གྷོ་གྷུལ་ལ་ཉན་ཞིབ་བྱས།

གྷོ་གྷུལ་བཟོ་ཚོང་ཁང་གི་སྤྱི་ཁྱབ་འགན་འཛིན་སན་དྷར་པེ་ཆའེ་ (Sundar Pichai) ཡིས་རྒྱ་ནག་ལ་ལྟ་ཞིབ་དང་བཀག་སྡོམ་ཅན་གྱི་འཚོལ་བཤེར་མ་ལག་ཞིག་བཟོ་སྐྲུན་བྱེད་བཞིན་ཡོད་མེད་ལན་འདེབས་བྱས་མི་འདུགཁ་སང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་མངའ་སྡེའི་གྲོས་ཚོགས་ཁང་དུ། གྷོ་གྷུལ་ཚོང་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་སན་ཌར་པེ་ཆའེ་ (Sundar Pichai) འབོད་འགུག་གིས་འབུ་བླ་མ་མ་ཎིའི་ལས་གཞིའི་ཐད་ཉན་ཞིབ་མགོ་འཛུགས་ཡོད་པ་དང་། ཉན་ཞིབ་དང་བསྟུན་གྲོས་ཚོགས་ཁང་གི་ཕྱི་རུ་བོད་རང་བཙན་སློབ་ཕྲུག་ཚོགས་པས་གཙོས་བོད་མི་རྣམས་དང་ཡུ་གུར་བ་སོགས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་གྱི་ཡོད་པ་རེད།

ཉན་ཞིབ་གྱི་ཐོག་མར་ཁ་ལེ་ཧྥོར་ནེ་ཡའི་འཐུས་མི་ཁེ་ཝིན་མག་ཁར་ཊི་ (Kevin McCarthy)ཡིས། རྒྱ་ནག་ནང་བཀག་སྡོམ་ཅན་གྱི་གྷོ་གྷུལ་འཚོལ་ཞིབ་མ་ལག་བཟོ་སྐྲུན་བྱས་པ་དེས། རྒྱ་ནག་མི་མང་ལ་གཉའ་གནོན་དང་ཉུལ་ཞིབ་ཀྱི་སྟངས་འཛིན་མ་ལག་སྲ་བརྟན་ཏུ་གཏོང་བཞིན་ཡོད་པ་མ་རེད་དམ་ཅེས་དྲིས་པར། གྷོ་གྷུལ་ཚོང་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་སན་དྷར་པེ་ཆའེ་ (Sundar Pichai) ཡིས། ང་ཚོས་ཁྲོམ་ར་གསར་པའི་ནང་རྒྱ་སྐྱེད་གཏོང་གི་ཡོད་ནའང་། ང་ཚོས་ཨ་རིའི་རྩ་བའི་རིན་ཐང་དག་ནམ་ཡང་བརྗེད་ཀྱི་མེད། ངས་སྣེ་འཁྲིད་པའི་བཟོ་ཚོང་ཁང་འདིས་ཆབ་སྲིད་ཐད་ཕྱོགས་རིས་མི་བྱེད་པར་མུ་མཐུད་ཐོན་རྫས་རྣམས་ཐོན་སྐྱེད་བྱ་རྒྱུ་ཡིན། ཆབ་སྲིད་ཀྱི་ཕྱོགས་རིས་ནི་ང་ཚོའི་རྩ་བའི་དམ་བཅའ་དང་ཚོང་གི་ཁ་ཕྱོགས་དང་འགལ་བ་རེད། ཅེས་བརྗོད་འདུག

དེའི་རྗེས་འཐུས་མི་ཌཱ་ཝེ་ཌི་སི་སིལ་ལན (David Cicilline) གྱིས་འབུ་བླ་མ་མ་ཎིའི་ལས་གཞི་དེ་ནི་ཉེ་ཆར་གྷོ་གྷུལ་གྱིས་བཏོན་པའི་བཅོས་མའི་ཤེས་རབ་ཀྱི་རྩ་དོན་ནང་རྒྱལ་སྤྱིའི་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་འགལ་གྱི་ཐོན་རྫས་མི་བཟོ་བ་དང་། ཐོན་རྫས་དེ་དག་གཞན་ལ་འཚོང་འགྲེམ་མི་བྱེད་པ་བཀོད་ཡོད་པ་དེ་རྩིས་མེད་ཕྱིན་ཡོད་སྐོར་བརྗོད་པར་གྷོ་གྷུལ་སྤྱི་ཁྱབ་འགན་འཛིན་གྱིས། འབུ་བླ་མ་མ་ཎིའི་འཚོལ་ཞིབ་མ་ལག་དེ་ནི་གྷོ་གྷུལ་རང་གི་ལས་གཞི་ཞིག་ཡིན་པ་ལས་རྒྱ་ནག་ལ་བཟོ་ཡི་མེད་སྐོར་བསྐྱར་ནན་གྱིས་འགྲེལ་བརྗོད་བྱས་འདུག་པ་དང་། རྒྱ་ནག་ལ་ལྟ་ཞིབ་དང་བཀག་སྡོམ་ཅན་གྱི་འཚོལ་བཤེར་མ་ལག་ཞིག་བཟོ་སྐྲུན་བྱེད་བཞིན་ཡོད་མེད་དྲིས་པར་ལན་འདེབས་བྱས་མི་འདུག

