུག་གི་ལོ་ཟླ་དག་འཕྲལ་དུ་བརྗེད་སོང་བ་རེད།

ལྐོག་གྱུར་གྱི་ལྟ་བའམ་རྒྱ་དཀར་ནག་གཉིས་སྤུན་ཡིན་པའི་ཆོ་འཕྲུལ་དེས། རྒྱ་ནག་དམར་ཕྱོགས་དང་དེའི་བོད་ནང་གཏོར་བཅོམ་ཚབས་ཆེན་གྱི་རང་བཞིན་ལ་རྒྱ་གར་གྱིས་ལྟ་འདོད་མ་བྱུང་བ་རེད། ཕྱི་ལོ་ ༡༩༥༡ ལོའི་ཟླ་ ༥ ནང་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་ནང་། ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་ཀྱི་བཙན་ཤུགས་བོད་ནས་མཐར་སྐྲོད་གཏོང་དགོས། ཞེས་བཀོད་ཡོད་པ་དེ། རྒྱ་གར་ཕྱོགས་ལ་རྡོག་རྒྱག་ཞུས་བཞིན་པ་གོ་ཚོར་བྱུང་ཡོད་པ་མ་རེད། དོན་དུ་བཙན་རྒྱལ་རིང་ལུགས་པའི་དབང་ཤུགས་དེ་སུ་རེད་དམ། སྐབས་དེར་ཨར་པའེ་ཡིས། མི་རེ་ཟུང་གིས་མ་གཏོགས་དེ་རྒྱ་གར་ཡིན་པ་ཤེས་ཀྱི་མེད་པ་རེད། ཅེས་བྲིས་ཡོད་པ་རེད།

འབྲས་སྐྱེལ་འདྲེན་གྱི་ཕྱི་འབྲེལ་སྲིད་བྱུས་མུ་མཐུད་ལོ་ ༤ ལ་བདེ་ལེགས་བྱུང་བ་དང་། ཕྱི་ལོ་ ༡༩༥༤ ཟླ་ ༡༠ ཚེས་ ༢༠ ཉིན་རྒྱ་གར་གྱིས་བོད་ནང་བཅའ་སྡོད་བཅིངས་གྲོལ་དམག་ལ་མུ་མཐུད་འབྲས་མཁོ་སྤྲོད་གནང་རྒྱུའི་བསྐྱར་དུ་གསལ་བརྗོད་བྱས་པ་དང་། སྐབས་དེར་རྒྱ་གར་ཧིན་དྷི་གསར་ཁང་གིས། རྒྱ་ནག་གིས་ཉོས་བའི་འབྲས་ནི་བོད་ཁོ་ནའི་ཆེད་དུ་ཡིན་པ་དང་། འགྲུལ་བཞུད་སྟབས་བདེ་མིན་པ་ནི་རྒྱ་ནག་གིས་འབྲས་ཉོ་དགོས་བྱུང་པའི་རྒྱུ་མཚན་གཅིག་པོ་དེ་རེད། ཅེས་བརྗོད་ཡོད་ཀྱང་། ཟླ་ ༡༠ རྗེས་རྒྱ་ནག་ཕྱོགས་ནས་ལྷ་སར་འབྲས་ཀྱི་རླངས་འཁོར་ཐོག་མ་དེ་བསླེབས་རྗེས། རྒྱ་གར་ཕྱོགས་ནས་འབྲས་དགོས་མཁོ་མ་བྱུང་བ་རེད།

ལ་ལས་རྒྱ་གར་གྱིས་འབྲས་མཁོ་སྤྲོད་བྱས་མེད་ཚེ་གནས་སྟངས་ག་རེ་བྱུང་ཡོད་མེད་དང་། འཛམ་གླིང་གི་ཡང་རྩེར་བཅིངས་གྲོལ་དམག་ལས་སླ་བོའི་ངང་སྲ་བརྟན་ཐུབ་ཀྱི་ཡོད་མེད་འདྲི་ངེས་རེད། རྒྱ་གར་གྱིས་རྒྱ་ནག་གི་དྲག་ཤུགས་ཀྱིས་བོད་བཙན་བཟུང་བྱེད་པར་ཁ་གཏད་གཅོག་རྒྱུའི་ཚབ་ཏུ། ནེ་རུ་གཞུང་གིས་བོད་དབང་བསྒྱུར་བྱེད་མཁན་བཅིངས་གྲོལ་དམག་ལ་ཟ་མའི་མཐུན་རྐྱེན་སྦྱར་ཏེ། སྔོན་མའི་རྒྱ་གར་གྱི་ཞི་བའི་ཁྱིམ་མཚེས་ཀྱི་ཚབ་ཏུ་དྲག་ཤུལ་ཅན་གྱི་བཙན་རྒྱལ་རིང་ལུགས་པ་ཞིག་བསླེབས་ཡོད་པ་རེད།

