ཧྥ་རན་སིའི་ནང་རྒྱལ་ཡོངས་རང་བཞིན་གྱི་སྟོད་གོས་སེར་པོའི་ངོ་རྒོལ་ལས་འགུལ་བྱུང་།

ཧྥ་རན་སིའི་ནང་རླངས་འཁོར་གྱི་སྣུམ་གོང་ཆེ་རུ་ཕྱིན་པ་དང་གཞུང་ཁྲལ་མཐོ་བ་ཡོང་འབབ་ཉུང་བ་སོགས་ཀྱི་དཀའ་ངལ་འོག་རྒྱལ་ཡོངས་སྟོད་གོས་སེར་པོའི་ངོ་རྒོལ་ལས་འགུལ་བྱུང་བ་དེར་རྒྱལ་ཁ་ཐོབ་ཀྱི་ཡོད་འདུགའདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༧ ནས་མགོ་འཛུགས་ཀྱིས་འདས་པའི་བདུན་ཕྲག་བཞི་ལྷག་གི་རིང་། ཧྥ་རན་སི་རྒྱལ་ཡོངས་ནང་མི་མང་འབུམ་ ༣ ་མ་ཟིན་ཙམ་ཞིག་གིས། ཧྥ་རན་སིའི་ནང་རླངས་འཁོར་གྱི་སྣུམ་རིན་དང་གཞུང་ཁྲལ་མཐོ་བ། ཡོང་འབབ་དམའ་བ་ལ་སོགས་བརྗོད་དེ་གཞུང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ད་ལྟའི་བར་ལས་འགུལ་དེའི་རྐྱེན་པས་མི་གྲངས་ ༢ ་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། ངོ་རྒོལ་བ་ ༨༦༤ ལརྨས་སྐྱོན་ཐེབས། མི་ ༢༢༣༠ ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག  ངོ་རྒོལ་ལས་འགུལ་ཁྲོད་ཡུ་སྒོར་ས་ཡ་ ༡།༥ ལྷག་གི་གཞུང་དངོས་གཏོར་སྐྱོན་བཏང་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག

བྷི་བྷི་སི་གསར་ཁང་གི་གནས་ཚུལ་ལྟར་ན། ངོ་རྒོལ་ལས་འགུལ་སྔར་ལས་ཉེན་ཚབས་ཆེ་རུ་འགྲོ་བཞིན་པའི་ཛ་དྲག་གནས་སྟངས་ཆགས་ཀྱི་ཡོད་པར་བརྟེན། ཁ་སང་ཧྥ་རན་སིའི་སྲིད་འཛིན་ཨེ་མེ་ནུལ་མེ་ཁོ་རོན་(Emmanuel Macron)ལགས་ཀྱིས། ཐོག་དང་པོར་ལས་འགུལ་དང་འབྲེལ་བའི་གཞུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཧྥ་རན་སིའི་མི་མང་ལ་ལས་འགུལ་དེ་དང་འབྲེལ་ནས་དགོངས་སེལ་ཞུས་ཡོད་པ་དང་། ཚང་མས་ཧྥ་རན་སི་ཡི་ད་ལྟའི་གནས་སྟགས་ཛ་དྲག་པོ་དེ་སེལ་ཐབས་ལ་ནུས་པ་མཉམ་སྤུངས་བྱེད་དགོས་པའི་རེ་སྐུལ་ཞུས་ཡོད་པ་མ་ཟད། ངོ་རྒོལ་བའི་རེ་འདོད་བཞིན་གང་མགྱོགས་རླངས་འཁོར་གྱི་སྣུམ་ཁྲལ་ཆག་ཡང་གཏོང་རྒྱུ་ཡིན་པ་མ་ཟད། ཕྱི་ལོའི་ལོ་འགོ་ནས་བཟུང་ཉུང་མཐར་ཟླ་རེའི་ཡོང་འབབ་ཡུ་སྒོར་ ༡༠༠ རེ་སྤར་རྒྱུ་ཡིན་སྐོར་བསྒྲགས་ཡོད་ཀྱང་། ངོ་རྒོལ་བའི་ཁྲོད་ན་ད་དུང་སྲིད་འཛིན་མེ་ཁོ་རོན་གྱི་ཐག་གཅོད་དེར་འདོད་བློ་མ་ཁེངས་པའི་རྣམ་པ་ཤུགས་ཆེན་པོ་སྟོན་གྱི་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༡༥ རེས་གཟའ་སྤེན་པ་ཉིན་ཡང་བསྐྱར་ངོ་རྒོལ་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག

ཧྥ་རན་སིའི་ཁྲིམས་ལུགས་ལྟར་ན། གཞུང་ལམ་གཡས་གཡོན་དུ་རླངས་འཁོར་འཇོག་སྐབས་ཉེན་ཡོལ་ཆེད། རྒྱང་ནས་མངོན་གསལ་ཆེ་བའི་མདོག་སེར་པོའི་གོས་རེས་སོགས་རླངས་འཁོར་གྱི་ཉེ་མཁྲིས་དེར་སྒྲེང་དགོས་ཀྱི་ཡོད་སྟབས། རླངས་འཁོར་གཏོང་སྐབས་ངེས་པར་དུ་གོས་རས་སེར་པོ་ཞིག་མཉམ་འཁུར་བྱེད་ཀྱི་ཡོད་འདུག དེར་བརྟེན་ཐེངས་འདིའི་ཧྥ་རན་སིའི་ལས་འགུལ་བ་རྣམས་ཀྱིས་རང་ཉིད་སྟོད་གོས་སེར་པོ་(Yellow Vest)ཡིན་ཞེས་བརྗོད་དེ། ཐོག་མའི་ཆར་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་མིང་ཐོག་ནས་རླངས་འཁོར་གྱི་སྣུམ་རིན་བསྟུད་མར་སྤར་བ་དེར་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་ཀྱང་། རིམ་པས་ལས་འགུལ་གྱི་དམིགས་ཡུལ་རྒྱ་ཆེ་རུ་ཕྱིན་ཏེ། ད་ལྟའི་ཆར་སྣུམ་རིན་ཙམ་མིན་པར། ཟླ་རེའི་ཉུང་མཐའི་ཡོང་འབབ་དང་། འཚོ་བའི་གནས་བབ། གཞུང་ཁྲལ། འཛིན་སྐྱོང་གྱི་སྲིད་བྱུས་སོགས་གནད་དོན་མི་ཉུང་བ་ཞིག་གི་ཐོག་ལ་ངོ་རྒོལ་བྱེད་ཀྱི་ཡོད་འདུག་པ་དང་། ཉམས་ཞིབ་བྱས་པ་ལྟར་ན། ཧྥ་རན་སིའི་མི་མང་གི་བརྒྱ་ཆ་ ༥༠ ལས་མང་བ་ཞིག་གིས་ལས་འགུལ་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག

སྟོད་གོས་སེར་པོའི་ལས་འགུལ་དེ་ཕྱི་ཟླ་ ༡༡ ཚེས་ ༡༧ ཉིན་ཐོག་མར་མགོ་འཛུགས་ཀྱིས། ཕྱི་ཟླ་ ༡༡ པའི་ཚེས་ ༢༤ དང་། དེ་ནས་ཟླ་འདིའི་ཚེས ༡ དང་། ༨ བཅས་འདས་པའི་བདུན་ཕྲག་བཞིའི་རེས་གཟའ་སྤེན་པ་ནམ་ཡིན་ལ་སྤེལ་ཡོད་པ་དང་། ལས་འགུལ་དེ་ཐོག་མའི་ཆར་ཞི་བའི་ལས་འགུལ་ཞིག་གི་རྣམ་པའི་ཐོག་ནས་མགོ་བརྩམས་ཡོད་ཀྱང་། རིམ་པས་ཉེན་ཚབས་ཆེ་བའི་དྲག་རྒོལ་གྱི་རྣམ་པར་གྱུར་ཏེ། ཧྥ་རན་སིའི་རྒྱལ་ས་པ་རི་སི་གཙོས་པའི་གྲོང་འཁྱེར་ཁག་ནང་གཞུང་ལམ་བཀག་པ་དང་། རླངས་འཁོར་མེར་བསྲེགས་བཏང་བ། སྒེར་གྱི་ཚོང་ཁང་དང་ཟ་ཁང་སོགས་གཏོར་བཅོམ་བྱས་པ་མ་ཟད། དྲག་ཆས་ཉེན་རྟོག་པར་འཁྲུག་འཛིང་བྱས་ཡོད་སྟབས ཟླ་འདིའི་ཕྱི་ཚེས་ ༨ ཉིན་གྱི་ངོ་རྒོལ་ལས་འགུལ་བྱུང་རྗེས། ཧྥ་རན་སི་གཞུང་གིས་རྒྱལ་ཡོངས་ནང་ཁྱོན་ཉེན་རྟོག་པ་ ༨༩,༠༠༠ འགྲེམ་འཇོག་བྱས་ཡོད་པ་དང་། ཡུལ་སྐོར་སྤྲོ་འཆམ་པ་འཁོར་སའི་ཨེ་ཧྥིལ་ཊོ་ཝར་(Eiffel Tower)དང་། ལོ་ཝར་དང་ཨོར་སེ་འགྲེམ་སྟོན་ཁང་(Louvre and Orsay Museum)སོགས་གནས་སྐབས་སྒོ་བརྒྱབས་ཡོད་འདུག

སྤྱིར་ཐེངས་འདིའི་ངོ་རྒོལ་ལས་འགུལ་དེའི་རྐྱེན་གཙོ་བོ་ཞིག་སྲིད་འཛིན་མེ་ཁོ་རོན་ལ་ཐུག་ཡོད་པར་བརྗོད་ཀྱི་འདུག ཧྥ་རན་སིའི་མི་མང་པོས་རང་ལོ་ ༤༠ ཡིན་པའི་ཨེ་མུལ་མེ་ཁོ་རོན་ཕྱི་ལོ་ ༢༠༡༧ ལོར་ཧྥ་རན་སི་ཡི་སྲིད་འཛིན་དུ་འོས་འདེམས་བྱུང་བ་ནས་བཟུང་། ད་བར་གཞུང་ཁྲལ་སོགས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཆེད་འགྱུར་བ་དམིགས་བསལ་ཞིག་བཏང་ཐུབ་མེད་པ་མ་ཟད། མི་སེར་དཀྱུས་མའི་དཀའ་ངལ་ལ་དོ་སྣང་མེད་པར་ཚོང་གཉེར་ཕྱུག་བདག་རྣམས་ཀྱི་ཆེད་དུ་ཁྲལ་འབབ་ཆག་ཡང་བཏང་བ་སོགས་འདྲ་མཉམ་མིན་པའི་སྲིད་བྱུས་ལག་བསྟར་བྱས་པར་བརྟེན། མེ་ཁོ་རོན་ནི་ཕྱུག་བདག་གི་སྲིད་འཛིན་རེད་ཅེས་སྐྱོན་བརྗོད་བྱེད་མཁན་མི་ཉུང་བ་ཞིག་ཡོད་འདུག་པ་མ་ཟད། ཐེངས་འདིའི་ངོ་རྒོལ་ལས་འགུལ་ནང་། མེ་ཁེ་རོན་སྲིད་འཛིན་གོ་གནས་ནས་འབབ་དགོས་ཞེས་པའི་སྦྱར་ཡིག་དང་སྐད་འབོད་བྱེད་མཁན་མང་པོ་ཡོད་འདུག སྟོད་གོས་སེར་པོའི་ལས་འགུལ་དེའི་ཤུགས་རྐྱེན་གྱིས་ཨི་ཊ་ལི་(Italy)ནང་དུའང་དྲ་ཐོག་ལས་འགུལ་ཞིག་མགོ་བརྩམས་ཏེ། དེར་རྒྱབ་སྐྱོར་བྱེད་མཁན་སྟོང་ཕྲག་མང་པོ་ཐོན་གྱི་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༢/༡༡

Leave a Reply