སློབ་གྲྭ་ཁག་ནང་རྒྱལ་གཅེས་རིང་ལུགས་དྲན་གསོའི་ལས་འགུལ་སྤེལ།

རྒྱ་གཞུང་གིས་མཛོད་དགེ་རྫོང་གི་སློབ་གྲྭ་ཁག་ནང་མེས་རྒྱལ་ལ་དགའ་ཞེན་དགོས་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཞེས་པའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ནས་བཟུང་རྒྱ་གཞུང་གིས་རྔ་བ་ཁུལ་མཛོད་དགེ་ཕྱོགས་ཀྱི་སློབ་གྲྭ་ཁག་ནང་མེས་རྒྱལ་ལ་དགའ་ཞེན་དགོས་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་སྤེལ་བཞིན་ཡོད་པ་དང་། ལས་འགུལ་དེ་མཛོད་དགེ་རྫོང་བོད་ཡིག་སློབ་འབྲིང་དང་། ལྷ་མོ་བོད་ཡིག་སློབ་འབྲིང་། དཔལ་སྐྱིད་བོད་ཡིག་སློབ་འབྲིང་གཙོའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཚང་མས་ནང་སྤེལ་གྱི་ཡོད་འདུག

གནས་ཚུལ་དེའི་ཐད་འབྲེལ་ཡོད་ཅིག་གིས་འདི་གའི་གསར་འགོད་པར། བྱ་འགུལ་དེ་སློབ་གྲྭ་ཚང་མའི་ནང་དུ་སྤེལ་བཞིན་ཡོད་འདུག་མོད། བྱ་འགུལ་དེའི་ནང་དོན་གཙོ་བོ་གུང་ཁྲན་ཏང་དང་མེས་རྒྱལ་ཟེར་བ་ལ་བསྟོད་པ་འབུལ་དགོས་པ་དེ་འདྲ་ཞིག་རེད་འདུག ང་ཚོའི་སློབ་གྲྭའི་ནང་མེས་རྒྱལ་ལ་དགའ་བ་ཞེས་པའི་བརྗོད་གཞིའི་སྟེང་གཞས་སྣ་འགྲན་བསྡུར་འདྲ་བྱས་སོང་བ་ལས་གཞན་དམིགས་ཡུལ་ཅི་ཡིན་སོགས་དམིགས་བསལ་འགྲེལ་བརྗོད་སོགས་གང་ཡང་བྱས་མ་སོང་། ཞེས་བརྗོད་བྱུང་།

དེའི་སྐོར་གྱི་གསར་འགྱུར་ནང་མཛོད་དགེ་རྫོང་གི་སློབ་གྲྭ་སོ་སོ་ནས་རྒྱལ་གཅེས་རིང་ལུགས་ཀྱི་དགོངས་དོན་དང་བླངས་སྒོས་དྲན་གསོའི་བྱེད་སྒོ་རིམ་པར་སྤེལ་བ་དང་། བྱེད་སྒོའི་སྐབས་སློབ་གྲྭ་སོ་སོའི་སློབ་མ་ཚོས་རིག་རྩལ་འདྲ་མིན་གྱི་ལམ་ནས་རྒྱལ་གཅེས་རིང་ལུགས་ཀྱི་དགོངས་དོན་ལ་དྲན་གསོ་བྱས་ཡོད་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐབས་མཛོད་དགེ་རྫོང་གི་བོད་ཡིག་སློབ་གྲྭ་ཁག་ནང་སློབ་མ་མང་པོས་ངོ་རྒོལ་སྐད་འབོད་དང་རྩོམ་ཡིག་གི་ལམ་ནས་ཞི་རྒོལ་ཆེན་མོར་རྗེས་དྲན་བྱས་སྟབས། རྒྱ་གཞུང་གིས་སློབ་གྲྭ་དེ་དག་ནང་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། སྐབས་དེའི་གནས་ཚུལ་དང་བསྟུན་སློབ་མ་དང་དགེ་རྒན་མང་པོ་ཞིག་སློབ་གྲྭའི་ནང་ཕྱིར་ཕུད་དང་། དགེ་རྒན་ཚོས་སློབ་གསོའི་འདང་གི་མེད་སྐོར་བརྗོད་ནས་སློབ་གྲྭ་ཁག་ནང་རྒྱ་ནག་གཞུང་གི་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་ཡོད་པ་རེད།

