ཧྭ་ཝེའི་ནོར་དོན་སྤྱི་གཉེར་བ་འཛིན་བཟུང་བྱས།  

རྒྱ་ནག་གི་འཕྲུལ་རིགས་ཚན་རྩལ་བཟོ་ཚོང་ཁང་ཧྭ་ཝེ་ཡི་ནོར་དོན་སྤྱི་གཉེར་བ་མིན་ཝན་ཀྲུའུ་ཞེས་པ་ཁ་ན་ཌ་གཞུང་གིས་འཛིན་བཟུང་བྱས་ཏེ་ཨ་རིར་རྩིས་སྤྲོད་བྱེད་ཀྱི་ཡོད་འདུགདེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡ ཉིན། ཁ་ན་ཌ་གཞུང་གིས་གསང་བའི་ཐོག་ནས་རྒྱ་ནག་གི་འཕྲུལ་རིགས་ཚན་རྩལ་བཟོ་ཚོང་ཁང་ཆེ་ཤོས་ཧྭ་ཝེ་(Huawei)ཡི་ནོར་དོན་སྤྱི་གཉེར་བ་མིན་ཝན་ཀྲུའུ་(Meng Wanzhou)ཞེས་པ་འཛིན་བཟུང་བྱས་ཡོད་པ་དང་། ཨ་རིས་འཛིན་བཟུང་དགོས་འདུན་བཏོན་པ་ལྟར་མིན་ཝན་ཀྲུའུ་ཨ་རིའི་གཞུང་ལ་རྩིས་སྤྲོད་ཀྱིས་སང་ཉིན་ཁྲིམས་བཤེར་བྱ་རྒྱུ་ཡིན་འདུག

ད་ལྟའི་ཆར་གཞུང་འབྲེལ་གྱི་ཐོག་ནས་མིན་ཝན་ཀྲུའུ་འཛིན་བཟུང་བྱེད་དོན་གསལ་ཁ་མེད་ཀྱང་། འདི་ལོའི་ཕྱི་ཟླ་ ༧ ནང་ཨ་རིའི་གཞུང་གིས་རྒྱ་ནག་གི་འཕྲུལ་རིགས་བཟོ་ཚོང་ཁང་ཧྭ་ཝེ་དང་ཛ་ཊི་ཨས་(ZTE)གཉིས་ཀྱི་ཁ་པར་ཉོ་ཚོང་བཀག་སྡོམ་བྱས་པ་མ་ཟད།  ཨ་རིས་བྱང་ཀོ་རི་ཡ་དང་དབྱེ་རག་ལ་ཉེས་ཆད་བཅད་དེ་ཚོང་འབྲེལ་བཀག་སྡོམ་གྱི་བཀའ་རྒྱ་རྩིས་མེད་བཏང་ཡོད་པའི་ཉེས་འཛུགས་བྱས་ཡོད་པ་དང་། ད་ལན་མིན་ཝན་ཀྲུའུ་འཛིན་བཟུང་བྱེད་དོན་ཡང་ཚོང་འབྲེལ་བཀག་སྡོམ་ལ་རྒྱབ་འགལ་བྱས་ཏེ་དབྱེ་རག་ལ་ཚོང་འབྲེལ་བྱས་པ་དང་། ཨ་རིའི་རྒྱལ་སྲིད་བདེ་འཇགས་ལ་ཉེན་ཁ་བཟོས་པའི་དོགས་གཞིའི་འོག་འཛིན་བཟུང་ཐེབས་ཡོད་སྐོར་བརྗོད་ཀྱི་འདུག

