༸སྐུ་ཡི་རླབས་ཆེན་མཛད་འཁུར།

——བསྟན་འཛིན་རབ་རྒྱས།

སྲིད་གསུམ་ཟིལ་གྱིས་གནོན་པའི་སྐུ་མཆོག་བརྗིད། །
བྱང་སེམས་ཡང་དག་ལྟ་ཡིས་ཐུགས་མཚོ་ལས། །
ལེགས་སྟོན་གསུང་བཟང་དམ་པའི་ཆོས་འཁོར་མཛད། །
བླ་མེད་༸སྐྱབས་མགོན་ཁྱོད་ལ་ཕྱག་འཚལ་ལོ། །

ཞེས་མཆོད་པར་བརྗོད་པ་སྔོན་བསུས་ཏེ། ཁོ་བོས་ད་ལམ་འདིར་འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཧྲིལ་པོ་ ༢༩ འཁོར་བའི་དུས་ཚིགས་ཁྱད་པར་ཅན་དེ་དང་བསྟུན་ནས་༸སྐུའི་རླབས་ཆེན་གྱི་མཛད་འཁུར་ཆེན་པོ་བཞིའི་སྐོར་ཅུང་ཟད་བྲིས་པར་སྤྲོའོ། །

ཇི་སྐད་དུ། ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་དེ་སྲིད་གནས་གྱུར་བ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བ་ཤོག ཅེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཇི་ལྟར་ཐུགས་བསྐྱེད་མཛད་པ་བཞིན་འགྲོ་བ་མིའི་འཛམ་གླིང་འདི་སྟེང་དུ་གང་ལ་གང་འདུལ་གྱི་སྒོ་ནས་རླབས་ཆེན་མཐའ་ཡས་ཀྱི་མཛད་ཆེན་ཁག་བསྐྱངས་དང་སྐྱོང་མུས་སུ་མཆིས།

དེ་ཡང་མགོན་པོ་གང་ཉིད་མཆོག་ནི་རང་རེ་གངས་ཅན་པའི་མགོན་དཔུང་སྐྱབས་གནས་དམ་པ་དང་། མེ་ཏོག་གང་ལ་ཕོག་པའི་གངས་ཅན་པའི་ལྷ་སྐལ། འཛམ་བུ་གླིང་པའི་ཞི་བའི་དེད་དཔོན་ཆེན་པོ། སྐྱེ་འགྲོ་ཡོངས་ཀྱི་མ་གཅིག་ཏུ་ངེས་པའི་སེམས་དཔའ་ཆེན་པོ། མདོར་ན་ཐབས་མཁས་ཐུགས་རྗེ་ཆེན་པོ། བྱམས་བརྩེའི་བདག་ཉིད་དུ་བཞེད་པའི་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ལོ། །

སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ནི་ཇི་ལྟར་ཐུགས་བསྐྱེད་པ་ཇི་བཞིན་ཇི་སྲིད་འགྲོ་བ་གནས་པ་དེ་སྲིད་དུ་འགྲོ་བའི་དོན་རླབས་པོ་ཆེ་བསྐྱངས་པར་བཞེད་པའི་རང་ཅག་ཐ་མལ་བའི་སྐྱེ་བོས་རྟོགས་དཀའ་བའི་མཛད་འཕྲིན་ཞིག་ཡིན། འོན་ཀྱང་། རང་ཅག་ཐ་མལ་སྐྱེ་བོའི་སྣང་ངོར་སྐུའི་གཟུགས་སྐུའི་གསེར་ཞལ་རིན་པོ་ཆེ་དངོས་སུ་མཇལ་རྒྱུ་དང་། གསུང་བཟང་རིན་པོ་ཆེ་དངོས་སུ་ཐོས་མཇལ་བྱུང་བའི་སྐལ་བ་བཟང་པོའི་གནས་སྟངས་དེའི་ཐོག་ནས་༸སྐུའི་མཚན་དཔེའི་ཡོན་ཏན་དང་། དེང་སྐབས་གང་ཉིད་མཆོག་གི་མཛད་འཕྲིན་ཆེ་ཁག་གང་དང་གང་མཛད་བཞིན་པར་ཐུགས་སྣང་དང་། ཤེས་རྟོགས་དགོས་རྒྱུ་ནི་ཧ་ཅང་གི་གལ་གནད་ཆེ་བར་མངོན།

སངས་རྒྱས་ཀྱི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་རྣམས་སྡེ་སྣོད་གསུམ་དུ་བསྡུས་པ་ཇི་བཞིན་སྐུའི་རླབས་ཆེན་ཐུགས་ཀྱི་མཛད་པ་དེ་དག་མཛད་འཁུར་ཆེན་པོ་བཞིའི་ནང་མ་བསྡུས་པ་མེད་སྙམ། དེར་བརྟེན་ཁོ་བོས་འདིར་རང་ཉིད་ཀྱི་ཤེས་ཚོད་དཔག་ཚོད་ལྟར་ཡོངས་གྲགས་སུ་སྐུའི་མཛད་འཁུར་ཆེན་པོ་གསུམ་དང་། དེང་སྐབས་དམིགས་བཀར་རྒྱ་གར་ནང་རྒྱ་གར་ཕ་མེས་ལོ་ངོ་སྟོང་ཕྲག་དུ་མ་ནས་དར་བའི་ནང་སེམས་ཀྱི་ལེགས་བཤད་བསྐྱར་དར་མཛད་རྒྱུའི་དགོངས་གཞི་བཅས། མདོར་ན་མཛད་འཁུར་ཆེན་པོ་བཞིའི་སྐོར་ཅུང་ཟད་གོ་བདེའི་ཚུལ་དུ་འབྲི་བར་བྱ་བའི་དང་པོར་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དང་། གཉིས་པ། ཆོས་ལུགས་མཐུན་སྒྲིལ། གསུམ་པ། བོད་མིའི་ཆོས་རིག་དང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ། བཞི་པ། དཔལ་ནཱལཎྜའི་ལེགས་བཤད་བསྐྱར་གསོ་མཛད་རྒྱུ་བཅས་ཡིན། །

