རྒྱ་ནག་གིས་ཁ་ན་ཌའི་ཕྱི་འབྲེལ་སྐུ་ཚབ་ཟུར་པ་ཞིག་འཛིན་བཟུང་བྱས།

རྒྱ་ནག་གིས་ཁ་ན་ཌའི་ཕྱི་འབྲེལ་སྐུ་ཚབ་ཟུར་པ་མེ་ཁལ་ཀོབ་རིག་འཛིན་བཟུང་བྱས་པ་དེ་ནི་ཧྭ་ཝེའི་ནོར་དོན་སྤྱི་གཉེར་བ་མེང་ཝན་ཀྲུའུ་ཡི་གནད་དོན་ལ་ཡ་ལན་སློག་གི་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་འདུགདེ་རིང་ཞོགས་པར་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་གྱི་དགོང་མོར་རྒྱ་ནག་གིས་ཁ་ན་ཌའི་ཕྱི་འབྲེལ་སྐུ་ཚབ་ཟུར་པ་དང་། ད་ལྟ་རྒྱལ་སྤྱིའི་དཀའ་ཉེན་ཚོགས་པའི་(The International Crisis Group)བྱང་ཤར་ཨེ་ཤ་ཡའི་སློབ་སྟོན་པ་རྒན་པའི་ལས་འཁུར་ཞུ་བཞིན་པའི་མེ་ཁལ་ཀོབ་རིག་(Michael Kovrig)ཅེས་པ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། ཁ་ན་ཌའི་སྲིད་བློན་ཊུ་ཌི་(Trudeau)ལགས་ཀྱིས་ཁ་ན་ཌ་གཞུང་ནས་གནད་དོན་དེར་དོ་འཁུར་ཆེན་པོ་བྱས་ནས་རྒྱ་ནག་གཞུང་དང་ཐད་ཀར་གྲོས་མོལ་བྱེད་བཞིན་ཡོད་སྐོར་བརྗོད་འདུག

ཡང་ཁ་ན་ཌའི་མི་མང་བདེ་འཇགས་བློན་ཆེན་རལ་ཧྥེ་གྷུ་ཌེལ་(Ralph Goodale)གྱིས་གསར་འགོད་པར། ད་ལྟའི་ཆར་སྐུ་ཞབས་ཀོབ་རིག་འཛིན་བཟུང་བྱས་པའི་གནད་དོན་དེ། ཉེ་ཆར་ཁ་ན་ཌ་གཞུང་གིས་ཧཱ་ཝེའི་ནོར་དོན་སྤྱི་གཉེར་བ་མེང་ཝན་ཀྲུའུ་(Meng Wanzhou)འཛིན་བཟུང་བྱས་པའི་གནད་དོན་དང་ཐད་ཀར་འབྲེལ་བ་ཡོད་པའི་དཔང་རྟགས་གང་ཡང་མེད་ཚུལ་བརྗོད་ཡོད་ཀྱང་།  པེ་ཅིན་གྱི་ཁ་ན་ཌའི་གཞུང་ཚབ་ཟུར་པ་ཌེ་ཝི་ཌི་མུལ་རོ་ཎི་(David Mulroney) ཡིས། རྒྱ་ནག་གིས་སྐུ་ཞབས་ཀོབ་རིག་འཛིན་བཟུང་བྱས་པ་དེ་ཁ་ན་ཌས་མེང་ཝན་ཀྲུའུ་ཡི་གནད་དོན་དེར་ཡ་ལན་སྤྲད་པ་ཞིག་ཡིན་སྲིད་སྐོར་བརྗོད་ཡོད་པ་རེད།