ཁ་ན་ཌའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས། ང་ཚོས་ཨ་རི་དང་ཁ་ན་ཌ་གཞུང་གཉིས་ནས་མིན་ཝན་ཀྲུའུ་ཡིས་ནག་ཉེས་ག་རེ་བཟོས་ཡོད་མེད་མགྱོགས་མྱུར་ཁ་གསལ་བཟོས་ཏེ། མོ་ཀློད་གྲོལ་གཏོང་དགོས་པ་ནན་སྐུལ་བྱེད་ཀྱི་ཡོད་ལ།  ང་ཚོས་མི་སྒེར་གྱི་ཐོབ་ཐང་དང་རྒྱ་ནག་གི་མི་སེར་ཚོའི་བདེ་འཇགས་སྲུང་སྐྱོབ་བྱེད་པར་ཕྱོགས་ཡོངས་ནས་འགན་ལེན་བྱས་ཏེ་ག་རེ་བྱེད་དགོས་བྱུང་ཡང་བྱ་རྒྱུ་ཡིན། ཞེས་བརྗོད་དེ། དེ་རིང་ཁ་ན་ཌའི་གྲོས་ཚོགས་འོག་མའི་ཕྱི་སྲིད་ལས་དོན་ལྷན་ཁང་གི་འཐུས་མི་ཚོ་དང་རྒྱ་ནག་གཞུང་ཚབ་མི་སྣའི་བར་ཚོགས་འདུ་ཞིག་འཚོགས་འཆར་ཡོད་པ་དེའང་རྩིས་མེད་བཏང་ཡོད་འདུག

ཨ་རིའི་གྲོས་ཚོགས་འཐུས་མི་ཁེ་རུ་སི་བན་ཧོ་ལན་(Chris Van Hollen)ལགས་ཀྱིས། རྒྱ་ནག་གི་ཁ་པར་བཟོ་ཚོང་ཁང་དག་ནི་ཨ་རིའི་རྒྱལ་སྲིད་བདེ་འཇགས་ཀྱི་རྩ་བའི་སྒྲོམ་གཞི་ལ་ཉེན་ཁ་ཞིག་ཆགས་ཡོད། ཅེས་བརྗོད་ཡོད་པ་དང་། ཨ་རིའི་གཞུང་གིས་ཉེ་སྔོན་ནས་རྒྱ་ནག་གི་ཁ་པར་བཟོ་ཚོང་ཁང་ཧྭ་ཝེ་ཡིས་འཕྲུལ་རིགས་ཉོ་ཚོང་བྱས་པ་བརྒྱུད་ཨ་རིའི་རྒྱལ་སྲིད་ལས་དོན་ཁག་གི་ཐོག་གསང་ཉུལ་བྱེད་བཞིན་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་འཐུས་མི་བྷན་སཱ་སི་(Ben Sasse)ལགས་ཀྱིས། ཁ་ན་ཌ་གཞུང་གིས་མིན་ཝན་ཀྲུའུ་འཛིན་བཟུང་བྱས་པར་ཨ་རིས་ཐུགས་རྗེ་ཆེ་ཞུ་དགོས་ཡོད། རྒྱ་ནག་གཞུང་གིས་གཡོ་བྱུས་རྣམས་མི་སྒེར་དང་བཟོ་ཚོང་ཁང་སོགས་བརྒྱུད་ནས་གཞན་ལ་མགོ་སྐོར་གཏོང་ཐབས་བྱེད་ཀྱི་ཡོད་པ་དང་། དེ་ཚོ་ཚང་མའི་ཕུགས་ནི་ཞི་ཅིན་ཕིན་ལ་ཐུག་ཡོད། ཅེས་བརྗོད་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཨ་རིའི་རྒྱལ་སྲུང་བདེ་འཇགས་ལྷན་ཁང་གིས་བཀའ་ཁྱབ་བཏང་སྟེ། རྒྱལ་ཡོངས་ཀྱི་དམག་སྲིད་ལས་དོན་ཁང་ཚང་མས་རྒྱ་ནག་གི་ཧྭ་ཝེ་ཁ་པར་བེད་སྤྱོད་མཚམས་འཇོག་དང་། ཁ་པར་བཟོ་ཚོང་ཁང་ཚང་མས་ཧྭ་ཝེ་ཁ་པར་ཉོ་ཚོང་བྱེད་རྒྱུ་མཚམས་འཇོག་དགོས་སྐོར་བསྒྲགས་ཡོད་པ་དང་། ཨ་རིའི་སྲིད་འཛིན་ཊོམ་ཕུས་རྒྱ་ནག་གིས་ཨ་རིའི་ནང་འཕྲུལ་རིགས་ཉོ་ཚོང་བྱས་པ་བརྒྱུད་གསང་ཉུལ་གྱི་ལས་ཀ་བྱེད་བཞིན་ཡོད་པའི་སྐྱོན་བརྗོད་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ངོས་ལེན་རྩ་བ་ནས་བྱས་མེད་པ་མ་ཟད། ཨ་རིའི་རྒྱལ་ཁབ་གཉིས་བར་ཁོངས་མེད་འགལ་ཟླ་རིགས་སློང་བ་ལས་ཕན་ཚུན་བར་གྱི་ཚོང་ལས་རྒྱ་སྐྱེད་གཏོང་ཐབས་དགོས་སྐོར་རྒོལ་ལན་སྤྲད་ཡོད་པ་རེད།

