ཨ་རིའི་གྲོས་ཚོགས་གོང་མ་ནས་བོད་ནང་འགྲོ་སྐྱོད་ཆོག་པའི་གྲོས་འཆར་དེར་རྒྱབ་སྐྱོར་ཚད་མཐོ་བོ་ཐོབ་རྗེས་སྲིད་འཛིན་ཊོམ་ཕུ་མཆོག་གིས་མཚན་རྟགས་འགོད་པར་ཕོ་བྲང་དཀར་པོར་བསྐུར་གནང་ཡོད་འདུག
འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༥ ཉིན་བོད་ནང་འགྲོ་འོང་ཆོག་པའི་གྲོས་འཆར་དེར་ཨ་རིའི་གྲོས་ཚོགས་འོག་མས་རྒྱབ་སྐྱོར་ཤུགས་ཆེན་པོ་ཐོབ་སྟེ། ཕྱི་ཟླ་ ༩ ཚེས་ ༢༦ ཉིན་ཨ་རིའི་གྲོས་ཚོགས་གོང་མར་ཕུལ་ཏེ། དེ་རིང་གྲོས་ཚོགས་གོང་མའི་འཐུས་མི་ཚོས་གྲོས་འཆར་དེར་རྒྱབ་སྐྱོར་ཚད་མཐོ་བོ་གནང་ཡོད་པ་དང་། ད་ལྟ་སྲིད་འཛིན་ཊོམ་ཕུ་ཡིས་མཚན་རྟགས་འགོད་ཆེད་ཕོ་བྲང་དཀར་པོར་བསྐུར་གནང་ཡོད་འདུག
གྲོས་འཆར་དེར་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་མཁན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རོ་བྷར་ཊི་མེ་ནེན་ཌི་ཛི་(Robert Menendez) ལགས་ཀྱིས། བོད་ནང་འགྲོ་འོང་ཆོག་པའི་ཁྲིམས་འཆར་དེ་ང་ཚོའི་རིན་ཐང་རྩིས་སྲོལ་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་དང་། ཁྲིམས་འཆར་དེ་འདི་ལོ་མ་རྫོགས་གོང་སྲིད་འཛིན་གྱི་མདུན་ལྕོག་སྟེང་འབྱོར་རྒྱུ་ཡིན་པ་དེར་དགའ་པོ་བྱུང་། ཞེས་གསུངས་ཡོད་པ་དང་། ཡང་ཁོང་གིས། ཁྲིམས་འཆར་དེ་གཞི་རྩའི་ཆ་ནས་དྲང་བདེན་གྱི་སྐོར་ནས་ཡིན་པ་དང་། རྒྱ་ནག་གི་མི་སེར་རྣམས་ཨ་རིའི་ནང་འགྲོ་འོང་ཆོག་གི་ཡོད་ཀྱང་། ཨ་རིའི་སློབ་མ་དང་། གསར་འགོད་པ། དེ་བཞིན་བོད་ནས་ཡིན་པའི་ཨ་རིའི་བོད་མི་རྣམས་བོད་ནང་སྐྱོད་ཆོག་གི་མེད་པ་རེད། གནས་སྟངས་དེ་ནི་ཧ་ཅང་ཐབས་སྡུག་པོ་རེད་བསམ་གྱི་ཡོད་པ་དང་། གལ་ཏེ་རྒྱ་ནག་གིས་རང་གི་མི་སེར་རྣམས་ཨ་རིའི་ནང་རང་དབང་ཡོད་པའི་སྒོ་ནས་འགྲོ་འོང་ཆོག་པ་ཞིག་འདོད་ཀྱི་ཡོད་ན། ཨ་རིའི་མི་སེར་རྣམས་ཀྱང་བོད་ཚུད་པའི་རྒྱ་ནག་ནང་རང་དབང་གི་ཐོག་ནས་འགྲོ་ཆོག་པར་བཟོ་དགོས་ཚུལ་བརྗོད་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་(The International Campaign for Tibet )གིས་གནས་ཚུལ་སྤེལ་བ་ལྟར་ན། ཁྲིམས་འཆར་དེ་གཏན་འབེབ་བྱས་རྗེས། ཨ་རིའི་རྒྱལ་དོན་དྲུང་ཆེ་ཡིས་ཉིན་གྲངས་ ༩༠ རིང་བོད་ནང་འགྲོ་འོང་གི་ཚད་གཞི་དང་གནས་སྟངས་ཇི་འདྲ་ཆགས་ཡོད་མེད་ཀྱི་སྐོར་ནས་རྟོག་ཞིབ་བྱེད་དགོས་ཀྱི་ཡོད་པ་དང་། ཨ་རིའི་མི་སེར་རྣམས་བོད་ནང་འགྲོ་འོང་བྱེད་པར་བཀག་སྡོམ་བྱེད་མཁན་གྱི་རྒྱ་རིགས་མགོ་འཁྲིད་ཁག་གི་ཐོ་གཞུང་ཞིག་བཏོན་ཏེ། མགོ་མཁྲིད་དེ་དག་ཨ་རིའི་ནང་འགྲོ་འོང་ཆོག་རྒྱུའི་ཐོངས་མཆན་མེད་པར་བཟོ་རྒྱུ་ཡིན་འདུག
ཁྲིམས་འཆར་དེ་ཐོག་མར་ཨ་རིའི་གྲོས་ཚོགས་འོག་མའི་ནང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་(Jim McGovern)ལགས་དང་། རན་ཌི་ཧལ་གྷན་(Randy Hultgren)ལགས་གཉིས་ཀྱིས་བཏོན་གནང་ཡོད་པ་དང་། དེ་ནས་གྲོས་ཚོགས་གོང་མའི་ནང་འཐུས་མི་སྐུ་ཞབས་མར་ཁོ་རུ་བྷི་ཡོ་(Marco Rubio) ལགས་དང་། སྐུ་ཞབས་ཊེ་མི་བྷལ་ཌི་ཝིན་(Tammy Baldwin) ལགས་གཉིས་ཀྱིས་བཏོན་གནང་ཡོད་པ་དང་། གྲོས་འཆར་དེར་སྲིད་འཛིན་ཊོམ་ཕུས་མཚན་རྟགས་བསྐྱོན་པ་ཡིན་ན། རྒྱ་ནག་གཞུང་ཕྱོགས་ནས་དྭང་ལེན་བྱེད་མིན་ལ་མ་ལྟོས་པར་རྒྱལ་ཁབ་གཉིས་བར་འདྲ་མཉམ་གྱི་ཐོག་ནས་འགྲོ་འོང་བྱེད་པའི་ཁྲིམས་གཞི་ཞིག་ཆགས་ཀྱི་ཡོད་པ་རེད།
གསར་འགོད་པ། པ་སངས་ཚེ་རིང་།