རྒྱལ་སྤྱིའི་དཀའ་ཉེན་ཚོགས་པ་(International Crisis Group)ཡིས་གནས་ཚུལ་དེའི་སྐོར་ལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། མེ་ཁལ་པེ་ཅིན་དུ་གཟའ་ཟླ་བའི་དགོང་མོར་རྒྱ་ནག་གི་བདེ་འཇགས་མི་སྣས་འཛིན་བཟུང་བྱས་ཡོད་པདང་། ང་ཚོས་མུ་མཐུད་མེ་ཁལ་གྱི་གནད་དོན་དང་བདེ་འཇགས་སྐོར་གྱི་གནས་ཚུལ་སྤྲོད་རྒྱུར་སྐུལ་མ་བྱེད་བཞིན་ཡོད། ཅེས་བརྗོད་འདུགཟླ་འདིའི་ཕྱི་ཚེས་ ༡ ཉིན་ཨ་རིའི་རེ་སྐུལ་བཞིན་ཁ་ན་ཌ་གཞུང་གིས་མེང་ཝན་ཀྲུའུ་འཛིན་བཟུང་བྱས་ཡོད་པ་ལྟར། ཁ་སང་རེས་གཟའ་མིག་དམར་ཉིན་མེང་ལ་ཉན་ཞིབ་ཐེངས་གསུམ་པ་ཚོགས་པའི་ཐོག གཏའ་དངུལ་ཨ་སྒོར་ས་ཡ་ ༧།༥  བཞག་སྟེ་མེང་ཝན་ཀྲུའུ་གནས་སྐབས་ཀློད་གྲོལ་གཏོང་རྒྱུ་ཡིན་པའི་ཐག་གཅོད་བྱུང་ཡོད་ཀྱང་། ཁ་ན་ཌའི་ཁྲིམས་ཁང་གིས་མོའི་ཕྱིར་སྐྱོད་ཐོངས་མཆན་ཕྱིར་བསྡུ་བྱས་པ་དང་། ཁ་ན་ཌའི་ཝན་ཁོ་ཝར་(Vancouver) གྲོང་འཁྱེར་གྱི་ཕྱི་ལོགས་སུ་འགྲོ་སྐྱོད་མི་ཆོག་པ། དགོང་དྲོའི་ཆུ་ཚོད་ ༡༡ ནས་ཞོགས་པའི་ཆུ་ཚོད་ ༦ པའི་བར་ངེས་པར་དུ་རང་ཁྱིམ་དུ་སྡོད་དགོས་པའི་བཀའ་རྒྱ་བཏང་ཡོད་པ་མ་ཟད། ཀློད་གྲོལ་གྱི་དུས་ཡུན་རིང་མོས་རྗེས་འདེད་རྐང་གདུབ་ཅིག་གྱོན་དགོས་པའི་བཀའ་བཏང་ཡོད་འདུག

སྐུ་ཞབས་མེ་ཁལ་ཀོབ་རིག་ལགས་ནི་ཕྱི་ལོ་ ༢༠༡༧ ལོའི་ཕྱི་ཟླ་ ༢ ནས་བཟུང་སྦེལ་ཇམ་གྱི་རྒྱལ་ས་བྷ་རུ་སིལ(Brussels)དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་རྩོད་རྙོག་འདུམ་འགྲིག་སྐོར་ལ་ཞིབ་འཇུག་བྱེད་མཁན་གྱི་རྒྱལ་སྤྱིའི་དཀའ་ཉེན་ཚོགས་པའི་བྱང་ཤར་ཨེ་ཤ་ཡ་ཚན་པའི་སློབ་སྟོན་པ་རྒན་པའི་ལས་འཁུར་བཞིན་ཡོད་པ་དང་། དེ་སྔོན་ཕྱི་ལོ་ ༢༠༡༠ ནས་ ༢༠༡༦ བར་ཁ་ན་ཌའི་ཕྱི་སྲིད་ལྷན་ཁང་ནང་ཕྱག་ལས་གནང་སྐབས། ཕྱི་ལོ་ ༢༠༡༢ དང་ ༢༠༡༦ ལོར་ཧོང་ཀོང་དང་པེ་ཅིན་ནང་གནས་སྤོས་ཀྱིས་ཕྱི་འབྲེལ་སྐུ་ཚབ་པའི་ལས་འཁུར་ཞུས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༢/༡༢

Leave a Reply