ཁ་སང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་ ༦༠ ཙམ་གྱིས་གྷོ་གྷུལ་གྱི་ལས་གཞི་དེས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོལ་རོལ་གཏོང་གི་ཡོད་པའི་རེ་ཞུ་ཡི་གེ་ཞིག་གྷོ་གྷུལ་ཚོང་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་སན་དྷར་པེ་ཆའེ་ལ་སྤྲད་ཡོད་པ་དང་། ཉན་ཞིབ་ཚོགས་འདུའི་སྐབས་གྲོས་ཚོགས་ཁང་གི་ཕྱི་རུ་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། རྒྱ་ནག་གཞུང་ནས་བོད་ནང་དྲག་གནོན་དང་དྲ་རྒྱར་བཀག་སྡོམ་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། གྷོ་གྷུལ་གྱི་ལས་གཞི་དེས་བོད་ནང་དང་རྒྱ་ནག་ནང་སྔར་ལས་ཉེན་ཁ་ཆེ་རུ་འགྲོ་ཉེན་ཡོད་སྟབས། རྒྱ་ནག་གཞུང་ལ་སྟབས་བསྟུན་གྱིས་བཟོ་བཞིན་པའི་ལས་གཞི་དེ་མྱུར་ཏུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་སྐོར་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༨ ནང་གྷོ་གྷུལ་གྱི་གསང་བའི་ཡིག་ཚགས་ཤིག་ཕྱིར་གྱར་བའི་ནང་གྷོ་གྷུལ་ཚོང་གཉེར་ཁང་གིས་འབུ་བླ་མ་མ་ཎིའི་ལས་གཞི་ (Dragonfly Project) ཟེར་བ་དེའི་འོག རྒྱ་ནག་ལ་འཚོལ་བཤེར་མ་ལག་གི་མཉེན་ཆས་ཞིག་བཟོས་ཡོད་པ་དང་། དེའི་ནང་དམངས་གཙོ། དྲུག་བཞིའི་དོན་རྐྱེན་དང་འགྲོ་བ་མིའི་ཐོབ་ཐང་། སྨྲ་བརྗོད་རང་དབང་དང་ནུབ་ཕྱོགས་ཀྱི་གསར་འགྱུར། བྷི་བྷི་སི་དྲ་བ་དང་ཝེ་ཀེ་རིག་མཛོད། དམར་ཕྱོགས་ཀྱི་ལྟ་བ་དང་འགལ་བའི་དཔེ་དེབ་སེམས་ཅན་གསོ་ཁང་ (Animal Farm) ལྟ་བུ་དང་། འཁྲིག་སྤྱོད། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་དྲ་བ་ངོ་དེབ་དང་པར་མཛོད་ (Instagram)། ཊི་ཊར་སོགས་བཀག་སྡོམ་བྱས་ཡོད་འདུག

ལས་གཞི་དེར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་སྡེ་དང་མི་སྒེར་སོགས་ནས་སྐྱོན་བརྗོད་བྱས་དང་བྱེད་བཞིན་ཡོད་པ་དང་། ཕྱི་ཟླ་ ༡༡ ཚེས་ ༢༧ ཉིན། གྷུ་གྷལ་ཚོང་གཉེར་ཁང་གི་ལས་བྱེད་ ༣༣༡ ཡིས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་མཉམ་འབྲེལ་གྱིས། ཚོང་གཉེར་ཁང་དེའི་ལས་ཁུངས་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་ཏེ། ཞུ་གཏུག་ཡི་གེ་ཞིག་ལ་རྒྱབ་སྐྱོར་གྱི་མཚན་རྟགས་བསྡུ་རུབ་བྱེད་མགོ་བརྩམས་ཡོད་པ་དང་། དེའི་ནང་། ང་ཚོས་རྒྱ་ནག་ལ་ཕྱོགས་ནས་ལས་གཞི་དེར་ངོ་རྒོལ་བྱེད་ཀྱི་མེད། ང་ཚོས་འཕྲུལ་རིགས་ཤིག་སྙོམ་ཆུང་ལ་གཉའ་གནོན་བྱེད་རྒྱུར་བཀོལ་སྤྱོད་བྱེད་པར་ངོ་རྒོལ་བྱེད་ཀྱི་ཡོད། ཅེས་བཀོད་ཡོད་པ་རེད། གྷོ་གྷུལ་གྱི་ལས་མི་ (Jack Poulson) ཟེར་བ་ཞིག་གིས་ལས་གཞི་དེས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་ཡོད་པར་བརྗོད་ནས་རྩ་དགོངས་ཞུས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༡༨/༡༢/༡༢

Leave a Reply