རྒྱ་གཞུང་གིས་ཨ་རིའི་ཁྲིམས་འཆར་ཕྱིར་འཐེན་དགོས་པའི་རྒོལ་གཏམ་བཏང་།

ཁ་སང་རྒྱ་ནག་གཞུང་གི་ཕྱི་སྲིད་མགྲིན་ཚབ་པ་ལུའུ་ཁང་ཟེར་བས་ཨ་རིའི་གྲོས་ཚོགས་གོང་འོག་ནས་གཏན་འབེབ་གནང་བའི་བོད་ནང་འགྲོ་འོང་འདྲ་མཉམ་དགོས་པའི་ཁྲིམས་འཆར་ལ་རྒོལ་གཏམ་བཏང་འདུགཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ཨ་རིའི་གྲོས་ཚོགས་གོང་མ་ནས་བོད་ནང་འགྲོ་འོང་འདྲ་མཉམ་དགོས་པའི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཐོབ་ཡོད་པ་དང་། སྲིད་འཛིན་ཊོམ་ཕུ་ལགས་ནས་མོས་མཐུན་མཚན་རྟགས་འཐོབ་པ་ཡིན་ན་ཁྲིམས་ཏུ་གཏན་འབེབ་བྱུང་གི་ཡོད་པ་རེད། ཁ་སང་ཕྱི་ཚེས་ ༡༤ ཉིན་གནས་ཚུལ་དེའི་ཐད་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ལོའུ་ཁང་(Lu Kang)ཟེར་བས། ཨ་རིའི་ཁྲིམས་འཆར་དེ་ནི་གཞི་གང་ཡང་མེད་པའི་ལས་སྟངས་ཤིག་ཡིན་པ་མ་ཟད། རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་དང་རྒྱལ་སྤྱིའི་འབྲེལ་ལམ་གྱི་གཞི་རྩའི་རྩ་དོན་ལ་བརྡབ་གསིག་བཏང་བ་ཞིག་ཡིན་པས། རྒྱ་ནག་གཞུང་གིས་དེ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

ཡང་ཁོས་མུ་མཐུད་ཕྱི་ལོ་ ༢༠༡༥ ལོ་ནས་ཨ་རིའི་མི་སེར་ ༤༠༠༠༠ ལྷག་བོད་ནང་ཡོང་ཡོད་པ་དང་། དེ་དག་གི་ཁྲོད་ཨ་རིའི་ཆབ་སྲིད་མི་སྣ་སོགས་ཡོད་པས། ཨ་རིའི་གཞུང་གིས་མགྱོགས་མྱུར་ངང་ཁྲིམས་འཆར་དེར་སྲིད་འཛིན་གྱིས་ས་རྟགས་མ་བཀོད་སྔོན་ཕྱིར་འཐེན་བྱེད་པའི་སྐུལ་མ་ཤུགས་ཆེར་བྱེད་ཀྱི་ཡོད་ལ། ང་ཚོས་གལ་འགངས་ཆེ་བའི་དུས་ཚོད་འདིར་ཨ་རིའི་ཕྱོགས་ནས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ལ་བརྡབ་གསིག་གཏོང་བའི་གནད་དོན་ལ་གཡོལ་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ཅེས་བརྗོད་འདུག

ད་ལན་ཁྲིམས་འཆར་དེར་གྲོས་ཚོགས་ནས་རྒྱབ་སྐྱོར་ཐོབ་པར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཁག་ཅིག་གིས་དགའ་བསུ་དང་འབྲེལ་སྤྱི་བསྒྲགས་ཤིག་ཀྱང་སྤེལ་ཡོད་པ་དང་། ཨ་རིའི་གྲོས་ཚོགས་འོག་མིའི་འཐུས་མི་ཇེམ་སེ་མེཀ་གྷོ་ཝན (McGovern)ལགས་ཀྱིས་ཁྲིམས་འཆར་འདིར་སྲིད་འཛིན་གྱིས་མཚན་རྟགས་བཀོད་རྗེས། རྒྱ་ནག་གི་མགོ་འཁྲིད་ཚོའི་ཁྲོད་དུ་འཆར་གཞི་ལྡན་པའི་ངང་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ཚོ་ཨ་རིར་ཡོང་བར་དཀའ་ངལ་འཕྲད་རྒྱུ་ཡིན་པ་དང་། གལ་ཏེ་ཁོ་ཚོ་ཨ་རིའི་ནང་ཡོང་དགོས་ན་ངེས་པར་དུ་བོད་ནང་འགྲོ་སྐྱོད་འདྲ་མཉམ་གྱི་ཁྲིམས་ལྟར་འགྲོ་དགོས་སྐོར་བརྗོད་པ་དང་། ཡང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་མར་ཁོ་རུ་བྷི་ཡོ་(Marco Rubio)ལགས་ཀྱིས་ངས་ཁྲིམས་འཆར་འདིར་སྲིད་འཛིན་གྱིས་མཚན་རྟགས་བཀོད་རྒྱུར་སྒུག་ནས་ཡོད་ལ། འགྲོ་སྐྱོད་འདྲ་མཉམ་གྱི་ཁྲིམས་འཆར་དེས་མ་འོངས་པར་ཨ་རྒྱའི་བར་གྱི་འདྲ་མཉམ་མིན་པའི་འགྲོ་སྐྱོད་ལ་ཕན་ཐོགས་ཡོད་པ་མ་ཟད། རྒྱ་ནག་གི་མགོ་འཁྲིད་ཚོའི་ཁྲོད་ཀྱི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བར་བྱང་ཆ་ཡོད་པ་ཚོར་དཀའ་ངལ་འཕྲད་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

ཁྲིམས་འཆར་དེ་ཐོག་མར་ཨ་རིའི་གྲོས་ཚོགས་འོག་མའི་ནང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་(Jim McGovern)ལགས་དང་། རན་ཌི་ཧལ་གྷན་(Randy Hultgren)ལགས་གཉིས་ཀྱིས་བཏོན་གནང་ཡོད་པ་དང་། དེ་ནས་གྲོས་ཚོགས་གོང་མའི་ནང་འཐུས་མི་སྐུ་ཞབས་མར་ཁོ་རུ་བྷི་ཡོ་(Marco Rubio) ལགས་དང་། སྐུ་ཞབས་ཊེ་མི་བྷལ་ཌི་ཝིན་(Tammy Baldwin) ལགས་གཉིས་ཀྱིས་བཏོན་གནང་ཡོད་པ་དང་། གྲོས་འཆར་དེར་སྲིད་འཛིན་ཊོམ་ཕུས་མཚན་རྟགས་བསྐྱོན་པ་ཡིན་ན། རྒྱ་ནག་གཞུང་ཕྱོགས་ནས་དྭང་ལེན་བྱེད་མིན་ལ་མ་ལྟོས་པར་རྒྱལ་ཁབ་གཉིས་བར་འདྲ་མཉམ་གྱི་ཐོག་ནས་འགྲོ་འོང་བྱེད་དགོས་པའི་ཁྲིམས་འཆར་ཞིག་ཆགས་ཀྱི་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༢/༡༥

Leave a Reply