རང་གཅེས་འཛིན་དང་གཞན་བདེ་དོར་བ་ལ་བརྟེན་ནས་གནས་སྟངས་ཐབས་སྡུག་བྱུང་གི་ཡོད་པ་རེད།

༧གོང་ས་མཆོག་གིས་གལ་ཏེ་རྒྱ་ནག་གིས་རྒྱ་གར་གནའ་རབས་སྲོལ་རྒྱུན་ལས་གསུངས་པའི་བྱམས་བརྩེའི་ཉམས་ལེན་ལག་བསྟར་ཐུབ་པ་ཞིག་བྱུང་ན་རྒྱ་ནག་ནང་དུ་བྱམས་བརྩེར་བརྟེན་པའི་དོན་དམ་གྱི་སྤྱི་ཚོགས་རིང་ལུགས་ཤིག་ལག་བསྟར་བྱེད་ཐུབ་ངེས་ཡིན་ཞེས་གསུངས།༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེའི་ནང་གི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་ཕྱིར་ལྡི་ལིར་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཟླ་འདིའིི་ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོར་རྒྱ་གར་གྱི་འཕྲུལ་རིག་ཚོང་འབྲེལ་ཆེ་ཤོས་ཀྱི་བསྟི་གནས་གྲོང་ཁྱེར་མུམ་བྷེ་རུ་རྟེན་གཞི་བྱས་པའི་གུ་རུ་ནཱ་ནག་མཐོ་སློབ་(Guru Nanak) ཀྱི་ཚོགས་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མཐོ་སློབ་དེའི་དགེ་རྒན་དང་སློབ་མ། དེ་བཞིན། ལས་བྱེད་བཅས་ཁྱོན་མི་གྲངས་གཅིག་སྟོང་ཙམ་ལ་བྱམས་བརྩེའི་སྐོར་བཀའ་སློབ་བསྩལ་དོན།