ཡང་ཨར་པའེ་ཡིས། སུས་ཀྱང་བརྗོད་མེད་པའི་ཕྱི་ལོ་ ༡༩༥༠ ལོའི་བཙན་འཛུལ་སྐབས་ཀྱི་བོད་ནང་རྒྱ་གར་བ་ ༤ བཙོན་འཇུག་བྱས་པའི་གནས་ཚུལ་སྐོར་དེབ་དེའི་ནང་བྲིས་ཡོད་པ་རེད། དེའི་ཁྲོད་ཀྱི་རེ་ཟུང་གྲོགས་ལྟར་གཅེས་པའི་རྒྱ་ནག་གིས་རྒྱ་གར་ལ་བརྡ་ལན་ཙམ་ཡང་མ་སྤྲད་པར་བཅིངས་གྲོལ་དམག་གིས་ལོ་ ༢ ཙམ་ལ་བཀག་ཉར་བྱས་ཡོད་པ་རེད། དོན་ངོ་མར་དམག་འཐབ་ཁྲོད་ཀྱི་རྒྱ་གར་བ་བཙོན་མ་འདི་ཚོ་ནི་དམག་མི་མིན་ལ་གསང་ཉུལ་བ་ཞིག་ག་ནས་ཡིན། ཁོང་ཚོ་ནི་བོད་གཞུང་གི་ལས་ཀ་སྤྲད་དེ་ཆབ་མདོའི་དབྱིན་ཇི་བ་ཊར་གཏོང་མཁན་རའོ་པར་ཁྲུའུ་ཧྥོར་ཊིའི་ (Robert Ford) འོག་ན་ཡོད་པ་རེད། ཧྥོར་ཊི་ཡིས་རྒྱ་གར་བ་དེ་བཞི་ལ་སྐུད་མེད་ཊར་གཏོང་ལག་ལེན་བྱེད་པར་སྦྱོང་བརྡར་སྤྲད་སྐོར་ལ་ཕྱིར་དྲན་བྱས་ཡོད་པ་རེད། རྒྱ་ནག་གཞུང་གིས་རྒྱ་གར་ལ་བརྡ་ལན་ཙམ་ཡང་མ་སྤྲད་པར་ཁོང་ཚོ་བཙོན་འཇུག་བྱས་ཡོད་པའི་དོན་དངོས་དེ་ནི། རྒྱ་གར་གཞུང་ལ་རྒྱ་ནག་ནི་རྒྱ་གར་གྱི་གྲོགས་པོ་མིན་པ་དེ་གསལ་སྟོན་བྱས་ཡོད་ངེས་རེད། ཡིན་ནའང་། ཨར་པའེ་ཡིས། རྒྱ་གར་གྱིས་དེ་ལས་ལྡོག་ཏེ་དམག་འཐབ་ཁྲོད་ཀྱི་རྒྱ་གར་བ་བཙོན་པ་བཞི་པོ་ཀློད་དུ་བཅུག་སྟེ། ཕྱི་འབྲེལ་སྲིད་བྱུས་ཀྱི་ཆོད་སེམས་བརྟན་པོར་གནས་པའི་རྣམ་འགྱུར་བསྟན་པ་རེད། ཅེས་བྲིས་ཡོད་པ་རེད།

ཁོང་གི་དཔེ་དེབ་ལས་སྤྲོ་བ་འཕེལ་བའི་གནས་དོན་གཞན་ཞིག་མཐོང་རྒྱུ་ཡོད་པ་ནི། ནེ་རུ་ནི་རང་ཉིད་ཀྱི་ཟབ་ཞིང་བརླིང་བའི་ལྟ་བས་རང་ཉིད་ཀྱི་མིག་ཞར་དུ་བཅུག་ཡོད་ན་ཡང་། ཁོས་རང་ཉིད་ཀྱི་རྒྱལ་ཁབ་ལ་དུངས་བ་ནི་གཞལ་མཐའ་མེད་པ་ཞིག་རེད་འདུག དེ་ནི་ཁོས་དམག་འཐབ་ཁྲོད་ལུས་པའི་རྒྱ་གར་བ་བཙོན་པ་བཞི་པོ་དེའི་གནད་དོན་ཐག་གཅོད་བྱེད་སྟངས་ཐོག་ནས་ངོ་འཕྲོད་པ་ཞིག་རེད། འོན་ཀྱང་ཁོའི་ཡིད་ཆེས་ཡོད་པའི་མཐུན་གྲོགས་ཚོར་གཅིག་མཚུངས་ཀྱིས་བཤད་ཐབས་ཡོད་པ་མ་རེད།