དང་པོ། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས།

ངོས་རང་མི་ཆེ་ཆུང་སུ་དང་སུ་ཐུག་པ་ཡིན་ནའང་མི་ཡིན་པ་གཅིག་པ་ཡིན་བསམ་པའི་ཐོག་ནས་ཆེ་འདྲིས་ཆུང་འདྲིས་བྱས་ནས་འགྲོ་གི་ཡོད། ཅེས་དང་། ཡང་། ངོས་རང་འཛམ་གླིང་འདིའི་ནང་གི་མི་འབོར་དུང་ཕྱུར་བདུན་ནང་གི་མི་གཅིག་ཡིན་བསམ་པ་ལས་ང་ཆེན་པོ་ཞིག་ཡིན་བསམ་པ་གཏན་ནས་དྲན་གྱི་མེད། ཅེས་པའི་གསུང་བཟང་རིན་པོ་ཆེས་གང་ཉིད་མཆོག་གིས་ཇི་ལྟར་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་བསྐྲུན་པར་མཛད་པའི་རྨད་བྱུང་ཐུགས་ཀྱི་བཞེད་དགོངས་བླ་མེད་ཅིག་ཡིན་པར་གསལ་ཐུབ།

དུས་རྒྱུན་༸རྒྱལ་དབང་མཆོག་འཛམ་གླིང་ཤར་ནུབ་ཡུལ་གྲུ་ཀུན་གྱི་མི་རྣམས་ལ་བཀའ་སློབ་གསུང་བཤད་གནང་བའི་ཐོག་མར། ལམ་ལུགས་གཙོ་བོར་མི་འཛིན་པར་མི་དང་མིའི་མཛའ་འབྲེལ་གཙོ་བོར་འཛིན་གནང་མཛད་དེ། གསུང་བཤད་ཀྱི་ཐོག་མར་མཆེད་གྲོགས་ཕོ་མོ་ལྷན་རྒྱས་ཞེས་ཞལ་མཛུམ་དང་བཅས་ཏེ་བཀའ་སློབ་སྩལ་དང་སྩོལ་བཞིན་པ་ནི། མི་གཅིག་གྱུར་གྱི་འདུ་ཤེས་ཟབ་མོ་བསྐྲུན་པའི་ཐབས་མཁས་ཐུགས་རྗེ་ཉག་ཅིག་ལས་མ་འདས་སོ། །

སྤྱིར་མི་གཅིག་གྱུར་གྱི་འདུ་ཤེས་དེའི་ཐོག་འཛམ་བུ་གླིང་དེ་བཞིན་བདེ་སྐྱིད་ལྡན་པའི་འགྲོ་བ་མི་གཅིག་གྱུར་གྱི་ཁྱིམ་ཚང་ཆེན་མོ་གཅིག་ཏུ་འགྱུར་བར་བྱ་རྒྱུ་ནི་ངོས་ཀྱི་རེ་བའི་རྨི་ལམ་ཡིན། ཞེས་གསུངས་གནང་མཛད་དོན་ཡང་། འགྲོ་བ་ཡོངས་རྫོགས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་གཅིག་མཉམ་ཡིན་བཞིན་དུ་མ་རིག་རྨོངས་པའི་གཞན་དབང་དུ་སོང་སྟེ་ང་དང་ཁྱོད། ང་ཚོ་དང་ཁོ་ཚོ། ཞེས་བསམ་ཕྱོགས་དེ་འདྲ་ཞིག་གི་སྟེང་ནས་མི་གཅིག་གྱུར་གྱི་འདུ་ཤེས་བརྗེད་དེ་རིམ་པ་གཉིས་པ་སོ་སོའི་རྒྱལ་ཁབ་དང་། མི་རིགས་སོགས་ཀྱི་སྒང་ནས་ཕྱིན་ཏེ་ཆེ་ས་ནས་རྒྱལ་ཁབ་གཅིག་གིས་རྒྱལ་ཁབ་ཆུང་བར་ཐུབ་ཚོད་གཉའ་གནོན་བཤུ་གཞོག་དང་། དམར་གསོད། མི་རིགས་དབྱེ་འབྱེད། ཐ་ན་མིས་མི་བསད་པའི་ཐབས་རྡུགས་ཀྱི་གནས་སྟངས་སྐྱོ་ཤས་ཅན་གྱི་བྱ་སྤྱོད་དེ་འདྲ་ཞིག་གི་གནས་སྟངས་སུ་གྱུར་ཡོད།

གནས་སྟངས་དེ་ལས་སྒྲོལ་ཆེད་དུ། ཇི་ལྟར་གང་ཉིད་མཆོག་གིས་གསུངས་པ་བཞིན། ཇི་སྲིད་མི་གཅིག་གྱུར་གྱི་འདུ་ཤེས་མེད་པ་དེ་སྲིད་དུ་འཛམ་གླིང་འདི་བཞིན་བདེ་ཞིང་སྐྱིད་པ་ཞིག་ཡོང་མི་སྲིད་པ་རེད། ཅེས་གསུངས་པ་ལྟར། རང་ཅག་འགྲོ་བ་མིའི་རིགས་ལ་ཐུགས་བརྩེ་བ་ཆེན་པོས་ཉེ་བར་གཟིགས་ཏེ། ཆོས་ཁས་ལེན་མིན་དང་། ཆོས་མེད་སྨྲ་བ་གང་ཡིན་རུང་བདེ་སྡུག་འདོད་མཉམ་གྱི་མི་གཅིག་པ་ཡིན་པ་དང་།
བདེ་བའི་རྒྱུ་ཇི་ལྟར་བསྒྲུབ་དགོས་པ་དང་། སྡུག་བསྔལ་རྒྱུ་ཇི་ལྟར་སྤོང་དགོས་པ། མིས་བཟོས་པའི་དཀའ་ངལ་དེ་དག་མི་རང་ཉིད་ཀྱིས་སེལ་དགོས་པ་ལས་དཀོན་མཆོག་ལ་གསོལ་བ་བཏབ་སྟེ་སེལ་ཐབས་མེད་པ་སོགས་ཀྱི་བཀའ་སློབ་ཟམ་མ་ཆད་པར་སྩལ་གནང་མཛད་ཡོད།

