དགེ་བཤེས་ཐབས་མཁས་བློ་གྲོས་ལགས་ཀྱིས་ལྷ་རམས་པ་ཨང་དང་པོའི་དང་པོ་ཡི་མཚན་གནས་བཞེས།

སེར་བྱེས་དགེ་བཤེས་ལྷ་རམས་པ་ཐབས་མཁས་བློ་གྲོས་ལགས་ནས་རི་བོ་དགེ་ལྡན་པའི་དགེ་བཤེས་ལྷ་རམས་པ་ཨང་དང་པོའི་དང་པོ་ཡི་མཚན་གནས་བཞེས་ཏེ་ཕུལ་བྱུང་གཟེངས་བསྟོད་ཕྱག་ཁྱེར་དང་ཧིན་སྒོར་འབུམ་གཅིག་གསོལ་རིས་གནང་།ཁ་སང་ཕྱི་ཚེས་ ༡༤ སྟེ་རི་བོ་དགེ་ལུགས་པའི་འཇང་དགུན་ཆོས་ཀྱི་མཚན་ཕུད་དམ་བཅའ་ཆེན་མོ་མཐའ་མའི་ཉིན། རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཆེན་མོ་སེ་ར་ཐེག་ཆེན་གླིང་དུ། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག གདན་ས་སེ་ར་དང་རྒྱུད་སྨད་གྲྭ་ཚང་། རྫོང་དཀར་ཆོས་ལྡན་བཅས་ཀྱི་མཁན་པོ་མཁན་ཟུར་རྣམ་པ་དང་སྦག་སའི་གནས་བརྟན་བགྲེས་སོང་རྣམ་པ། བཀའ་རབས་འབྱམས་དགེ་བའི་བཤེས་གཉེན་རྣམ་པ་དང་དགེ་འདུན་འདུས་ཚོགས་ཁྲི་གཉིས་ལ་ཉེ་བ་དང་། གཞན་ཡང་མང་ཚོགས་བརྒྱ་ཕྲག་བཅས་སེར་སྐྱ་མང་ཚོགས་འདུ་འཛོམས་ཁྲོད། འདས་པའི་ལོ་ངོ་དྲུག་རིང་དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་ནང་བསྟུད་མར་ཨང་དང་པོའི་གྲུབ་འབྲས་བླངས་བ་མ་ཟད། འདི་ལོའི་རི་བོ་དགེ་ལྡན་པའི་དགེ་བཤེས་ལྷ་རམས་པ་ཨང་དང་པོའི་དང་པོ་ཡི་མཚན་གནས་བཞེས་གནང་མཁན་སེར་བྱེས་ཧར་གདོང་དགེ་བཤེས་ལྷ་རམས་པ་ཐབས་མཁས་བློ་གྲོས་ལགས་ལགས་སུ། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་སེར་བྱེས་ཕུལ་བྱུང་གཟེངས་བསྟོད་ཕྱག་ཁྱེར་དང་ཧིན་སྒོར་འབུམ་གཅིག་གསོལ་རིས་གནང་ཡོད་པ་རེད།

དགེ་བཤེས་ལྷ་རམས་པ་ཐབས་མཁས་བློ་གྲོས་ལགས་སུ་གནང་བའི་གཟེངས་བསྟོད་ཕྱག་ཁྱེར་ནང་། མི་ལོ་ཉེར་གཅིག་རིང་གཞུང་ཆེན་པོ་ཀ་པོད་ལྔ་ལ་འགྲན་ཟླ་བྲལ་བའི་གསན་བསམ་་སླབ་གཉེར་ཆུ་བོ་རྣམ་བཞིའི་རྒྱུན་བཞིན་གནང་འབྲས། དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་ལོ་ངོ་དྲུག་རྒྱུགས་སྤྲོད་རིམ་པའི་ཁྲོད་ལོ་ལྟར་སྦྱངས་འབྲས་རྩེར་གསོན་ཨང་དང་པོའི་ཕྱག་ཁྱེར་འབའ་ཞིག་བཞེས་པར། འདི་ནས་ཚད་མཐོའི་གདེངས་འཇོག་ཆེ་བསྟོད་དང་འབྲེལ། རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་གཟེངས་བསྟོད་ཕྱག་ཁྱེར་དང་མཉམ་དུ།  བདག་རྐྱེན་གཟིགས་བཟོས་ཧིན་སྒོར་འབུམ་གཅིག་ཕུལ་བ་དང་སྦྲགས། གཞུང་ལུགས་རབས་འབྱམས་སྨྲ་བ་ལ་རྣམ་དཔྱོད་བློ་གྲོས་ཀྱི་དཔལ་འབར་བའི་ཟླ་བྲལ་ལྷ་རམས་དགེ་བཤེས་སུ་ངོས་འཛིན་ཡང་དག་བྱེད། ཅེས་འཁོད་འདུག