སྤྱིར་རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བོད་ཁུལ་གྱི་སློབ་གྲྭ་ཁག་ནང་ཆབ་སྲིད་བསམ་བློའི་སློབ་གསོ་ཟེར་བ་སོགས་ཀྱི་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་པ་དང་། དེ་བཞིན་བོད་ཡིག་སློབ་གྲྭ་མང་པོའི་ནང་བོད་ཡིག་བོད་སྐད་སློབ་པ་ཡིས་སློབ་གསོ་ལོག་ལམ་དུ་འགྲོ་ཡི་ཡོད་ཚུལ་བརྗོད་ནས་བོད་ཡིག་སློབ་གྲྭ་ཁག་ནང་རྒྱ་ཡིག་གི་སློབ་ཚན་ཇེ་མང་དུ་གཏོང་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ལོར་བོད་ནས་གསར་དུ་རྒྱ་གར་ལ་འབྱོར་བ་ཞིག་གིས་འདི་གའི་གསར་ཁང་ལ་ང་ཚོའི་ས་ཁུལ་གྱི་སློབ་གྲྭ་ཁག་ལ་མཚོན་ན་ཡང་། སྔར་དང་མི་འདྲ་བའི་སྲིད་བྱུས་འདྲ་མིན་ཞིག་ལག་ལེན་དུ་བསྟར་གྱིན་འདུག  སྔོན་མ་བོད་སྐད་ཡིག་ཙམ་དུ་མ་ཟད། བསམ་བློའི་ཀུན་སྤྱོད་དང་ལོ་རྒྱུས་སོགས་སློབ་ཚན་མང་ཆེ་བ་བོད་ཡིག་ཐོག་འཁྲིད་ཀྱི་ཡོད་ཀྱང་། ཉེ་བའི་ལོ་ཤས་རིང་དེ་དག་ལ་བསྒྱུར་བཅོས་བཏང་སྟེ། ད་ཆར་སློབ་ཚན་ཕལ་ཆེ་བ་རྒྱ་ཡིག་ཁོ་ནའི་ཐོག་འཁྲིད་བཞིན་འདུག་ལ། སློབ་གྲྭའི་སློབ་ཚན་ཙམ་དུ་མ་ཟད། ད་ཆར་སློབ་ཕྲུག་ཚོར་རྒྱ་ནག་གི་ཁྲིམས་ལུགས་དང་སྲིད་ཇུས་སྣ་ཚོགས་ངོ་སྤྲོད་བྱེད་ཀྱིན་འདུག་ལ། དེ་དག་མང་ཆེ་བ་རྒྱ་ནག་གི་ཆབ་སྲིད་ཀྱི་དགོས་མཁོ་སྒྲུབ་བྱེད་ཤ་སྟག་ཡིན་སྐོར་བརྗོད་འདུག

མཛོད་དགེ་རྫོང་ནི་ད་ལྟའི་རྒྱ་ནག་གི་བཅད་བགོས་བྱས་ཡོད་པའི་རྔ་བ་ཁུལ་ཟེར་བའི་ནང་བོད་ཡིག་གི་སློབ་གྲྭ་མང་ཤོས་གྲས་ཀྱི་རྫོང་ཞིག་ཡིན་པ་དང་། བཞག་ལྡོམ་གྲོང་བརྡལ་དུ་ཡོད་པའི་ལྷ་མོ་བོད་ཡིག་སློབ་འབྲིང་ནི་རྔ་བ་ཁུལ་གྱི་བོད་ཡིག་སློབ་གྲྭ་ཆེས་ཐོག་མ་དེ་ཡིན་པ་དང་། སློབ་གྲྭ་དེ་བོད་ཀྱི་ཕྱུག་སྨན་གསོ་རིག་ཐོག་གྲགས་ཆེ་བའི་ཨ་ཁུ་རྗེ་བློ་བཟང་ཉི་མ་ཚང་གིས་རིག་གསར་ཞི་འཇགས་ཡོང་བ་དང་བསྟུན་གསར་འཛུགས་གནང་ཡོད་པ་དང་། དང་ཐོག་དགེ་རྒན་ལྔ་དང་སློབ་མ་བདུན་ལས་མེད་པས་ལྔ་བདུན་སློབ་གྲྭ་ཡང་འབོད་སྲོལ་ཡོད་པ་དང་། བར་སྐབས་ཤིག་ལ་མདོ་དབུས་ཁམས་གསུམ་ནས་སློབ་གྲྭ་དེར་ཡོང་མཁན་སློབ་མ་སྟོང་ཕྲག་མང་པོ་བྱུང་ཡོད་པ་མ་ཟད། དེང་སང་བོད་ཁུལ་ན་སྐབས་དེའི་སློབ་མ་སྨན་དང་རིག་གནས་ཐོག་མཁས་པ་ཡིན་པའི་མི་སྣ་མང་པོ་ཡོད་ན་ཡང་། རྗེས་སུ་རྒྱ་ནག་གཞུང་གིས་མདོ་སྟོད་དང་དབུས་གཙང་ཕྱོགས་ཀྱི་སློབ་མ་སློབ་གྲྭ་དེར་ཡོང་མི་ཆོག་པ་བཟོས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༢/༡༡

Leave a Reply