༸གོང་ས་ཆེན་པོས་འགྲོ་བ་མི་རྣམས་ལ་དེ་ལྟར་ཐུགས་རེ་ཆེན་པོས་ལམ་སྟོན་བཀའ་སློབ་སྩལ་བའི་ཉིང་དགོས་ནི། མིའི་རང་བཞིན་ནི་བྱམས་བརྩེའི་རང་བཞིན་ཡིན་པ་མ་ཟད། ཐམས་ཅད་མའི་ལུས་ཀྱི་དྲོད་དང་སེམས་ཀྱི་བྱམས་བརྩེའི་འོག་འཚར་ལོངས་བྱུང་བའི་མི་ཞིག་ཆགས་ཡོད།
དེས་ན། མིས་མི་ལ་གོ་བརྡ་སྤྲད་དེ་མིའི་དཀའ་ངལ་དེ་དག་གོ་ཤེས་ཚོར་ཤེས་ཀྱི་ལམ་ནས་མི་རང་ངོས་ཀྱིས་སེལ་རྒྱུ་ཡོད་པ་ཞིག་ལ་དགོངས་བཞེས་མཛད་དེ་རང་རེ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་བླང་དོར་འབྱེད་པའི་བཀའ་སློབ་བསྟུད་མར་སྩལ་དང་སྩོལ་བཞིན་པ་ནི། དོན་མཐུན་དོན་སྤྱོད་པ་ཐབས་མཁས་ཐུགས་རྗེ་ཆེན་པོའི་རླབས་ཆེན་གྱི་མཛད་འཁུར་ཉག་ཅིག་གོ །

གཉིས་པ། ཆོས་ལུགས་མཐུན་སྒྲིལ།

ངོས་རང་ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཀུན་ལ་གུས་བརྩི་ཞུ་གི་ཡོད། ཅེས་གསུང་གི་ཡོད། འགྲོ་བ་ཡོངས་ལ་ཕན་བཏགས་པའི་སངས་རྒྱས་པའི་ཆོས་ལུགས་དང་། ཁ་ཆེ། ཡི་ཤུ། སིག བཅས་ཀྱི་ཆོས་ལུགས་དེ་དག་གི་གཞི་རྩའི་ཐུན་མོང་གི་དམིགས་ཡུལ་བསྒྲུབ་བྱ་གཅིག་ཡིན་དེ། ཆོས་ལུགས་ཚང་མས་བྱམས་པ་དང་། བརྩེ་བ། བཟོད་བསྲན། ཆོག་ཤེས་བསྟེན་དགོས་པ་སོགས་ཀྱི་བསླབ་བྱ་གཅིག་གྱུར་ཡིན་སྟབས་ཆོས་ལུགས་ཚང་མའི་གཞི་རྩའི་དམིགས་ཡུལ་གཅིག་ཏུ་ངེས།

རང་ཉིད་སོ་སོའི་ཆོས་ལུགས་ལ་དད་པ་དག་སྣང་དང་། ཆོས་ལུགས་གཞན་ཚོར་གུས་བརྩི་ཞུ་དགོས་ཞེས། ཆོས་ལུགས་ཁག་གི་ལྷ་ཁང་ནང་མཆོད་མཇལ་དང་། ཆོས་ལུགས་ཁག་གི་བླ་ཆེན་རྣམ་པ་ཚོར་ཐུགས་དཀྱེལ་ཡངས་པོའི་ངང་མཇལ་མོལ་ཀུ་རེ་དང་། ཆོས་ལུགས་སོ་སོའི་བསླབ་བྱར་གོ་བསྡུར་སྦྱངས་བཤད་མཛད་ལམ་སྟར་ཆགས་སུ་མཛད་བཞིན་པ་ནི། ཆོས་ལུགས་མཐུན་སྒྲིལ་དམ་ཚིག་འོ་ཆུ་གཅིག་འདྲེས་ལྟར་མཛད་པའི་རྨད་བྱུང་ཟླ་ན་མེད་པའི་འཕྲིན་ལས་དང་། སྔར་མེད་ཆོས་ལུགས་ཡོངས་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཀྱང་ཡིན་པར་སོམ་ཉི་མི་དགོས་སྙམ།

ཇི་ལྟར་ཐུགས་ཀྱིས་བཞེད་དགོངས་ལྟར་ཆོས་ལུགས་མཐུན་སྒྲིལ་དམ་ཟབ་མཛད་པའི་དགོས་པ་ཡང་། འཛམ་གླིང་འདིའི་སྟེང་རྨོངས་པའི་རྙི་ལས་ཚུད་དེ་ཆོས་ལུགས་ཕན་ཚུན་དབར་ལྟ་བ་དང་འཛིན་ཕྱོགས་མི་གཅིག་པར་བསྙད་དེ་གསོད་རེས་དང་། མི་གསོད་ཁྲག་སྦྱོར་བྱུང་བ་སོགས་བཟོད་མི་ཤེས་པའི་དཀའ་ངལ་དེ་དག་ལས་སྒྲོལ་ཆེད་ཆོས་ལུགས་ཀུན་ལ་རིས་མེད་གནང་དགོས་པའི་བཀའ་སློབ་བསྟུད་མར་སྩོལ་མུས་སུ་མཆིས།

དེ་ལྟར་ཆོས་ལུགས་ཕན་ཚུན་དབར་ཕྱོགས་རིས་ཆགས་སྡང་བྱས་པའི་དཀའ་ངལ་གྱི་རྐྱེན་རྩ་གཙོ་བོ་ནི། ཆོས་ལུགས་སོ་སོའི་ཆོས་ཀྱི་བསླབ་བྱའི་ནང་གང་གསུང་པར་སློབ་སྦྱོང་མ་བྱས་པར་གཡམ་རྒྱུག་མཆོག་ཞེན་གྱི་འཛིན་སྟངས་དེ་ལས་བྱུང་བ་ཞིག་ཡིན་པར་གསུངས་ཡོད། དེས་ན། ཆོས་ལུགས་སོ་སོར་དད་གུས་ཙམ་གྱི་མི་ཆོག་པར་སློབ་གཉེར་བྱ་དགོས་པ་གསུང་གི་ཡོད།