བརྩེ་བའི་སྤུན་མཆེད་ཕོ་མོ་རྣམ་པ། ངོས་རང་འདྲ་ཆགས་པོ་བྱ་རྒྱུ་དགའ་པོ་མེད། དེང་སྐབས་འཛམ་གླིང་གི་གནས་སྟངས་འདིའི་འོག་ང་ཚོ་འགྲོ་བ་མི་གྲངས་ཐེར་འབུམ་བདུན་ཡོད་པ་ཚང་མ་སྤུན་མཆེད་ཕོ་མོའི་འདུ་ཤེས་འཛིན་དགོས་པ་ཧ་ཅང་གལ་གནད་ཆེན་པོ་རེད། ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པར་བརྟེན་བདེ་བ་འདོད་པ་ཙམ་མ་ཟད། བདེ་བ་བསྒྲུབ་རྒྱུའི་ཐོབ་ཐང་ཡང་ཡོད། འོན་ཀྱང་། རྒྱལ་ཁབ་དང་ཆོས་ལུགས་སོགས་ཕན་ཚུན་རིམ་པ་གཉིས་པའི་གནས་སྟངས་འོག་ནས་མི་འདྲ་བ་ཕྲན་བུ་ཡོད་པ་རྒྱུ་མཚན་གཙོ་བོར་འཛིན་ནས་ང་ཚོ་དང་ཁོ་པ་ཚོ། ཞེས་གཞི་རྩའི་འགྲོ་བ་མི་གཅིག་གྱུར་ཡིན་པ་དེ་བརྗེད་ནས་ཕན་ཚུན་འཁྲུག་རྩོད་དང་ཐ་ན་གསོད་རེས་ཚུན་ཆད་བྱེད་བཞིན་པ་དེར་བསམ་བློ་ཡག་པོ་བཏང་བ་ཡིན་ན་གཞི་རྩ་གང་ཡང་མེད་པ་རེད། ངོས་རང་མི་གཞན་སུ་འདྲ་ཞིག་དང་ཐུག་སྐབས་འགྲོ་བ་མི་རིགས་གཅིག་གྱུར་ཡིན་བསམ་པ་མ་གཏོགས། ངོས་རང་བོད་མི་ཞིག་ཡིན། ནང་པ་ཞིག་ཡིན། ༸གོང་ས་ཏཱ་ལའི་བླ་མ་ཡིན་བསམ་པ་ནམ་ཡང་དྲན་གྱི་མི་འདུག  གལ་ཏེ་དྲན་པ་ཡིན་ན་མི་གཞན་དང་རང་བཞིན་གྱིས་བར་ཐག་རིང་པོ་ཆགས་རྒྱུ་རེད། དེང་སྐབས་དཔལ་འབྱོར་གྱི་གནས་སྟངས་ལ་མཚོན་ནའང་གོ་ལ་གཅིག་གྱུར་གྱི་ལམ་ལུགས་ཆགས་ཟིན་པ་དང་། ལྷག་པར་གོ་ལའི་གནམ་གཤིས་འགྱུར་འགྲོས་ལ་བརྟེན་ནས་བྱུང་བའི་འཇིག་པའི་དཀའ་ངལ་དེ་དག་མི་ཚང་མས་གཅིག་མཚུངས་སུ་མྱོང་བཞིན་ཡོད། ཚན་རིག་པ་ཚོས་ཀྱང་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་པའི་དཀའ་ངལ་ལོ་རེ་བཞིན་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་པ་བརྟག་དཔྱད་ཀྱི་ལམ་ནས་ཉེན་བརྡ་བཏང་ཡོད། དཀའ་ངལ་དེ་དག་ང་ཚོ་ཚང་མས་ཐུན་མོང་དུ་མྱོང་དགོས་སྟབས་ཕན་ཚུན་མཉམ་རུབ་ཐོག་ནས་གདོང་ལེན་བྱེད་དགོས། རྒྱུ་མཚན་དེ་ལ་བརྟེན་ནས་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པ་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད།ཕྱོགས་མཚུངས་ཆོས་ལུགས་ཚང་མས་མི་ལ་ཕན་བདེ་སྒྲུབ་བཞིན་ཡོད་པས་ཆོས་ལུགས་དབྱེ་བ་མེད་པར་ཚང་མར་གུས་བཀུར་ཞུ་དགོས་པ་དང་། དེ་བྱས་ཚེ་ཕན་ཚུན་བློ་སྐྱེད་ཡང་ཡོང་ཐུབ་པ་རེད། རྒྱ་གར་ལ་མཚོན་ན་ལོ་ངོ་སྟོང་ཕྲག་རིང་ནས་ཆོས་ལུགས་འདྲ་མིན་ཕན་ཚུན་འཆམ་མཐུན་ངང་གནས་ཐུབ་དང་ཐུབ་བཞིན་ཡོད་པ་དེ་འཛམ་གླིང་ལ་མིག་དཔེ་བཟང་པོ་ཞིག་ཆགས་ཡོད། ངོས་རང་ཉིད་ལ་མཚོན་ན་གུ་རུ་ནཱ་ནག་མཆོག་ལ་ཡི་རང་བསྔགས་བརྗོད་ཧ་ཅང་ཞུ་མཁན་ཞིག་ཡིན། ཁོང་ཧིན་རྡུའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས་ཡང་ཁ་ཆེའི་གནས་རྩ་ཆེ་མེག་ཁར་གནས་མཇལ་དུ་ཕེབས་པ་རེད། དེས་ག་རེ་མཚོན་བཞིན་ཡོད་བརྗོད་ན་ཆོས་ལུགས་གཞན་ལ་གུས་བརྩི་ཞུས་པ་མཚོན་ཐུབ་ཡོད་ལ། དེ་ལྟ་བུའི་གནས་སྟངས་ནི་ངོ་མཚར་ལྡན་པ་ཞིག་མ་རེད་དམ། ཞེས་སོགས་ཀྱི་བཀའ་སློབ་བསྩལ།

དེའི་རྗེས་ཚོགས་བཅར་བའི་དྲི་བ་དྲིས་ལན་སྐབས་ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འབྱུང་འགྱུར་བོད་ནང་གི་གནས་སྟངས་ཐོག་ཐུགས་རེ་ཇི་ལྟར་མཛད་བཞིན་ཡོད་སྐོར་དྲིས་པར་ཁོང་གིས།  “བོད་མི་ཚོས་དཀའ་སྡུག་ཇི་ཙམ་མྱངས་དང་མྱོང་བཞིན་ཡོད་ཀྱང་སྙིང་སྟོབས་ནམ་ཡང་མ་ཞུམ་པར་མུ་མཐུད་སྲ་བརྟན་ངང་གནས་ཡོད། དེར་བརྟེན། རྒྱ་ནག་དམར་ཤོག་ཚོགས་པའི་མགོ་འཁྲིད་མཁྲེགས་འཛིན་པ་ཚོས་འབད་བརྩོན་ཇི་ཙམ་བྱས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ནམ་ཡང་རྩ་མེད་བཟོ་ཐུབ་མེད་ལ། དེང་སྐབས་རྒྱ་རིགས་ནང་པ་ཚོས་བོད་བརྒྱུད་ནང་བསྟན་ལ་དད་གུས་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པར་བརྟེན། གནས་སྟངས་ལ་འགྱུར་བ་འགྲོ་རྒྱུ་ཡིན་པ་ཐག་ཆོད་པ་དང་། གཅིག་བསྡུས་དབང་འཛིན་རིང་ལུགས་ལ་མདུན་ལམ་མེད། ཅེས་བཀའ་ལན་བསྩལ།