ཡང་བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། འདི་ལོའི་ཕྱི་ཟླ་ ༡༡ པའི་ནང་ཧྭ་ཝེ་འཕྲུལ་རིགས་ཚན་རྩལ་བཟོ་ཚོང་ཁང་གིས་འཛམ་གླིང་གི་རྒྱལ་ཁབ་ ༡༧༠ ནང་ཧྭ་ཝེ་ཡི་ཐོན་རྫས་ཚོང་འགྲེམས་བྱེད་ཀྱི་ཡོད་པ་དང་། འཛམ་གླིང་གི་ཁ་པར་བཟོ་ཚོང་ཁང་ཆེ་ཤོས་ ༥༠ ལས་ ༤༦ གིས་ཧྭ་ཝེ་ལ་མཉམ་འབྲེལ་བྱེད་བཞིན་ཡོད་སྐོར་བསྒྲགས་ཡོད་ཀྱང་། ཨ་རིའི་གཞུང་གིས་ཧྭ་ཝེ་བཟོ་ཚོང་ཁང་གིས་ཐོན་རྫས་ཕྱིར་ཚོང་གི་ཐབས་ལམ་བརྒྱུད་གསང་ཉུལ་གྱི་བྱ་བ་སྒྲུབ་བཞིན་ཡོད་སྐོར་སྐྱོན་བརྗོད་དམ་དྲག་བྱས་པར་བརྟེན། འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ཧྭ་ཝེ་བཟོ་ཚོང་ཁང་གི་ཐོན་རྫས་ལ་དོགས་འདྲོགས་ཡོང་གི་ཡོད་འདུག འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༨  ཉིན་ཡུ་རོབ་རྒྱལ་ཁབ་ནེའུ་ཛི་ལན་ཌི་དང་། ཨེ་ཤ་ཡའི་རྒྱལ་ཁབ་ཨོ་སི་ཊོ་ལི་ཡ། དེ་བཞིན། ཁ་སང་ཕྱི་ཚེས་ ༥ ཉིན་དབྱིན་ཡུལ་གྱི་ཁ་པར་བཟོ་ཚོང་ཁང་སོགས་ཀྱིས་རྒྱ་ནག་གི་ཧྭ་ཝེ་རྟགས་ཅན་གྱི་འཕྲུལ་རིགས་ཉོ་ཚོང་བྱ་རྒྱུ་མིན་སྐོར་བསྒྲགས་ཡོད་པ་རེད།

མིན་ཝན་ཀྲུའུ་ནི། ཧྭ་ཝེ་འཕྲུལ་རིགས་བཟོ་ཚོང་ཁང་གསར་འཛུགས་བྱེད་མཁན་བཅིངས་གྲོལ་དམག་མི་ཟུར་པ་རན་ཀྲན་ཧྥེ་ཟེར་བ་དེའི་བུ་མོ་ཡིན་པ་དང་། ད་ལྟའི་ཆར་བཟོ་ཚོང་ཁང་དེའི་ནོར་དོན་སྤྱི་གཉེར་བ་དང་རྩིས་ཞིབ་འགན་འཛིན་བཅས་ཡིན་འདུག་ལ། ཕྱི་ལོ ༡༩༩༣ ལོར་ཐོག་མར་ཧྭ་ཝེ་བཟོ་ཚོང་ཁང་དུ་ཞུགས་ཤིང་། ཧོང་ཀོང་དང་རྒྱལ་སྤྱིའི་སྟེང་ཧྭ་ཝེ་བཟོ་གྲྭའི་མ་དངུལ་འཁོར་སྐྱོད་བྱེད་ཕྱོགས་སོགས་ཀྱི་ཐོག་ལས་ཀ་བྱས་ཡོད་འདུག་

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༡༢/༠༦

Leave a Reply