ལྷག་པར་༸གོང་ས་ཆེན་པོས་རྒྱ་གར་ནི་རིས་མེད་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ལྡུམ་ར་ཞིག་གི་ནང་དུ་མེ་ཏོག་སྣ་ཚོགས་མཉམ་དུ་བཞད་པ་ལྟར་ཆོས་ལུགས་སྣ་ཚོགས་པ་ཞིག་ཞི་བའི་ངང་མཉམ་སྡོད་མཉམ་གནས་ཐུབ་པར་དུས་ཀུན་ཡི་རངས་བསྔགས་བརྗོད་མཛད་པ་མ་ཟད། རྒྱ་གར་ནི་ཆོས་ལུགས་རིས་མེད་ཀྱི་མིག་ལྟོས་འཛིན་ས་གཙོ་བོ་དེ་རེད་ཅེས་འཛམ་གླིང་ཤར་ནུབ་གང་དུ་ཆིབས་ཞལ་སྒྱུར་སྐབས་ཀྱི་གསུང་སྒྲོས་ཤིག་ཏུའང་འགྱུར་ཡོད།

ཆོས་ལུགས་ཚང་མར་ལྟ་གྲུབ་མི་འདྲ་བ་ཅི་རིགས་ཡོད་ཀྱང་བྱམས་བརྩེ་སྨྲ་བའི་སྤྱོད་ཚུལ་སྟོན་མཁན་གྱི་ཆོས་ཚུལ་བསླབ་བྱ་གཅིག་གྱུར་ཡིན་པར་བརྟེན། ཆོས་ལུགས་ཕན་ཚུན་དབར་ཐུགས་མཐུན་ཁྲིམས་གཙང་དགོས་པ་བཀའ་སློབ་ནན་བསྐུལ་མཛད་བཞིན་མཆིས།

རང་རེ་སྟོན་པ་ཤཱ་ཀྱ་ཐུབ་པའི་ཆོས་བྱེད་ཆོས་ལུགས་ཆེན་པོ་ས་དགེ་བཀའ་རྙིང་ལ་མཚོན་ནའང་ཆུ་འགོ་གང་ལ་བརྟེན་པའི་སྟོན་པ་གཅིག་གི་རྗེས་འབྲང་པ་ཡིན་པར་བརྟེན། ཆོས་ལུགས་སོ་སོར་སློབ་གཉེར་བྱས་པ་ཙམ་མིན་པར་ཆོས་ལུགས་ཡོངས་ལ་གོ་བ་ཆགས་པ་ཞིག་ཡོང་རྒྱུ་དང་།
བསྟན་པ་སྤྱི་མཚན་ལ་བསམ་བློ་བཏང་ནས་ཆོས་ལུགས་མཐུན་སྒྲིལ་དགོས་པའི་བླང་དོར་བཀའ་སློབ་ཆུ་བོའི་རྒྱུན་བཞིན་རྩོལ་བཞིན་པ་ནི་ཀུན་གྱི་མཁྱེན་ཆུབ་ཡིན་ཞིང་། དེ་ནི་མགོན་པོ་གང་ཉིད་མཆོག་གིས་ཆོས་ལུགས་ཐམས་ཅད་མཆོག་ཏུ་བཀུར་ཏེ་འགྲོ་བའི་དོན་འབའ་ཞིག་ལ་གཉེར་བའི་ཟབ་མོ་ཐུགས་ཀྱི་མཛད་འཁུར་རླབས་ཆེན་གཉིས་པ་དེའོ། །

གསུམ་པ། བོད་མིའི་རྩ་དོན་ཆོས་རིག་དང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ།

ངོས་རང་དབུགས་མ་ཆད་པའི་བར་དུ་བོད་དོན་ནམ་ཡང་བློས་གཏོང་གི་མ་རེད། ཅེས་པའི་ཐུགས་བརྩེ་བ་ཆེན་པོས་བཀའ་སློབ་ལན་མང་ཕེབས་པ་ཐོས་མཇལ་བྱུང་མྱོང་ཡོད་ལ། ཉེ་བའི་ལོ་ཤས་སྔོན་གང་ཉིད་མཆོག་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་དང་མོན་རྟ་དབང་ཁུལ་དུ་ཐད་འཕུར་གནམ་གྲུའི་ནང་ཆིབས་སྒྱུར་བསྐྱངས་པའི་སྐབས་རླུང་ཤུགས་རྐྱེན་པས་ཐད་འཕུར་གནམ་གྲུས་འགུལ་སྐྱོད་ཤུགས་ཆེ་ཐེབས་པ་བྱུང་ཞིང་། དེའི་སྐོར་གང་ཉིད་མཆོག་གི་ཞལ་སྔ་ནས། དེ་རིང་ཡག་པོ་བྱུང་མ་སོང་དགོངས་པ་དང་། ང་མེད་ན་ངོས་ཀྱི་བོད་མི་ཚོ་སྙིང་རྗེ་ཨང་བསམ་པའི་ཐུགས་ཚོར་དྲག་པོ་བྱུང་། ཞེས་དང་། དེ་ནས་ཆུ་ཚོད་ ༨ ཙམ་གྱི་རྒྱང་ཐག་ཆོད་པའི་ས་ཐག་རིང་པོར་ཆིབས་འཁོར་ནང་སྐུ་ངལ་ལ་མ་འཛེམས་པར་ཆིབས་སྒྱུར་བསྐྱངས་པའི་སློབ་ཕེབས་པ་དེས་ཇི་ཙམ་གྱི་རང་ཅག་བོད་འབངས་རྣམས་ལ་ཕ་མའི་བུ་ལ་བརྩེ་བ་ལྟར་ཐུགས་བརྩེའི་གཟིགས་བསྐྱངས་མཛད་པ་སྨོས་ཅི། བཀའ་དྲིན་བླ་ལྷག་ཏུ་ཆེ་བ་ཡིན་པས་ང་ཚོས་དུས་ནམ་ཡང་བརྗེད་མི་ཉན་པ་རེད།

