བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་ཤིག་བཟོས།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་ཤིག་བཟོས་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ནས་ཕྱི་དྲོའི་ཆུ་ཚོད་ ༤ བར། གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་གོ་སྒྲིག་འོག བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་ཤིག་སྤྱི་ཚོགས་ཁྲོད་རིན་མེད་ཐོག་ཚོད་ལྟའི་(Beta version)འགྲེམས་སྤེལ་དང་འབྲེལ་བའི་བགྲོ་གླེང་ཞིག་ཚོགས་སོང་བ་དང་། བགྲོ་གླེང་དབུ་འཛུགས་ཐོག་ཏུ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག བོད་ཀྱི་དཔེ་མཛོད་ཁང་གི་དབུ་འཛིན་དགེ་བཤེས་ལྷག་རྡོར་ལགས་སོགས་དཔེ་མཛོད་ཁང་ཁག་ཅིག་གི་དཔེ་མཛོད་དོ་དམ་པ་དང་ཤེས་ཡོན་པ་བཅས་མི་གྲངས་  ༨༠ མ་ཟིན་འཛོམས་འདུག

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་སྨོན་ལམ་ལགས་ཀྱིས་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་དེའི་ངོ་སྤྲོད་སྐབས། སྤྲུལ་སྐུ་མཐུ་སྟོབས་རིན་པོ་ཆེ་མཆོག་དང་མཉམ་འབྲེལ་གྱིས་བཟོས་པའི་མཉེན་ཆས་དེ་ནི། བོད་ཀྱི་རིག་ཚན་ཁག་བཅས་ཀྱི་སྡེ་ཚན་དབྱེ་འབྱེད་ཁག་ ༩༣༠ དང་། དེང་རབས་གློག་རྡུལ་འཕྲུལ་ལས་ཀྱི་སྟབས་བདེའི་རང་བཞིན་ཅན་ཞིག་ཡིན། འཚོལ་ཞིབ་དང་ནང་དོན་མཁོ་སྤྲོད་སོགས་མགྱོགས་མྱུར་ལྡན་པ། མདོར་ན་དཔེ་མཛོད་ཀྱི་དཀར་ཆག་དང་། དཔེ་ཆ་གཡར་ལེན། དཔེ་ཆ་མཁོ་སྒྲུབ་དང་ཚོང་བསྒྱུར། ཁོངས་མི་དོ་དམ། དཀར་ཆག་ནང་འདྲེན་དང་ཕྱིར་འདོན་བཅས་ཐད་ལོ་ཤས་རིང་ཞིབ་འཇུག་གིས། རྒྱལ་སྤྱིའི་རིག་ཚན་ཁག་ཆ་ཚང་བ་ཞིག་ཡོད་པའི་ཐོག་ང་ཚོ་བོད་པའི་ཆོས་དང་རིག་གཞུང་གི་དབྱེ་བ་ཆ་ཚང་བ་དགར་ཡོད་པ་དང་། སང་ཉིན་ནས་ཐོག་མའི་ཚོད་ལྟའི་མཉེན་ཆས་དེ་འགྲེམས་སྤེལ་བྱ་རྒྱུ་ཡིན་པ་དང་། ཕྱི་ལོ་ ༢༠༡༩ ནང་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུའི་སྐབས་དངོས་སུ་སྒོ་འབྱེད་བྱ་རྒྱུ་ཡིན། རྩ་བའི་ད་ལྟ་སུས་ཚོད་ལྟའི་མཉེན་ཆས་དེ་བེད་སྤྱོད་བྱས་པ་ཡིན་ན་ཡང་མཉེན་ཆས་སྒོ་འབྱེད་རྗེས་དྲ་ཐོག་ནས་ཡར་རྒྱས་ (Update) བཏང་ན་གཅིག་པ་ཆགས་འགྲོ་ཡི་རེད། ཅེས་བརྗོད་སོང་།

དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་དེ་བཟོ་དགོས་པའི་སྐོར་ལ་ཁོང་གིས། སྤྱི་ཚོགས་ཤིག་གི་ཤེས་ཡོན་ཡར་རྒྱས་ཚད་མཐོན་པོར་འགྲོ་དགོས་ཀྱི་ཡོད་ན། དཔེ་མཛོད་དགོས་ཀྱི་ཡོད་པ་དང་དཔེ་མཛོད་ཡོད་པ་ཙམ་གྱི་མི་འགྲིག་པར་དཔེ་དེབ་གང་འདྲ་ཞིག་དགོས་ནའང་བཙལ་ཆོག་ཆོག་ཡིན་དགོས་པ་ནི་ཧ་ཅང་གལ་ཆེན་པོ་རེད། མཉེན་ཆས་འདི་ང་ཚོས་གང་དྲན་བྱས་ནས་བཟོས་པ་ཞིག་མིན་པར། རྒྱ་གར་གྱི་དཔེ་དཔེ་མཛོད་དོ་དམ་པའི་ཡབ་ཆེན་ (Ranganathan) གྱི་དཔེ་མཛོད་རིག་པ་དང་ཨ་རིའི་དཔེ་མཛོད་ཀྱི་འགྲོ་ལུགས། དེ་བཞིན་ཝ་ཎའི་དཔེ་མཛོད་རིག་པའི༷་ལག་དེབ་དང་བོད་ཀྱི་སྡེ་ཚན་དབྱེ་འབྱེད། བོད་ནང་གི་དུང་དཀར་རིན་པོ་ཆེའི་དཔེ་མཛོད་རིག་པའི་གསུང་རྩོམ་སོགས་གཞི་ལ་བཞག་ནས་མཉེན་ཆས་དེ་སྒྲིག་པ་ཞིག་ཡིན། ཅེས་ངོ་སྤྲོད་གནང་སོང་།གསར་འགོད་པས་མཉེན་ཆས་དེ་དཔེ་མཛོད་ཁང་ཁོ་ནའི་ཆེད་བཟོས་པ་ཞིག་ཡིན་མིན་སྐོར་ལ་དྲིས་པར་ཁོང་གིས། སྤྱིར་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་ལ་རིགས་གཉིས་ཡོད་པ་རེད། གཅིག་ནི་མཉེན་ཆས་དེའི་ནང་གློག་ཡིག་འཇུག་རྒྱུ་དང་གཞན་དེ་དཔེ་མཛོད་ཁང་ནང་དཔེ་དེབ་ཉར་ཚགས་བྱེད་པའི་མཉེན་ཆས་ཤིག་རེད། ང་ཚོའི་མཉེན་ཆས་དེ་པྱི་མ་དེའི་ཆེད་རེད། དཔེ་མཛོད་ཆེན་པོ་ཞིག་གི་ནང་གློག་ཀླད་ ༢༥༠ མཐུད་ཆོག་གི་རེད། དེ་མིན་མི་སྒེར་ཞིག་གིས་དཔེ་དེབ་ཀྱི་དཀར་ཆག་ཡར་བླུག་ནས་བེད་སྤྱོད་བཏང་ན་ཡང་འགྲིག་པ་ཞིག་རེད། དཔེ་མཛོད་ཁང་ཞིག་གིས་མཉེན་ཆས་ནང་བླུག་པའི་དཀར་ཆག་དེ་ཚོ་དཔེ་མཛོད་ཁང་གཞན་ཞིག་ལ་སྤྲད་པ་ཡིན་ན་ཡང་འགྲོ་ལུགས་འགྲོ་སྟངས་ཆ་ཚང་མཉེན་ཆས་དེའི་ནང་ཡོད་པ་རེད། ཅེས་བརྗོད་བྱུང་།

བསྐྱར་བཅོས།: ༢༠༡༨/༡༢/༡༡

Leave a Reply

One thought on “བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་ཤིག་བཟོས།

  1. བོདགཞུང་པ་ཚེ་དབང་བསོད་ནམས་་ཉེhེཉའ

    ཤེས་བྱ་མཐའ་མེད་ནམ་མཁའ་སྟོང་པ་འདྲ།
    རིག་པ་གཏིང་མེད་རྒྱ་མཚོ་ཆེན་པོ་འདྲ།
    བུ་རིག་རྩལ་སྙིང་རུས་སུ་ཆེར་བདག།