སྲིད་དབང་བགོ་འགྲེམ་བྱས་ན་ནང་འཁྲུག་སེལ་ཐུབ་པའི་རེ་བ་བྱེད་ཀྱི་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་ཚབ་གཟུ་དཔང་དུ་བསྡད་ནས་ཡེ་མན་གཞུང་འཛིན་པ་དང་ཡུལ་དེའི་ཧོ་ཐི་སི་ཁ་གཏད་ཚོགས་པ་བར་ཞི་མོལ་བྱས་ཏེ་ལོ་གསུམ་གྱི་ནང་འཁྲུག་མཚམས་འཇོག་ཡོང་བར་ཐབས་ལམ་འཚོལ་གྱི་ཡོད་འདུགདེ་རིང་སི་ཝེ་ཌན་(Sweden) གྱི་རྒྱལ་ས་སོ་ཊོག་ཧོམ་(Stockhom) གྱི་ཇོ་ན་སི་བྷག་སི་ཕོ་བྲང་(Johnnesbergs)དུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་ཚབ་གཟུ་དཔང་དུ་བསྡད་དེ་ཡེ་མན་གཞུང་འཛིན་པ་དང་། ཡུལ་དེའི་སྲིད་གཞུང་གི་ཁ་གཏད་ཚོགས་པ་ཧོ་ཐི་སི་(Houthis Rebels) བར་གྱི་ཞི་མོལ་ཚོགས་འདུ་དེ་མགོ་འཛུགས་བྱས་ཏེ་བདུན་ཕྲག་གཅིག་ལྷག་ཚོགས་བཞིན་ཡོད་པ་དང་། ཐེངས་འདིའི་ཞི་མོལ་གྱི་དམིགས་ཡུལ་གཙོ་བོ་དེ་ཧོ་ཐི་སི་ཁ་གཏད་ཚོགས་པས་བཟུང་བའི་ཧུ་དྷེ་དྷ་མཚོ་འགག་དམར་པོའི་(Red Sea Port of Hudaydah) ཕྱོགས་སུ་མི་མང་སྟོང་ཕྲག་མང་པོ་ཞིག་བྲོས་བྱོལ་དུ་བསྡད་ཡོད་སྟབས། ཁུལ་དེར་ཕྱོགས་གཉིས་ཀས་ཁྱོན་ཡོངས་ནས་དམག་འཁྲུག་མི་བརྒྱག་རྒྱུའི་གྲོས་ཆོད་ཅིག་འཇོག་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད་འདུག

ཡེ་མན་གཞུང་འཛིན་ཚོགས་པའི་འཐུས་ཚབ་ཨབ་དྷུ་ལཱ་ཨལ་ཨ་ལི་མི(Abdullah al-Alimi)ཡིས་ཊུ་ཝི་ཊར་དུ་། ཐེངས་འདིའི་ཞི་མོལ་ནི་ཞི་བདེ་བསྐྲུན་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡིན་ཚུལ་བརྗོད་འདུག་པ་དང་། ཡང་ཧོ་ཐི་སི་ཁ་གཏད་ཚོགས་པའི་ཞི་མོལ་འཐུས་ཚབ་མོ་ཧ་མད་ཨབ་དྷེལ་སཱ་ལམ་(Mohammed Abdelsalam) གྱིས་ཀྱང་། ཐེངས་འདིའི་ཞི་མོལ་བརྒྱུད་ནས་གྲུབ་འབྲས་བཟང་པོ་ཞིག་འཐོན་རྒྱུར་འབད་བརྩོན་བྱེད་པའི་ཁས་ལེན་བྱས་ཡོད་པ་དང་འབྲེལ། རང་གི་ཕྱོགས་གཏོགས་པ་རྣམས་ལ་ཡང་དོགས་ཟོན་བྱེད་དགོས་པའི་སྐུལ་མ་བཏང་འདུག