སྤྱིར་༸གོང་ས་མཆོག་དགུང་ན་བཅུ་དྲུག་ལས་མ་གསོན་ཀྱང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་སྟེ་གནས་སྟངས་ཤིན་ཏུ་ཉག་ཕྲ་བའི་མཚམས་དེར་ཁོང་ལས་ལྷག་པའི་བཀའ་དྲིན་ཆེ་བ་ཞིག་བྱུང་མྱོང་མེད་ལ། ཁོང་གི་བཀའ་དྲིན་ནི་འདིར་བརྗོད་ཀྱི་མི་ལང་བས་རང་རེ་གངས་ཅན་པ་ཀུན་གྱི་ཡིད་ཡུལ་ན་དུས་ཀུན་བཀའ་དྲིན་དྲན་དགོས་པ་ཡིན།

བོད་ཀྱི་ཆོས་རིག་དང་ཁོར་ཡུག་སྐོར་མ་འོངས་སྔོན་གཟིགས་ཀྱི་ལམ་སྟོན་བཀའ་སློབ་རྒྱུན་དུ་སྩལ་དང་སྩོལ་བཞིན་པ་ནི་ཀུན་གྱི་ཐུགས་སུ་མངའ་བ་ཞིག་རེད་ལ། དེ་ལྟར་ཐུགས་ལ་མངའ་དགོས་པའི་འགན་ཁུར་ཞིག་ཡོད་རེད་སྙམ། དུས་རྒྱུན་དུ་རང་རེ་བོད་འབངས་ཡོངས་ལ་མགོན་པོ་གང་ཉིད་མཆོག་གིས་ཞལ་སྔ་ནས་བོད་ཀྱི་ཆོས་དང་རིག་གཞུང་ཞེས་བརྗོད་སྐབས་གཞས་དང་ཞབས་བྲོ་ཙམ་མིན་པར་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་སྟོན་མཁན་གྱི་སངས་རྒྱས་པའི་ཆོས་དེ་ལ་གོ་བ་དང་། ཆོས་ཚུལ་དེས་ནང་སེམས་ཀྱི་བཟང་པོའི་ཡོན་ཏན་སློབ་པར་བྱེད་པའི་ཟབ་ལ་རྒྱ་ཆེ་བའི་ཆོས་ཚུལ་ཞིག་ཡིན་ཞིང་། སངས་རྒྱས་པའི་ཆོས་དེ་རང་རེ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་སྙིང་པོ་དེ་ཡིན། ཞེས་དང་། རིག་གཞུང་དེ་བསྟན་པར་བྱ་བའི་ལེགས་སྦྱར་ལྷའི་སྐད་དང་དོ་མཉམ་པའི་བོད་ཀྱི་སྐད་ཡིག་དེ་ཧ་ཅང་གི་གསལ་བ་དང་། ཕུན་སུམ་ཚོགས་པ་སོགས་ཀྱི་ཡོན་ཏན་མཐའ་ཡས་པ་ཞིག་ཡོད་པའི་སྐད་ཡིག་དེ་སྲུང་སྐྱོབ་དང་། སྐད་ཡིག་དེའི་ཐོག་ནས་སྐད་ཡིག་གཞན་ལ་རེ་མི་དགོས་པར་སངས་རྒྱས་པའི་ཆོས་ཚུལ་དེ་དག་ལ་དབང་རྣོན་ཆོས་ཀྱི་རྗེས་སུ་དྲངས་ཏེ་ཐོས་བསམ་སློབ་གཉེར་ཚུལ་བཞིན་བྱ་དགོས་པའི་བཀའ་སློབ་ལམ་སྟོན་སྔ་ཕྱི་བར་གསུམ་དུ་ཕེབས་འབྲས་ལ་བརྟེན་ནས་བོད་ཕྱི་ནང་གཉིས་སུ་དེང་གི་ཆར་ནང་པའི་གཞུང་ཆེན་ཁག་ལ་སློབ་གཉེར་གནང་བཞིན་ཡོད། འཛམ་གླིང་ཡུལ་གྲུ་མང་པོ་ནས་བོད་ཀྱི་ཆོས་དང་རིག་གཞུང་སྐོར་དོ་སྣང་དང་། སློབ་གཉེར་བྱེད་མཁན་མང་དུ་འགྲོ་བཞིན་པའི་གནས་སྟངས་ཤིག་ཀྱང་སྔར་མེད་གསར་དུ་བསྐྲུན་ལམ་མཛད་ཡོད།

སྤྱིར་༸གོང་ས་ཆེན་པོས་སངས་རྒྱས་པའི་ཆོས་དེ་བཞིན་དངོས་ཐོག་བདེན་འཚོལ་ཞིག་རེད། ཅེས་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྒོ་ནས་གསུངས་པའི་ཆོས་ཚུལ་ཞིག་ཡིན་སྟབས། གསུང་གི་ཡོན་ཏན་བླ་མེད་ལ་བརྟེན་ནས་༸རྒྱལ་དབང་མཆོག་གི་སྐུ་མདུན་དུ་གསུང་བཟང་མཇལ་བ་དང་། གསུང་ལ་སློབ་གཉེར་བྱེད་མཁན་གྲངས་ཀྱི་མི་ལང་བ་ཞིག་འདུས་དང་འདུ་བཞིན་པ་ནི་རང་ཅག་གངས་ཅན་པའི་རིག་གཞུང་གི་ཉིང་བཅུད་དང་། སངས་རྒྱས་བསྟན་པ་སྤྱི་ལ་སྨན་པའི་མཛད་འཕྲིན་འགྲན་ཟླ་བྲལ་བ་ཞིག་ཡིན་པར་སྨོས་མི་དགོས་སོ། །

