སངས་རྒྱས་རྒྱ་མཚོས་ཞི་རྒོལ་གནང་སྟེ་འཛིན་བཟུང་བྱས།

རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་རྔ་བའི་རྫོང་མཁར་དུ་ཞི་རྒོལ་གནང་སྟེ་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག

འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་བོད་རྔ་བ་ཀིརྟིའི་དགོན་གྱི་གྲྭ་གཞོན་རང་ལོ་ ༡༧ ཡིན་པ་སངས་རྒྱས་རྒྱ་མཚོ་ལགས་ཀྱིས། རྔ་བའི་རྫོང་མཁར་གྱི་གཞུང་ལམ་དུ་བོད་ལ་རང་དབང་དགོས་པའི་སྐད་འབོད་གནང་བཞིན་གོམ་བགྲོད་གནང་ཡོད་པ་དང་། དེ་མ་ཐག་རྒྱ་གཞུང་གི་ཉེན་རྟོག་མི་སྣ་སོགས་ཀྱིས་མི་མང་གི་མཐོང་སར་གཅར་རྡུང་གཏོང་བཞིན་བཙན་ཁྲིད་བྱས་ཡོད་ཀྱང་། ད་བར་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་གནས་སྟངས་ཅི་ཡིན་གསལ་བོར་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

ཁོང་ནི་ཕ་ཡུལ་ཆོས་རྗེ་མ་ཡུལ་ཚོ་སོ་རུ་མ་སྡེ་བ་ནས་ཡིན་ཞིང་། ཆུང་ཆུང་སྐབས་ནས་རྔ་བ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ། དེང་སྐབས་སྔོན་འགྲོའི་འཛིན་གྲྭ་དགུ་པ་ཡིན་པ་དང་། ཕ་མིང་ལ་རྗེས་དཀར་བཟོད་པ་དང་མ་མིང་ལ་དབང་ཁོ་ཡིན་ཞིང་། ནང་མིའི་འཚོ་ཐབས་སྔོན་ཆད་འབྲོག་པ་ཡིན་ཡང་དེང་སང་ཀིརྟི་དགོན་མཐའི་གྲོང་ནང་དུ་བབས་ཡོད་འདུག

གཞན་ཡང་གསར་ལམ་ཁག་ཏུ་ཁོང་གིས་རང་ལུས་མེར་སྲེག་བཏང་ཚུལ་སྒྲོག་གིན་འདུག་ནའང་ཁུངས་ལྡན་གནས་ཚུལ་ལྟར་ན། ངོ་རྒོལ་སྐད་འབོད་བྱས་པ་ལས་རང་ལུས་མེར་བསྲེགས་བཏང་མེད་པ་དང་། དེ་མིན་རྔ་བའི་ནང་གནས་ཚུལ་གཞན་པ་རེ་བྱུང་ཡོད་ཚུལ་འདུག་ཀྱང་། ད་ལྟའི་ཆར་ཇི་བཞིན་གསལ་རྟོགས་ཐུབ་ཀྱི་མི་འདུག

ཁ་སང་ཕྱི་ཚེས་ ༡༤ ཉིན་བོད་ནང་ནས་རང་ལུས་མེར་སྲེག་གནང་མཁན་གྱི་སྤུན་མཆེད་ཅིག་ཡིན་ཟེར་མཁན་བོད་མི་ཞིག་གིས། བོད་རྔ་བ་རྫོང་ཐོག་ནས་རང་ལོ་ ༡༦ ཙམ་ཡིན་པའི་དགེ་འདུན་རྒྱ་མཚོ་དང་ཆོས་ཀྱི་རྒྱ་མཚོ་ཞུ་བ་གཉིས་ཀྱིས་རང་ལུས་མེར་བསྲེགས་གནང་ཡོད་པའི་གནས་ཚུལ་མཁོ་སྤྲོད་གནང་སོང་བ་དང་། ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་རྣམ་གཉིས་ལ་འབྱོར་བའི་དགེ་འདུན་པ་སངས་རྒྱས་རྒྱ་མཚོ་ལགས་དང་། རང་ལུས་མེར་བསྲེགས་གནང་འདུག་ཅེས་པའི་དགེ་འདུན་པ་དགེ་འདུན་རྒྱ་མཚོ་ལགས་གཉིས་ཀྱི་ཕ་མིང་གཅིག་པ་དང་། གནས་ཚུལ་བྱུང་དུས་དང་ལོ་ཚོད་བཅས་ཕལ་ཆེར་གཅིག་པ་རེད་འདུག་ལ། དེ་བཞིན་རང་ལུས་མེར་བསྲེགས་གནང་འདུག་ཅེས་པའི་ཆོས་ཀྱི་རྒྱ་མཚོ་ལགས་ནི་ཟླ་འདིའི་ཕྱི་ཚེས་ ༨ ཉིན་རང་ལུས་མེར་སྲེག་གནང་མཁན་འབྲུག་ཁོའམ་སེར་མིང་ལ་ཆོས་ཀྱི་རྒྱལ་མཚན་ལགས་ཡིན་པའི་གནས་ཚུལ་ཐོན་གྱི་འདུག་ཀྱང་། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་རྔ་བའི་ནང་དམིགས་བསལ་གྱིས་དམ་དྲགས་ཧ་ཅང་ཆེན་པོ་ྃབྱེད་ཀྱི་ཡོད་པས། ས་གནས་ཀྱི་བོད་མི་ཚོས་ཕྱི་ཕྱོགས་ལ་འབྲེལ་བ་བྱེད་པར་ཧ་ཅང་འཛེམས་ཟོན་དགོས་པའི་གནས་སྟངས་འོག་ཡོད་པའི་རྐྱེན་གྱིས། ས་གནས་དེར་བྱུང་བའི་གནས་ཚུལ་ཁ་གསལ་བཟོ་བར་དཀའ་ངལ་ཆེན་པོ་འདུག་ཀྱང་མུ་མཐུད་རྩད་གཅོད་བྱས་ཏེ་གནས་ཚུལ་གསལ་པོ་ཆགས་རྗེས་རིམ་འགོད་བྱ་རྒྱུ་ཡིན།

དེ་འབྲེལ་གྱི་གནས་ཚུལ་ཐོན་རིམ་དང་པོ། http://tibettimes.net/2018/12/14/174183/

བསྐྱར་བཅོས།: ༢༠༡༨/༡༢/༡༥

Leave a Reply