ཕྱི་ལོ་ ༡༩༥༠ ནས་ ༡༩༥༢ བར་གྱི་རྒྱ་ནག་ནང་བཅའ་སྡོད་རྒྱ་གར་གཞུང་ཚབ་པ་ཀེ་ཨེམ་པཱ་ནཱེ་ཀར་ (K.M. Panikkar) གྱིས་མའོ་ཡི་སྐུ་ཚབ་ཡིན་པ་ལས་ནེ་རུ་ཡི་སྐུ་ཚབ་མིན་པ་ལྟར། རྒྱུན་དུ་རྒྱ་ནག་གིས་བྱེད་ཐུབ་ཡོད་མེད་ཚང་མར་དག་སྐྱེལ་བྱེད་ཀྱིན་ཡོད་པ་རེད། ཐ་ན་རྒྱ་ནག་གིས་གོམ་ཁ་ནོར་བའམ་རྩུབ་སྤྱོད་ཅན་ཏུ་འགྱུར་བཞིན་ཡོད་ནའང་དག་སྐྱེལ་བྱེད་པ་རེད། ཁོས་དུས་རྒྱུན་རྒྱ་ནག་གི་གནད་དོན་དག་གི་ཐོག་ལྟ་སྟངས་ནི་དྲང་བདེན་མིན་པའི་ཆིངས་ཡིག་ལས་བྱུང་བ་དང་། དེ་ནི་དབྱིན་ཇིས་ཤུལ་དུ་བཞག་པའི་རྨ་རྗེས་རེད། ཅེས་བརྗོད་ཀྱི་ཡོད་པ་རེད། ཐ་ན་བཅིངས་གྲོལ་དམག་གིས་བོད་མིའི་འཚོ་བར་བརྡབ་གསིག་དང་འཁྱོག་བརྗོད་བྱེད་པར་བྲེལ་ནས་ཡོད་ནའང་། ཁོས་རང་གི་ཡུལ་ཕྱོགས་སུ་ཡིག་འཕྲིན་བསྐུར་ཏེ། བོད་ཀྱི་ཐད་ལ་གནས་ཚུལ་གསར་པ་གང་ཡང་ཐོན་གྱིན་མེད་པ་དང་། ན་བསྐྱར་བཅོས་ལ་རང་བཞིན་གྱིས་དུས་ཚོད་འགོར་བ། དེ་བཞིན་རྒྱ་ནག་གཞུང་གིས་ཐབས་བྱུས་དང་སེམས་ཁུར་གྱིས་ཐག་གཅོད་བྱེད་པ་རེད། ཅེས་བརྗོད་ཀྱི་ཡོད་འདུག

ཀེ་ཨེམ་པཱ་ནཱེ་ཀར་གཅིག་པོ་མིན་པར། གཞན་རླབས་ཆེན་གྱི་མི་སྣ་དེ་དག་གི་ཁྲོད། སྐབས་དེའི་རྒྱལ་སྲུང་བློན་ཆེན་ཝེ་ཀེ་ཀེ་རེ་ཤི་ནཱ་ནཱེ་མོན་ (V.K. Krishna Menon) ཡང་ཡོད་པ་རེད། ཁོའི་རྣམ་ཐར་འབྲི་མཁན་ཀྲེ་ཇེ་ཨེ་སི་ཇོར་ཇི་ (T.J.S. George) ཡིས་བརྗོད་པ་ལྟར་ན། ཁོ་ནི་རང་ཁ་རང་གསོ་ལ་ཡིད་ཆེས་བརྟན་པོ་ཡོད་མཁན་ཞིག་ཡིན་པས། ཁོས་རྒྱལ་སྲུང་གི་དམག་ཆས་ནང་འདྲེན་བྱེད་པར་ཁས་ལེན་མ་བྱས་པར་དམག་ཆས་བཟོ་གྲྭ་ཁག་སྐྲ་འཛེར་དང་འབྲས་བཙོ་སྣོད་བཟོ་སར་བསྒྱུར་བ་རེད། ཨག་པཱར་ (Akbar) གྱི་ནེ་རུ་ཡིས་རྒྱ་གར་སྐྲུན་པ་ཟེར་བའི་དེབ་དེའི་ནང་སྒྲུང་དེ་བཀོད་ཡོད་པ་རེད་ལ། ཡང་ནཱེ་མོན་ནི་རྒྱལ་སྲུང་བྱེད་པ་ལས་རང་ཉིད་གནས་རིམ་འཕར་བར་སེམས་ཁྲལ་ཆེ་བ་རེད། ཐ་ན་ནེ་རུ་ཡང་ནཱེ་མོན་ཕྱི་རྒྱལ་ཁག་ཏུ་ཕྱོགས་སྐྱོད་ཕྱིན་པ་དེར་བློ་ཕམ་བྱུང་ཡོད་པ་རེད། ཕྱི་ལོ་ ༡༩༥༨ ལོར་རྒྱ་ནག་གི་ལ་དྭགས་ཕྱོགས་ནས་མདུན་སྐྱོད་བྱེད་སྐབས། ཁོ་ཨ་རིའི་ནེའུ་ཡོག་ཏུ་ཡོད་པ་དང་ནེ་རུ་ཡིས་གཤེ་གཤེ་མ་བཏང་བར་དུ་ཕྱིར་རྒྱ་གར་ལ་ལོག་འདོད་བྱུང་མེད། ཅེས་བཀོད་ཡོད་པ་རེད། ཧང་སང་དགོས་པ་ཞིག་ལ་ཕྱི་ལོ་ ༡༩༥༨ ཀྱི་སྨད་ཙམ་ལ། ནཱེ་མོན་གྱིས་རྒྱ་གར་གྱི་རྒྱལ་སྲུང་གི་ལྟེ་གནས་ཆེ་ཁག་ཏུ་རྒྱ་ནག་གི་དམག་མི་སྐོར་བསྐྱོད་དུ་འགྲོ་རུ་བཅུག་ཡོད་པ་རེད།