༸གོང་ས་མཆོག་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་སྐོར་ཐུགས་སྣང་ཧ་ཅང་ཆེན་པོ་མཛད་བཞིན་ཡོད། དེ་ཡང་གང་ཉིད་མཆོག་གིས་ཕྱི་ལོ་ ༡༩༩༣ ལོར་ལྗགས་རྩོམ་མཛད་པའི་༼སྣོད་བཅུད་རྟེན་འབྱུང་དང་འབྲེལ་བའི་གདམས་ངག་ཉུང་ངུ་ཚིགས་སུ་བསྡེབས་པ་དགེ །༽ཞེས་པ་དེའི་ནང་ཕྱི་སྣོད་དང་ནང་བཅུད་ཀྱི་སེམས་ཅན་དབར་གྱི་རྟེན་འབྲེལ་ལྟོས་གྲུབ་ཀྱི་འབྲེལ་བ་ཇི་ཡོད་དང་། ལྗགས་རྩོམ་ནང་ཇི་སྐད་དུ། ཐོག་མ་མེད་ནས་རྟག་ཏུ་གོམས་པ་ཡི། །རང་ཉིད་གཅེས་འཛིན་བློ་ཡིས་མཐུ་བརྟས་པས། །སྤྱི་མཐུན་ལས་ཀྱི་བསྐྱེད་པའི་ཁོར་ཡུག་ཁྱོན། །འབྱུང་བ་སྦགས་བཙོག་མནོལ་བས་བསླད་པར་གྱུར། །ཞེས་རང་གཅེས་འཛིན་གྱིས་བསམ་པས་སྣོད་བཅུད་ལ་གཏོར་སྐྱོན་གཏོང་ཚུལ་དང་། ཇི་སྐད་དུ། སྲིད་པར་ཆགས་པའི་གངས་རི་མཐོ་བརྗིད་རྣམས། །དབུ་འཕང་སྨད་ཅིང་རིམ་གྱིས་ཆུ་རུ་བཞུར། །འཕེལ་འགྲིབ་བྲལ་བར་གྲགས་པའི་རྒྱ་མཚོ་ཡང་། །རང་བཞིན་ལས་འདས་གླིང་ཕྲན་དལ་གྱིས་བྱིངས། །ཅེས་གོ་ལའི་ཚ་དྲོད་ཀྱིས་ཉེན་ཚབས་བྱུང་ཉེའི་མ་འོངས་ལུང་བསྟན། །

དེ་བཞིན། ཇི་སྐད་དུ། ལྗོན་ཞིང་བཟང་པོས་རླུང་ཁམས་གཙང་བར་བྱེད། །ལྗོན་འབྲས་ཟས་དང་ཤུན་པ་གོས་སུ་སྤྱད། །སྡོང་དུམ་གཙུབས་ལས་མེ་ཡི་རིག་པ་རྙེད། །གནོད་འཚེ་ལྷགས་ཚེ་ལྗོན་པར་སྐྱབས་སུ་བསྟེན། །ཞེས་ལྗོན་ཤིང་གི་ཕན་ཐོགས་སོགས་མདོར་ན་སྣོད་བཅུད་གཉིས་ཀྱི་འབྲེལ་ལམ་དེ་བཞིན་རྟེན་འབྲེལ་ལྟོས་གྲུབ་ཡིན་པར་བཞེད་ཅིང་། དེར་བརྟེན་ནས་ཁོར་ཡུག་ལ་སྲུང་སྐྱོབ་ཡོང་བའི་གདམས་ངག་རྨད་དུ་བྱུང་བ་ཞིག་རང་གཞན་ཀུན་ལ་གདམས་པར་མཛད་ཡོད།

བོད་ནི་འཛམ་གླིང་གི་སྣེ་གསུམ་པར་གྲགས་པ་བཞིན་འཛམ་གླིང་མི་འབོར་ཐེར་འབུམ་མང་པོས་ལོངས་སུ་སྤྱོད་པའི་ཆུའི་འབྱུང་གནས་སམ་ཆུ་འགོ་བོད་ནས་མཆེད་པ་ཞིག་ཡིན་པར་བརྟེན། དེར་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ལན་མང་མཛད་པར་ལོ་ལྟར་ཕ་རན་སིའི་རྒྱལ་ས་པེ་རི་སིར་ཚོགས་པའི་ཁོར་ཡུག་ལྷན་ཚོགས་ཐོག་ཕེབས་པའི་གསུང་འཕྲིན་དེ་དག་ནས་ཤེས་རྟོགས་ཐུབ་ངེས།

ཕྱོགས་མཚུངས་༸གོང་ས་མཆོག་གིས་འདོན་གནང་མཛད་པའི་ཞི་བའི་སྔོན་འགྲོའི་གྲོས་འཆར་དོན་ཚན་བཞི་པའི་ནང་། བོད་ཀྱི་རང་བཞིན་འབྱུང་ཁམས་ཀྱི་ཁོར་ཡུག་བཟང་པོའི་གནས་སྟངས་སྔར་སོར་ཆུད་ཐབས་དང་། སྲུང་སྐྱོབ་བྱ་དགོས་པའི་ཐོག་བོད་ནང་རྒྱ་ནག་གི་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱེད་པ་དང་། རྡུལ་ཕྲན་སྙིགས་རོ་ཕུང་གསོག་བྱེད་འཆར་བཅས་མཚམས་འཇོགས་དགོས་རྒྱུ། ཞེས་ཐུགས་འཚབ་ཆེན་པོས་དགོས་འདུན་ཆེ་གྲས་ཤིག་ཀྱང་འདོན་གནང་མཛད་ཡོད།

ཉེ་བའི་ལོ་ཤས་ནང་གི་བཀའ་སློབ་ཕེབས་དགོངས་སུ། དེང་སྐབས་འཛམ་གླིང་ནང་གོ་ལའི་ཚ་དྲོད་ཇེ་ཆེར་འཕེལ་བཞིན་པ་དང་། མ་འོངས་པར་ཧི་མཱ་ལ་ཡའི་གངས་རི་དེ་དག་རིམ་གྱིས་ཆུ་རུ་བཞུར་ཏེ་ཆུའི་དཀའ་ངལ་འཕྲད་སྲིད་པར་ཉེ་བས། ད་ལྟ་ནས་ཤིང་སྣ་འདེབས་འཛུགས་སོགས་ཀྱི་མཚོན་ཕྱི་སྣོད་ཀྱི་བཀོད་པར་བདག་གཅེས་བྱ་དགོས་པའི་ཐུགས་བརྩེའི་བཀའ་སློབ་ཕེབས་དང་ཕེབས་མུས་སུ་མཆིས།