དེ་ནས་བུད་མེད་སློབ་མ་ཞིག་གིས་བུད་མེད་ཚོར་དགེ་སློང་མའི་སྡོམ་པ་ཞུ་མ་ཐུབ་པའི་རྒྱུ་མཚན་གང་ཡིན་དྲིས་པར་༧གོང་ས་མཆོག་གིས།  བོད་གངས་ཅན་གྱི་ལྗོངས་སུ་འདུལ་བའི་སྡོམ་རྒྱུན་དེ་རྒྱ་གར་གྱི་མཁན་ཆེན་ཞི་བ་འཚོས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་བའི་སྡོམ་རྒྱུན་ཕྱག་སྲོལ་དར་ཁྱབ་མཛད་པར་བརྟེན། སྡོམ་པ་འབོག་ཆོག་མཛད་སྐབས་མཁན་པོ་དགེ་སློང་མ་ཞིག་ཡིན་དགོས་པ་དང་དེ་ལྟ་བུའི་དགེ་སློང་མ་བོད་ནང་ཕེབས་མེད། འོན་ཀྱང་། ཉེ་ལམ་བོད་པའི་བཙུན་མ་འགའ་ཤས་ཀྱིས་རྒྱ་ནག་ཆོས་སྲུང་སྡེ་བའི་ལུགས་ཀྱི་སྡོམ་པ་འབོག་ཆོག་འོག་དགེ་སློང་སྒྲུབ་མཁན་བྱུང་ཡོད། སྤྱིར་འདས་པའི་གནས་སྟངས་ལ་མཚོན་ན་བོད་པའི་བཙུན་མ་ཚོས་གཞུང་ཆེན་ལ་རིག་པའི་བརྡར་ཤ་བཅད་ནས་སློབ་གཉེར་ཤུགས་ཆེན་པོ་གནང་སྲོལ་མེད། འོན་ཀྱང་། ངོས་ཀྱིས་ལོ་ངོ་བཞི་བཅུ་ཙམ་རིང་ལམ་ལུགས་དེ་ནི་རྗེས་ལུས་ཤིག་ཡིན་སྟབས། བཙུན་མ་ཚོས་ཀྱང་དཔེ་ཆ་བལྟ་དགོས་པའི་ལམ་སྟོན་བྱས་པ་ཡིན། དེར་བརྟེན་ད་ཆ་བཙུན་མའི་ཁྲོད་དུའང་དགེ་བཤེས་མ་ཐོན་ཐུབ་པ་བྱུང་ཡོད། ཅེས་བཀའ་ལན་མཛད་ཡོད་པ་རེད།ཕྱི་ཚེས་ ༡༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མུམ་བྷེའི་མཐོ་སློབ་ཏུ་ནང་པའི་གཞུང་ནས་གསུང་པའི་རྒྱུ་འབྲས་མན་ངག་བདུན་གྱི་བྱམས་པའི་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཞེས་པ་དབུ་འབྱེད་མཛད་གནང་ཡོད་པ་དང་། སྐབས་དེར་མགོན་པོ་གང་ཉིད་ཀྱིས་དེང་དུས་ཤེས་ཡོན་ལམ་ལུགས་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་ཚན་འཇོག་རྒྱུ་གལ་གནད་ཆེ་བ་དང་ཤེས་ཡོན་ལམ་ལུགས་ཐོག་ནས་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་རྣམས་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་ཐུབ་པ་ཞིག་བཟོ་ཐུབ་པ་མ་ཟད། མི་ཚང་མའི་རྒྱུད་ལ་རང་ཆས་སུ་ཡོད་པའི་བྱམས་བརྩེའི་བློ་དེ་དག་རིས་མེད་ཀྱི་ལྟ་གྲུབ་ཐོག་ནས་ཤུགས་ཆེ་རུ་གཏོང་ཐུབ་རྒྱུར་ཐུགས་རེ་མཛད་བཞིན་ཡོད་སྐོར་ལ་བཀའ་སློབ་བསྩལ་དོན། ཆོས་ལུགས་བྱེ་བྲག་པ་གཅིག་ལ་བརྟེན་ནས་འགྲེལ་བཤད་བརྒྱབ་དགོས་བྱུང་ཚེ་གཞན་གྱི་རྣ་བར་འགྲོ་རྒྱུ་མ་རེད། དེར་བརྟེན་ང་ཚོས་ཆོས་ལུགས་ལ་མ་བརྟེན་པར་ཤེས་ཡོན་ལམ་ལུགས་ཐོག་ནས་མིའི་ལྷན་སྐྱེས་བྱམས་བརྩེའི་ནུས་པ་ཤུགས་ཆེ་རུ་གཏོང་ཐབས་ཆེད་འབད་བརྩོན་བྱེད་དགོས། ངོས་ཀྱི་འགན་ཁུར་གཙོ་བོ་གཅིག་ནི་དེང་དུས་རྒྱ་གར་སྤྱི་ཚོགས་ནང་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་བསྐྱར་གསོ་བྱ་རྒྱུ་ཡིན། བྱེད་ལུགས་བྱེད་སྟངས་དེའང་ཆོས་ཀྱི་སྐད་ཆའི་ཐོག་ནས་མ་ཡིན་པར་ཤེས་ཡོན་གྱི་ངོ་བོ་ཁོ་ནའི་ཐོག་ནས་བྱ་རྒྱུ་རེད།  རྒྱ་གར་གནའ་རབས་སྲོལ་རྒྱུན་ལམ་སྲོལ་ནང་རིས་མེད་(Secular)ཞེས་པའི་ཐ་སྙད་འདི་ཆོས་ཁས་ལེན་མཁན་ཙམ་མ་ཟད། ཆོས་ཁས་མི་ལེན་མཁན་ལའང་གུས་བཀུར་ཞུ་རྒྱུའི་ལམ་སྲོལ་བཟང་པོ་ཞིག་ཡོད་པ་དེར་གོ་དགོས།