བོད་ཀྱིས་སླར་ཡང་རང་ཉིད་ཀྱི་ཚེ་སྲོག་རྙེད་ངེས་སམ་ཞེས་པའི་དཔེ་དེབ་ནི་རྣམ་དཔྱོད་ཀྱི་རྩལ་བཏོན་ཞིང་ཀློག་པ་པོ་སྤྱིར་བཏང་བ་ཞིག་གིས་ཀྱང་སྤྲོ་བ་རྙེད་པ་ཞིག་རེད། དེབ་དེའི་མགོ་མཇུག་བར་གསུམ་གོ་བདེ་ཞིང་གནད་དོན་མཐའ་དག་གནས་ལུགས་ཀྱིས་འགྲེལ་བརྗོད་བྱས་འདུག དེབ་དེའི་བརྗོད་དོན་གཙོ་བོ་ནི། ཡུ་གུར་གྱི་ཚོང་འབྲེལ་དོན་གཅོད་ཁང་སྒོ་བརྒྱབས་པ་དང་། ལྷ་སའི་ཚོང་འབྲེལ་དོན་གཅོད་ཁང་ཉམས་རྒུད་དུ་ཕྱིན་པའམ་རྒྱ་དམག་བོད་མཐོ་སྒང་དུ་བརྟན་གནས་སུ་གྱུར་བ་གཅིག་མཚུངས་སུ་གྱུར་ཏེ། རྒྱ་ནག་གིས་སྐྱུག་བྲོ་བའི་ཐབས་བྱུས་དག་སྦས་གསང་མ་བྱས་རུང་རྒྱ་གར་གྱིས་མཐོང་ཐུབ་མེད་པ་དེ་རེད།  གང་ལྟར་དཔེ་དེབ་དེས་ཀློག་པ་པོར་ཟུག་རྔུ་ཞིག་སྟེར་བ་རེད།

མ་ཡིག་གི་འབྲེལ་ཐག  https://www.sundayguardianlive.com/news/nehrus-india-helped-china-conquer-tibet?fbclid=IwAR07-Prv_F_J-IM-pBzPjpRoxYXY5_7AfyqcwTwiTqgTWHKN9b2do4ADRb0

བསྐྱར་བཅོས།: ༢༠༡༨/༡༢/༡༠

Leave a Reply

6 thoughts on “ནེ་རུ་གཞུང་ནས་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་པར་རོགས་རམ་བྱས་ཡོད་པ་རེད།

  1. བརྩོན་འགྲུས་ཉི་མ།

    རྩོམ་འདི་རྣམས་བོད་པའི་བརྒྱུད་ལམ་དུ་འགོད་རྒྱུར་གཟབ་གཟབ་བྱེད་དགོས་འདུག་སྙམ། ད་ལོའི་ལོ་སྟོད་ལ་༸གོང་ས་མཆོག་གིས་ནེ་རུ་དང་འབྲེལ་བའི་གསུང་བཤད་ཅིག་གནང་བ་ལ་རྒྱ་གར་སྲིད་དོན་མི་སྣ་རྣམས་ཀྱིས་འུར་ག་འདྲ་བརྒྱབ་སོང་།

  2. བརྩོན་འགྲུས་ཉི་མ།

    རྒྱ་དཀར་ནག་གཉིས་ ༡༩༦༢ ལོར་དམག་འཁྲུག་བྱས་པ་རེད། ༡༩༦༤ ལོ་མ་རེད། མ་རྩོམ་དུ་ ༡༩༦༢ བྲིས་འདུག་སྙམ།