མདོར་ན་དུས་རྒྱུན་དུ་བཀའ་སློབ་ཇི་ཕེབས་བཞིན། ང་ཚོ་གོ་ལ་འདི་ལས་གནས་གཞན་ཞིག་ཏུ་གནས་སྤོ་བྱ་ཐབས་མེད་པས། གོ་ལ་འདིའི་སྟེང་འབྱུང་བའི་དཀའ་ངལ་དེ་དག་མིས་བཟོས་པ་ཤ་སྟག་ཡིན་པར་སོང་། མིས་བཟོས་པའི་དཀའ་ངལ་དེ་མི་རང་གིས་སེལ་ཐབས་བྱ་དགོས་པ་ལས་དཀོན་མཆོག་ལ་གསོལ་བ་བཏབ་ནས་སེལ་མི་ཐུབ། ཅེས་གསུང་པ་འདི་ནི་གདམས་ངག་གི་བདུད་རྩི་མཆོག་གོ །

བཞི་པ། དཔལ་ནཱལཎྜའི་ལེགས་བཤད་བསྐྱར་གསོ།

དུས་རྒྱུན་༸གོང་ས་མཆོག་ནས་ཐུགས་སྤོབས་ལྡན་པའི་ངང་གསུང་སྒྲོས་གཅིག་ནི། ངོས་ཀྱི་ལུས་པོ་དེ་ལོ་ངོ་ང་གྲངས་དེའི་རིང་རྒྱ་གར་གྱི་འབྲས་དང་དལླི་ལ་བརྟེན་ནས་འཚོ་བ་དང་། ངོས་ཀྱི་ཀླད་པའི་ཆ་ཤས་རེ་རེའི་ཡོན་ཏན་དེ་དག་རྒྱ་གར་འཕགས་པའི་དཔལ་ནཱ་ལཎྜའི་མཁས་པའི་དབང་པོ་རྣམས་ཀྱིས་མཛད་པའི་ལེགས་བཤད་དེ་དག་ལས་གྲུབ་པ་ཞིག་ཡིན། མདོར་ན་ངོས་རང་དོན་དམ་གྱི་སྤོབས་པ་བྱེད་འོས་པའི་ནཱ་ལཎྜའི་སློབ་མ་ཞིག་ཡིན། ཞེས་དང་། ཡང་། འཛམ་གླིང་ས་ཕྱོགས་གང་དུ་འགྲོ་བའི་སྐབས་སུ་ངོས་རང་ནཱ་ལཎྜའི་ལེགས་བཤད་སྤེལ་མཁན་གྱི་ཕོ་ཉ་ཡིན། ཞེས་ཤོད་བསྡད་ཀྱི་ཡོད། ཅེས་གསུངས་པའི་གསུང་སྒྲོས་དུམ་བུ་དེ་ལས་གང་ཉིད་མཆོག་གིས་ཇི་ཙམ་གྱིས་དཔལ་ནཱ་ལནྜའི་མཁས་པའི་དབང་པོ་རྣམས་ཀྱི་ཡོན་ཏན་ལ་ཐུགས་མངའ་བརྙེས་པར་མཚོན་ཐུབ།

དེ་བཞིན་གསུང་སྒྲོས་གཞན་ཞིག་ཏུ། དཔལ་ནཱ་ལཎྜའི་མཁས་པའི་དབང་པོ་སློབ་དཔོན་ཀླུ་སྒྲུབ་ལ་སོགས་པ་དེ་དག་ནི། སེམས་ཁམས་རིག་པའི་ཚན་རིག རེད་ཅེས་ཀྱང་སྨྲོས་ཆོག ཅེས་ནཱ་ལཎྜའི་མཁས་པའི་དབང་པོ་དེ་དག་གིས་གསུང་རྩོམ་ནི། སེམས་ཀྱི་འགྲོ་སྟངས་གང་ཡིན་པའི་སྐོར་གཙོ་བོར་གསུངས་པའི་སེམས་ཀྱི་རྣམ་གཞག་ལེགས་པར་སྟོན་པའི་ཚན་རིག་གམ་རིག་པ་སྨྲ་བ་རེད། ཅེས་ཀྱང་གསུང་གི་ཡོད།

མཁས་པའི་དབང་པོ་དེ་དག་གིས་བློའི་རྣམ་གཞག་དང་། སེམས་དང་སེམས་བྱུང་། རིགས་ལམ་སོགས། མདོར་ན་སེམས་སྐྱིད་པ་ཞིག་ཡོང་བའི་ཐབས་ལམ་ཇི་ལྟར་ཇི་བཞིན་བསྟེན་དགོས་པའི་བསྟན་བཅོས་མང་པོ་ཞིག་མཇལ་རྒྱུ་ཡོད། སྤྱིར་ལོ་ངོ་སྟོང་ཕྲག་མང་པོའི་གོང་དུ་རྒྱ་གར་མཁས་པས་རྒྱ་གར་ཡུལ་དུ་དར་བའི་སེམས་ཀྱི་ལེགས་བཤད་སྨྲ་མཆོག་ཅིག་ཡོན་ནའང། ད་ལྟའི་འཕྲུལ་ལས་ཡར་རྒྱས་ཅན་གྱི་དེང་རབས་རྒྱ་གར་བས་བརྗེད་བརླག་ཏུ་འགྱུར་བའི་གནས་སྟངས་ཉམས་དམའ་བོའི་ཚད་གཞི་ཅན་དུ་འགྱུར་ཡོད་ཅིང་། ལྷག་པར་ལེགས་བཤད་དེ་དག་ད་ལྟའི་དུས་སྐབས་འདིར་རྒྱ་གར་ཙམ་མ་ཟད་འགྲོ་བ་མི་ཡོངས་རྫོགས་ཀྱི་སེམས་ཞི་བར་འདུལ་བའི་སེམས་ཀྱི་སྨན་མཆོག་ལྟ་བུ་ཞིག་ཏུ་གྱུར་ཞིང་། ལེགས་བཤད་དེ་དག་བོད་པས་ལོ་ངོ་མང་པོའི་རིང་ཐོས་བསམ་སློབ་གཉེར་ཚུལ་བཞིན་བྱས་ཏེ་བདག་གཅེས་བྱས་པ་དེ་ཉིད་ད་ལྟའི་ཆར་སྔོན་ལ་རྒྱ་གར་རང་ལ་བསྐྱར་དུ་དར་བར་མཛད་རྒྱུ་དང་། རིམ་པས་འཛམ་གླིང་སྤྱི་ལ་དར་ཏེ་འཛམ་གླིང་སྤྱི་ནོར་དུ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུའི་ཐུགས་ཀྱི་གཟིགས་རྒྱང་རླབས་པོ་ཆེ་དེའི་ཐོག་ནས་མཛད་འཕྲིན་དེ་ཉིད་དེང་སྐབས་རྒྱ་གར་ནང་བསྐྱངས་དང་སྐྱོང་མུས་སུ་མཆིས།