ཆོས་དད་ཡོད་མེད་ཇི་ལྟར་ཡང་རང་རྒྱུད་མ་དུལ་བ་བྱེད་མཁན་ཉོན་མོངས་པའི་བློ་མ་རུང་བ་དེ་དག་ལ་རྒྱ་གར་སྲོལ་རྒྱུན་ལེགས་བཤད་ནས་གཉེན་པོ་བསྟེན་ཕྱོགས་སྐོར་རྒྱས་བཤད་ཡོད་པ་དེས་བསམ་བློར་འགྱུར་བཅོས་བཏང་ནས་ཕན་ཐོགས་ཏན་ཏན་བྱེད་ཐུབ་རྒྱུ་རེད། རྒྱ་གར་སྲོལ་རྒྱུན་ལེགས་བཤད་ལས་ཞི་གནས་དང་ལྷག་མཐོང་སྒོ་ནས་བློའི་རྣམ་གཞག་དང་བྱེད་ལས། དེ་བཞིན་ཉོན་མོངས་པའི་བློའི་བྱེད་ལས་དང་དེར་གཉེན་པོ་བསྟེན་ཕྱོགས་སྐོར་གཏིང་ཟབ་པོ་ཤེས་ཐུབ། རྒྱ་གར་བ་ཁྱེད་ཚོས་དེང་དུས་ཤེས་ཡོན་ལམ་ལུགས་ལ་བརྟེན་པའི་ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་དང་དུས་མཚུངས། རྒྱ་གར་གནའ་རབས་སྲོལ་རྒྱུན་ལས་གསུང་པའི་ནང་གི་བསམ་བློའི་འགྲོ་སྟངས་དང་བྱེད་ལས་ལ་བརྟེན་ནས་སེམས་ཞི་བདེ་ལྡན་པ་ཞིག་བཟོ་ཐུབ་རྒྱུ་ཡིན་སྟབས། གནའ་དེང་ཟུང་འབྲེལ་ཐོག་ནས་སློབ་འཁྲིད་བྱེད་ཐུབ་རྒྱུ་རེད། སྲོལ་རྒྱུན་ལེགས་བཤད་དེ་དག་རྒྱ་གར་རང་གི་ནང་དུ་བསྐྱར་གསོ་ཐུབ་པ་ཞིག་བྱུང་བ་ཡིན་ན་རྒྱ་ནག་གིས་གཙོས་རྒྱ་གར་གྱི་ཁྱིམ་མཚེས་ནང་པའི་ཡུལ་གྲུ་ཁག་ལའང་ཕན་ཐོགས་ཡོང་ངེས་ཡིན། གལ་ཏེ་རྒྱ་ནག་གིས་རྒྱ་གར་གནའ་རབས་སྲོལ་རྒྱུན་ལས་གསུངས་པའི་བྱམས་བརྩེའི་ཉམས་ལེན་ལག་བསྟར་ཐུབ་པ་ཞིག་བྱུང་ན་རྒྱ་ནག་ནང་དུ་བྱམས་བརྩེར་བརྟེན་པའི་དོན་དམ་གྱི་སྤྱི་ཚོགས་རིང་ལུགས་ཤིག་ལག་བསྟར་བྱེད་ཐུབ་ངེས་ཡིན། ཞེས་གསུངས།

