གངས་ཕྲུག་དོན་འགྲུབ་ལ་གསེར་གྱི་རྟཊ་མ་ཐོབ།

བོད་རིགས་འབྲོག་མི་པར་ལེན་སྒྱུ་རྩལ་བ་གངས་ཕྲུག་དོན་འགྲུབ་ལགས་ལ་སྐབས་དོན་གསུམ་པའི་ཧོང་ཀོང་རྒྱལ་སྤྱིའི་པར་ལེན་འགྲན་ཚོགས་ཐོག་གསེར་གྱི་རྟགས་མ་ཐོབ།དེ་རིང་ཧོང་ཀོང་དབུས་དཔེ་མཛོད་ཁང་དུ། ཧོང་ཀོང་པར་ལེན་རིང་གཞུང་ལྷན་ཚོགས་ཀྱི་གོ་སྒྲིག་འོག་སྐབས་དོན་གསུམ་པའི་ཧོང་ཀོང་རྒྱལ་སྤྱིའི་པར་ལེན་འགྲན་ཚོགས་ཀྱི་བྱ་དགའ་སྤྲོད་པའི་མཛད་སྒོ་ཚོགས་ཡོད་པ་དང་། ཐེངས་འདིའི་འགྲན་ཚོགས་ཐོག་ས་ཁུལ་མི་འདྲ་བ་ ༢༠ ལྷག་གི་པར་ལེན་ཆེད་མཁས་པ་མང་པོ་ཞིག་མཉམ་ཞུགས་བྱས་ཡོད་པ་དང་། ཚོན་ལྡན་དང་ཚོན་མེད་ཀྱི་པར་རིས་བརྩམས་ཆོས་སྡེ་ཚན་གསུམ་དུ་དབྱེ་ནས་བྱ་དགའ་སྤྲད་ཡོད་པའི་ཁྲོད། བོད་རིགས་པར་ལེན་སྒྱུ་རྩལ་བ་གངས་ཕྲུག་དོན་འགྲུབ་ཀྱི་པར་རིས་བརྩམས་ཆོས་༼བུ་མོ༽ཞེས་པར་གསེར་གྱི་རྟགས་མ་ཐོབ་ཡོད་པ་དང་། ཁོང་ལ་རྒྱལ་སྤྱིའི་རྟགས་མ་ཐོབ་པ་ཐེངས་གཉིས་པ་དེ་ཆགས་ཡོད་འདུག

གངས་ཕྲུག་དོན་འགྲུབ་ལགས་ནི་ཕྱི་ལོ་ ༡༩༧༧ ལོར་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་ཁོངས་ཀྱི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་པའི་འབྲོག་མི་ཞིག་ཡིན་པ་དང་། སོ་སོའི་དགའ་མོས་ལྟར་ཕྱི་ལོ་ ༢༠༠༤ ལོ་ནས་པར་ལེན་གྱི་ལས་སུ་ཞུགས་པ་མ་ཟད། གངས་ཕྲུག་པར་ལེན་རུ་བ་ཞེས་པའི་ཚོགས་པ་གསར་འཛུགས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོར་མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་པའི་པར་ལེན་པའི་པར་རིས་འགྲན་སྡུར་ཁྲོད་ཁོང་ལ་ཨང་དང་པོའི་བྱ་དགའ་ཐོབ་ཡོད་འདུག ཕྱི་ལོ་ ༢༠༡༥ ལོར་པེ་ཅིན་དུ་བསྡུས་པའི་མི་རིགས་ ༢༠ ལྷག་གི་འཇོན་ཐང་ཅན་གྱི་མི་སྣ་སྐྱེད་སྲིང་གི་སྦྱོང་བརྡར་ཁྲོད་ཕུལ་བྱུང་སློབ་མའི་བྱ་དགའ་ཐོབ།ཕྱི་ལོ་ ༢༠༡༨ ལོར་རྒྱལ་སྤྱིའི་སྐྱ་མི་རྟགས་མའི་པར་ལེན་འགྲན་སྡུར་ཞེས་པ་རྒྱ་ནག་པེ་ཅིན་གྲོང་ཁྱེར་དུ་ཚོགས་ཏེ། ཨ་རི་དང་ཁ་ན་ཏ། རྒྱ་ནག དབྱིན་ཇི། འཇར་མན། ཧྥ་རན་སི། ཨེ་ཏི་ལེ་སོགས་རྒྱལ་ཁབ་བདུན་གྱི་ལེན་སྒྱུ་རྩལ་བ ་ ༢༤༠ མཉམ་ཞུགས་བྱས་ཡོད་པ་དང་། འགྲན་སྡུར་ཁྲོད་གངས་ཕྲུག་དོན་འགྲུབ་ལགས་ཀྱི་སྨོན་འདུན་ཞེས་པའི་བརྗོད་གཞིའི་སྟེང་བླངས་པའི་པར་རིས་བརྩམས་ཆོས་ཁག་ལ་ཨང་གཉིས་པའི་དངུལ་གྱི་རྟགས་མ་ཐོབ་ཡོད་པ་རེད།

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༨/༡༢/༠༧

Leave a Reply

One thought on “གངས་ཕྲུག་དོན་འགྲུབ་ལ་གསེར་གྱི་རྟཊ་མ་ཐོབ།