སྤྱིར་ནས་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དེ་ཉིད་ཀྱིས་དཔལ་ནཱ་ལཎྜའི་མཁས་པའི་དབང་པོ་དེ་དག་ལ་དམིགས་བསལ་གྱི་ཐུགས་སྣང་ཆེན་པོས་གཙུག་ཏུ་བཀུར་གནང་མཛད་པ་མ་ཟད། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱང་ལྗགས་རྩོམ་མཛད་ཡོད་པ་ང་ཚོས་མཇལ་རྒྱུ་ཡོད།

ཉེ་ལམ་གང་ཉིད་མཆོག་གི་ཞལ་སྔ་ནས། དཔལ་ནཱ་ལཎྜའི་མཁས་པའི་དབང་པོ་དེ་དག་གི་དབུ་འཕང་གུང་དུ་འདེགས་མཁན་གཅིག་པུ་དེ་ངོས་རང་རེད། ཅེས་གསུང་སྤོབས་ཐོན་པོས་དེ་ལྟར་གསུངས་པ་ཞིག་བརྙན་པར་བརྒྱུད་མཇལ་ཐོས་ཀྱི་སྐལ་བ་བྱུང་། དུས་དང་རྣམ་པ་ཀུན་ཏུ་༸གོང་ས་ཆེན་པོས་རང་རེ་རྣམས་ལ་ཇི་ལྟར་གདམས་པ་བཞིན། པཎ་གྲུབ་བཅུ་བདུན་ནི་ང་ཚོའི་དགེ་རྒན་གྱི་འདུ་ཤེས་དང་། ཁོང་རྣམས་ཀྱི་བརྩམས་པའི་ལེགས་བཤད་དེ་དག་ང་ཚོས་སློབ་དེབ་ཀྱི་འདུ་ཤེས་བཞག་སྟེ་སློབ་གཉེར་བྱ་དགོས། ཞེས་ཡང་ཡང་གསུང་གི་ཡོད།

དེང་གི་ཆར་རྒྱ་གར་ནང་གི་ཚོང་ལས་ཆེ་ཁག་དང་། སློབ་གཉེར་བསྟི་གནས་ཁང་སོགས་ཀྱི་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། ཅེས་པའི་བསླབ་གཞི་དབུ་འཛུགས་ཟིན་པ་མ་ཟད། དེར་དོ་སྣང་གང་ཙམ་ཡོང་བཞིན་པ་བཅས་ནི་༸རྒྱལ་དབང་མཆོག་གིས་འཛམ་གླིང་མི་འབོར་དུང་ཕྱུར་བདུན་ལ་བུ་གཅིག་པའི་ཐུགས་བརྩེ་ཉེ་རིང་མེད་པར་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་ཡོང་བར་ཐུགས་རེ་མཛད་བཞིན་པའི་རླབས་ཆེན་ཟླ་མེད་ཀྱི་མཛད་འཕྲིན་སྔ་ན་མེད་པ་ཞིག་གོ །

མཇུག་སྨོན།
བདག་བློ་རྨོངས་པས་ཁྱོད་ཀྱི་མཛད་བཟང་ལ། །
མཇལ་ཞིང་བསགས་པའི་ཅུང་ཟད་དགེ་བ་འདི། །
རྩ་གསུམ་བླ་མའི་དྲིན་དྲན་གསབ་ཕྱིར་དང་། །
ཁམས་གསུམ་མཛའ་བཤེས་འགྲོ་བ་བདེ་ཕྱིར་སྨོན། །

ཇི་ལྟར་སྨག་རུམ་ཉི་མས་ཇི་གསལ་བཞིན། །
འགྲོ་མགོན་དམ་པའི་མཛད་འཕྲིན་རྟག་ཏུ་འཕྲོས། །
ཇི་ལྟར་ལྷུན་པོའི་བརྗིད་ཉམས་ཇི་བརྟན་བཞིན། །
རིགས་དྲུག་མགོན་དུ་སྐུ་ཚེ་བརྟན་གྱུར་ཅིག །

བསྐྱར་བཅོས།: ༢༠༡༨/༡༢/༠༨

Leave a Reply

One thought on “༸སྐུ་ཡི་རླབས་ཆེན་མཛད་འཁུར།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    རླབས་ཆེན་མཛད་འཕྲིན་འགྲོ་བའི་སྡུག་བསྔལ་སེལ།
    རླབས་ཆེན་མཛད་འཕྲིན་སྐྱེ་འགྲོར་བདེ་སྐྱིད་སྦྱིན།
    རླབས་ཆེན་མཛད་འཕྲིན་འཛམ་གླིང་ཞི་བདེར་རྒྱུར།
    རླབས་ཆེན་མཛད་འཕྲིན་བོད་རྒྱའི་འབྲེལ་ལམ་བཙུགས།