ཡང་ཁོང་གིས། ང་ཚོར་ཕྱི་དངོས་པོའི་མཐུན་རྐྱེན་ལ་མཚོན་ན་ལོ་རེ་བཞིན་ཡར་རྒྱས་འགྲོ་བཞིན་ཡོད། འོན་ཀྱང་འཛམ་གླིང་ཁྱོན་ཡོངས་ཀྱི་གནས་སྟངས་ལ་གཟིགས་དང་། ང་ཚོ་དང་གཅིག་མཚུངས་ཀྱི་འགྲོ་བ་མི་རིགས་ཁག་གཅིག་ལ་དམག་འཁྲུག་དང་མུ་གེའི་འཇིགས་པ་སོགས་ལ་བརྟེན་ནས་དཀའ་སྡུག་ཧ་ཅང་མྱོང་བཞིན་པ་ནི་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད། དེའི་རྒྱུ་མཚན་ནི་ང་ཚོའི་རང་བདེ་དོན་གཉེར་འབའ་ཞིག་གི་བསམ་བློ་ལ་བརྟེན་ནས་རེད། རང་གཅེས་འཛིན་དང་གཞན་བདེ་དོར་བ་ལ་བརྟེན་ནས་གནས་སྟངས་ཐབས་སྡུག་འདི་བྱུང་བ་རེད། འཚེ་བའི་བྱ་སྤྱོད་ལ་བརྟེན་ནས་དེང་སྐབས་ང་ཚོར་དཀའ་ངལ་འཕྲད་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ང་ཚོའི་ཕན་ཚུན་དབར་ཆོས་ལུགས་དང་རྒྱལ་ཁབ། མི་རིགས་དང་དཔལ་འབྱོར་སོགས་རིམ་པ་གཉིས་པའི་གནས་སྟངས་འོག་ཕན་ཚུན་ཕྲན་བུ་མི་འདྲ་བ་ཡོད་པ་རྒྱུ་མཚན་དུ་བྱས་ནས་ཕན་ཚུན་རྩོད་པ་བརྒྱབས་པ་མ་ཟད། ཐ་ན་གསོད་རེས་ཚུན་ཆད་གཏོང་བཞིན་པ་དེ་ལྟར་རེད། ཅེས་བཀའ་སློབ་བསྩལ།

སྐུ་སྒེར་དྲ་བའི་སྟེང་བཀོད་པའི་མཛད་འཆར་ལྟར་ན། ཕྱི་ཟླ་ ༡༢ ཚེས་ ༢༤ ནས་ ༢༦ ཉིན་གསུམ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་སྩལ་རྒྱུའི་ཞལ་བཞེས་དང་། ཕྱི་ཚེས་ ༢༨ དང་ ༢༩ ཚེས་ ༣༠ བཅས་ཀྱི་སྔ་དྲོར་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང་། དེ་བཞིན་ཕྱི་ལོ་ ༢༠༡༥ ལོར་གདན་ས་བཀྲ་ཤིས་ལྷུན་པོ་རུ་གནང་བའི་ཚད་མ་རྣམ་འགྲེལ་གྱི་བཀའ་ཁྲིད་(མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་མཆན་འགྲེལ་བཏབ་པའི་རྣམ་རྩ་)འཕྲོ་སྐྱོང་མཛད་རྒྱུ།  ཕྱི་ཚེས་ ༣༡ ཉིན་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་འཆར་འདུག

གསར་འགོད་པ་སྐལ་བཟང་སྦྱིན་པས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལས་བསྡུ་སྒྲིག་བྱས།

བསྐྱར་བཅོས།: ༢༠༡༨/༡༢/༡༥

Leave a Reply