སེར་བྱེས་དགེ་བཤེས་ལྷ་རམས་པ་ཐབས་མཁས་བློ་གྲོས་ལགས་ནི་ཕྱི་ལོ་ ༡༩༧༩ལོར་བོད་དབུས་ཕྱོགས་འཕན་པོ་ལྷུན་གྲུབ་རྫོང་སེང་གེ་གྲོང་ཚོར་སྐུ་འཁྲུངས་ཤིང་དགུང་ལོ་ ༦ ནས་༡༠ བར་སློབ་ཆུང་འགྲིམས་པ་དང་། དགུང་ལོ་བཅུ་ནས་བོད་སེ་ར་དགོན་པར་ཆོས་ཞུགས་ཀྱིས་དགེ་བའི་བཤེས་གཉེན་ཆེན་པོ་རྒན་ཟླ་གྲགས་སོགས་མཁས་གྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་དུ་མའི་ཞབས་ལ་གཏུགས་ནས་གསན་བསམ་སློབ་གཉེར་གནང་བ་དང་། ཕྱི་ལོ་༡༩༩༧ ལོ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཏེ་༧་གོང་ས་༧སྐྱབས་མགོན་ཆེན་པོ་གི་དབུས་པའི་སྐྱེ་ཆེན་དགེ་བའི་བཤེས་གཉེན་དུ་མར་མཇལ་ཏེ། གཞུང་ཀ་པོད་ལྔའི་ཐོག་གསན་བསམ་སློབ་གཉེར་ལ་འབད་བརྩོན་ལྷོད་མེད་གནང་བ་དང་ལོ་ལྟར་འཛིན་གྲྭའི་ནང་ནས་ཨང་དང་པོ་ཤ་སྟག་བཞེས་པ་དང་རིག་སྔ་རྒོལ་གྱི་ཚོགས་བཞེངས་གནང་བ་མ་ཟད། ལོ་ངོ་བདུན་གྱི་རིང་སྦྱངས་འབྲས་རྩེར་སོན་གྱིས་འཕར་ཕྱིན་རབ་འབྱམས་པའི་ཨང་རིམ་དང་པོའི་དང་པོ་སོན་པའི་ཕྱག་ཁྱེར་བླངས།

དབུ་མའི་འཛིན་གྲྭར་ཕེབས་སྐབས་ལོ་ངོ་བཞི་བསྟུད་མར་སྦྱངས་འབྲས་རྩེར་སོན་པའི་དབུ་རབ་འབྱམས་པའི་ཨང་རིམ་དང་པོའི་དང་པོའི་ཕྱག་ཁྱེར་བཞེས་པ་དང་། འདུལ་བ་འཛིན་གྲྭར་ཕེབས་སྐབས་གདན་ས་གསུམ་གྱི་མཁས་དབང་དབུས་སུ་འཇང་དགུན་ཆོས་ཆེན་མོའི་མཚན་ཕུད་དམ་བཅའ་དང་ལྷ་རམས་ལོ་རིམ་གཉིས་པའི་སྐབས་རིག་ཆེན་ཚོགས་བཞེངས་གནང་། ལྷག་དོན་ཕྱི་ལོ་༢༠༠༤ ལོ་ནས་བཟུང་སློབ་གཉེར་གྱི་ཞོར་དུ་དེང་དུས་ནུབ་ཕྱོགས་པའི་རིག་གསར་ཚན་རིག་སློབ་སྦྱོང་བྱེད་མགོ་བཙུགས་གནང་སྟེ། ཕྱི་ལོ་༢༠༡༠ ནས་༢༠༡༣ བར་ལོ་གསུམ་རིང་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་ཕེབས་ནས་དེང་དུས་ནུབ་ཕྱོགས་ཚན་རིག་ཐོག་ཆེད་དུ་སློབ་གཉེར་གནང་བ་དང་།   ཕྱི་ལོ་༢༠༡༣ ལོ་ནས་༢༠༡༨ ལོ་བར་ལོ་ངོ་དྲུག་རིང་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཞུགས་ཏེ་ལོ་ལྟར་རྒྱུགས་སྤྲོད་ཨང་རིམ་དང་པོའི་དང་པོ་ཤ་སྟག་ཀྱི་མཚན་གནས་བླངས་ཡོད་པ་རེད།

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༡༨/༡༢/༡༩

Leave a Reply

2 thoughts on “དགེ་བཤེས་ཐབས་མཁས་བློ་གྲོས་ལགས་ཀྱིས་ལྷ་རམས་པ་ཨང་དང་པོའི་དང་པོ་ཡི་མཚན་གནས་བཞེས།