མཉམ་འབྲེལ་རྒྱལ་ཚོགས་ངོས་ནས་ཡེ་མན་ནང་གི་དམག་འཁྲུག་མཚམས་འཇོག་ཡོང་ཆེད། གཞུང་འཛིན་པ་དང་ཧོ་ཐི་སི་ཁ་གཏད་པ་ཕྱོགས་གཉིས་ཀར་ཁེ་ཕན་བསྐྲུན་ཐུབ་པའི་ཆབ་སྲིད་བཅོས་བསྒྱུར་དང་ནང་ཁུལ་དབང་ཆ་བགོ་འགྲེམ་སོགས་ཞི་འགྲིག་ཡོང་རྒྱུའི་ཐབས་བྱུས་ཤིག་གྲ་སྒྲིག་བྱས་ཡོད་པ་དང་བསྟུན། ཕྱོགས་གཉིས་ཀས་དེར་མོས་མཐུན་བྱེད་རྒྱུར་རེ་བ་རྒྱག་བཞིན་ཡོད་འདུག  ཧོ་ཐི་སི་ཁ་གཏད་ཚོགས་པའི་མགོ་འཁྲིད་ཨབ་དྷུལ་མཱ་ལིག་ཨལ་ཨ་ཇི་རི་(Abdul Malik Al-Ajrit) ཡིས། ང་ཚོས་ཞི་མོལ་དེ་བརྒྱུད་ནས་དམག་འཁྲུག་མཚམས་འཇོག་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་དང་། ཞི་མོལ་ནང་ང་ཚོས་རྩ་ཁྲིམས་གསར་པ་གཏན་འབེབ་དང་ཆབ་སྲིད་དབང་ཆ་བགོ་འགྲེམ་སོགས་ཀྱི་གནད་དོན་སྐོར་ནས་གླེང་སློང་བྱེད་རྒྱུ་ཡིན་པ་མ་ཟད། ཡེ་མན་ནང་བཟའ་བཅའ་རིགས་ནང་འདྲེན་ཡོང་ཆེད། ས་མཚོ་གནམ་གསུམ་གྱི་ལམ་ཁ་ཡོད་ཚད་ཕྱེ་དགོས་པའི་རེ་འདུན་ཡང་འདོན་གྱི་ཡོད། ཅེས་བརྗོད་དེ་ཞི་མོལ་དེར་བཟང་ཕྱོགས་ཀྱི་ལྟ་ཚུལ་ཞིག་བཟུང་ཡོད་འདུག

ཡེ་མན་གྱི་གྲགས་ཆེ་བའི་སཱ་ཎ་གཙུང་ལག་སློབ་གྲྭ་ཆེན་མོའི་(Sanaa University)སློབ་དཔོན་མུའུ་ར་ཌི་ཨ་ལཱ་ཛ་ཎི་(Murad Alazzany) ཡིས་གསར་འགོད་པར། ཕྱོགས་གཉིས་ཀས་དམག་མཚམས་འཇོག་འདོད་མེད་པ་མ་ཟད། མི་མང་གི་སྡུག་བསྔལ་ཡང་སེལ་འདོད་མེད་ལ། ཐུགས་ཕན་གསོ་བའི་ཁས་ལེན་གང་ཡང་བྱེད་འདོད་མེད་པ་རེད། ཅེས་དང་། ཡེ་མན་གྱི་གནད་དོན་དེར་ཐག་གཅོད་བྱེད་མཁན་གཙོ་བོ་ནི་ཨ་རི་གཙོས་པའི་ཕྱི་ལོགས་ཀྱི་ནུབ་ཕྱོགས་རྒྱལ་ཁབ་དག་རེད། ཁོ་ཚོས་གོ་མཚོན་ཚོང་འབྲེལ་དང་སྣུམ་མཁོ་འདོན་སོགས་ཀྱི་སྟེང་ནས་ཁེ་བཟང་ཆེན་པོ་རག་གི་ཡོད་པ་དེ་སྲུང་སྐྱོབ་ཆེད། ཡེ་མན་ནང་གི་རྙོག་དྲ་དེ་སེལ་འདོད་བྱེད་ཀྱི་ཡོད་པ་མ་རེད། ཅེས་བརྗོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདི་ལོའི་ཕྱི་ཟླ་ ༩ པའི་ནང་ཡེ་མན་གཞུང་འཛིན་པ་དང་ཧོ་ཐི་སི་ཁ་གཏད་པའི་བར་ཞི་མོལ་ཞིག་གོ་སྒྲིག་བྱས་ཡོད་ཀྱང་། ཧོ་ཐི་སི་ཁ་གཏད་པས་ཞི་མོལ་ནང་མཉམ་ཞུགས་བྱེད་རྒྱུ་ཕྱིར་འཐེན་བྱས་སྟབས། ད་བར་ཕྱོགས་གཉིས་ཀའི་བར་གྲོས་ཆོད་སོགས་གང་ཡང་འཇོག་ཐུབ་མེད་པ་རེད། ཡིན་ན་ཡང་། ད་ཐེངས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནོན་ཤུགས་དང་། ཡེ་མན་ནང་ཁུལ་གྱི་ཛ་དྲག་གི་གནས་སྟངས་སོགས་ལ་བརྟེན་ནས། ཕྱོགས་གཉིས་ཀས་ཞི་མོལ་བརྒྱུད་དམག་མཚམས་འཇོག་རྒྱུའི་རེ་བ་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་མངོན་གྱི་ཡོད་པ་རེད། ཐེངས་འདིའི་ཞི་མོལ་དེ་མགོ་འཛུགས་དང་ལེགས་གྲུབ་ཡོང་ཆེད། ཕྱོགས་གཉིས་ཀས་བཀག་ཉར་བྱས་པའི་བཙོན་པ་རྣམས་གློད་གྲོལ་གཏོང་རྒྱུའི་ཁས་ལེན་སོགས་ཀྱང་བྱས་ཡོད་འདུག ཞི་མོལ་དེ་ནི་ཡེ་མན་ནང་ཁུལ་གྱི་གྲོས་མོལ་ཞིག་ཡིན་པས། དེའི་ནང་ཧོ་ཐི་སི་ཁ་གཏད་པའི་རྒྱབ་རྩ་ཨི་རན་(Iran) དང་། གཞུང་འཛིན་པའི་རྒྱབ་རྩ་སོ་དྷི་ཨ་རབ་དང་ཡུ་ཨེ་ཨི་བཅས་མཉམ་ཞུགས་བྱེད་ཆོག་གི་མེད་འདུགཡེ་མན་གྱི་དམག་འཁྲུག་དེ་ཐོག་མའི་ཆར་ནང་ཁུལ་གྱི་དམག་འཁྲུག་ཙམ་ལས་མིན་ཡང་། རིམ་གྱིས་སོ་དྷི་དང་ཡུ་ཨེ་ཨི། དེ་བཞིན་ཨ་རི་སོགས་ཀྱིས་ཐེ་བྱུས་བྱས་མགོ་བརྩམས་སྟབས། ད་ལྟ་དབང་ཆ་འཐབ་རྩོད་དང་། ཁེ་ཕན་སྲུང་སྐྱོབ་ཀྱི་འཇབ་དམག་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་དང་། དམག་འཁྲུག་དེའི་བརྒྱུད་རིམ་ནང་ཧོ་ཐི་སི་ཁ་གཏད་པས་རྒྱལ་ས་སཱ་ཎ་(Sanaa) གཙོས་པའི་ནུབ་ཀྱི་མི་འབོར་མང་བའི་ས་ཁུལ་ཕལ་ཆེ་བ་རང་གི་མངའ་ཁོངས་སུ་བཅུག་ཡོད་པ་དང། ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༣ ནང་སོ་དྷི་གཙོས་པའི་དཀྱིལ་ཤར་ཡུལ་གྲུ་འགའ་ཞིག་གིས་གཞུང་འཛིན་པའི་ཤོག་ཁག་ལ་རྒྱབ་སྐྱོར་གྱི་ཚུལ་དུ་དམག་འཁྲུག་ནང་དངོས་སུ་ཞུགས་ཏེ། ད་བར་ཡེ་མན་ནང་མཁའ་ལམ་ནས་ཁྱོན་འགད་རྫས་ ༡༨,༠༠༠ ལྷག་འཕངས་ཡོད་པ་དང་། དམག་འཁྲུག་དེའི་དབང་གིས་ད་བར་མི་གྲངས་ ༥༦,༠༠༠ ལས་མང་བ་རྐྱེན་འདས་སུ་སོང་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བརྙན་ཐོའི་ནང་། ད་ལྟའི་ཆར་ཡེ་མན་ནང་མི་གྲངས་ས་ཡ་ ༢༢ ལྷག་ལ་རྒྱལ་སྤྱིའི་འགྲོ་བ་མིའི་རོགས་སྐྱོར་དགོས་པ་དང་། དེ་དག་ལས་ས་ཡ་ ༨ ཙམ་ཞིག་མུ་གེས་མནར་བཞིན་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་བཅུ་པའི་ནང་སོ་དྷིའི་གསར་འགོད་པ་ཇ་མཱལ་ཁ་ཤོ་གྷི་(Jamal Khashoggi) གར་སོང་ཆ་མེད་དུ་གྱུར་བ་དང་། ཕྱིས་སུ་སོ་དྷིའི་གཞུང་འབྲེལ་མི་སྣ་སྐོར་ཞིག་གིས་ཊར་ཀིའི་ནང་ཡོད་པའི་སོ་དྷིའི་གཞུང་ཚབ་ཁང་དུ་ལྐོག་གསོད་བཏང་ཡོད་པའི་གནས་ཚུལ་ཕྱིར་བསྒྲགས་བྱུང་བ་མ་ཟད། ཊར་ཀིའི་ཉེན་རྟོག་རུ་ཁག་དང་། ཨ་རིའི་སི་ཨའེ་ཨེའི་ཞིབ་འཇུག་བརྙན་ཐོའི་ནང་། ལྐོག་གསོད་དེའི་རྒྱབ་ལ་སོ་དྷིའི་རྒྱལ་སྲས་མོ་ཧ་མཱད་བྷིན་སཱལ་མཱན་(Mahammed Bin Salman)ཡོད་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་པར་བརྟེན། ཨ་རི་གཙོས་པའི་འཇར་མན་དང་། ནོར་ཝེ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སོ་དྷི་གཞུང་གི་ཡེ་མན་གྱི་དམག་འཁྲུག་ཐོག་འཛིན་པའི་སྲིད་བྱུས་ལ་དོགས་འདྲི་བྱས་མགོ་བརྩམས་ཏེ། ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་མས་མང་མོས་ཐོག་ནས་ཨ་རིས་སོ་དྷི་གཞུང་ལ་ཡེ་མན་གྱི་དམག་འཁྲུག་ཐད་ནས་རྒྱབ་སྐྱོར་བྱེད་རྒྱུ་མཚམས་འཇོག་བྱ་རྒྱུའི་གྲོས་ཆོད་བཞག་ཡོད་པ་རེད། དབྱེ་ཞིབ་པ་མང་པོས་ཐེངས་འདིའི་ཞི་མོལ་ནས་གྲུབ་འབྲས་དམིགས་བསལ་ཞིག་མ་ཐོན་ཡང་། ཕྱོགས་གཉིས་ཀས་མུ་མཐུད་ཞི་མོལ་གྱི་རྒྱུན་བསྐྱང་ཚེ་ཡེ་མན་གྱི་གནད་དོན་དེ་སེལ་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༢/༠༦

Leave a Reply