སྐྲ་མེད་ན་ཆོག་ཀྱང་རྒྱལ་ཁབ་ལ་ཁྲིམས་མེད་ན་མི་ཆོག

རྒྱ་ནག་གཞུང་གི་དུས་ཡུན་ངེས་མེད་ཀྱི་འཛིན་བཟུང་བཀག་ཉར་འོག་ཡོད་པའི་ཁྲིམས་རྩོད་པ་བཞིའི་བཟའ་ཟླ་ཚོས་སྐྲ་བཞར་ཏེ་ངོ་རྒོལ་བྱས་འདུགརྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ། རྒྱ་ནག་གཞུང་གི་འཛིན་བཟུང་བཀག་ཉར་འོག་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཁྲིམས་རྩོད་པ་བཞི་ཡི་བཟའ་ཟླ་ཚོས་སོ་སོའི་སྐྲ་བཞར་ཏེ། བཟའ་ཟླའི་འདྲ་པར་གྱི་ལྷན་དུ་བཞག་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་མ་ཟད། ང་ཚོར་སྐྲ་མེད་པར་འགྲོ་ཐུབ་ནའང་རྒྱལ་ཁབ་ཁྲིམས་མེད་པར་འགྲོ་མི་ཐུབ།  ཅེས་འབོད་ཚིག་བསྒྲགས་ཡོད་འདུག

བཀག་ཉར་འོག་ཡོད་པའི་ཁྲིམས་རྩོད་པ་ཝང་ཆན་ཀྲང་(Wang Quanzhang)་གི་བཟའ་ཟླ་ལི་ཝིན་ཀྲུའུ་(Li Wenzu)ཡིས། ཁྱོ་གའི་ཆེད་དུ་ང་ཞུ་གཏུག་བྱེད་པར་ཐེངས་མང་ཕྱིན་པ་ཡིན། འོན་ཀྱང་། གཞུང་གི་གནོན་ཤུགས་འོག་ཞུ་གཏུག་ཚང་མ་ཕྱིར་སློག་བཏང་བ་མ་ཟད། ཁྲིམས་རྩོད་པ་འཚོལ་བར་བཀག་འགོག་ཤུགས་ཆེན་བྱས་སོང་། ད་ལྟ་བར་དུ་ང་ཆེས་མཐོའི་ཁྲིམས་ཁང་དུ་ཐེངས་ ༣༡ ཕྱིན་ནས་ཞུ་གཏུག་བྱེད་ཐབས་བྱས་ཀྱང་། ཐེངས་གཅིག་ལའང་ཁྲིམས་ཁང་ནང་བཏང་མ་སོང་། ཞེས་བརྗོད་ཡོད་པ་དང་། ཐེན་ཅིན་མི་མང་འབྲིང་རིམ་ཁྲིམས་ཁང་ཟེར་བ་དེས་ཁྲིམས་རྩོད་པ་ཝང་གི་ཉེས་དོན་ལ་འདྲི་ཞིབ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་ནའང་། ས་གནས་དང་དུས་ཚེས་སོགས་གསལ་བོ་བཤད་མེད་པར་མུ་མཐུད་བཀག་ཉར་འོག་བཞག་ཡོད་འདུག

ལྕམ་ལི་ཝིན་ཀྲུའུ་ཡིས་ཁྱོ་གར་དྲང་བདེན་གྱི་ཐག་གཅོད་ཅིག་ཡོང་ཆེད་ད་བར་དུ་ལས་འགུལ་མང་པོ་སྤེལ་ཡོད་འདུག འདི་ལོའི་ཕྱི་ཟླ་ ༤ བའི་ནང་ཁྱོ་ག་འཛིན་བཟུང་བྱས་ནས་ཉིན་གྲངས་ ༡༠༠༠ འགོར་བ་དང་བསྟུན། བྱིས་པ་འཁྲིད་དེ་ལེ་བར་ ༡༠༠ ལྷག་ལ་གོམ་བགྲོད་བྱས་ཡོད་འདུག

ལི་ཝིན་ཀྲུའུ་ཡི་བཟའ་ཟླ་ཁྲིམས་རྩོད་པ་ཝང་ཆན་ཀྲང་གིས། ། རྒྱ་ནག་ནང་ཚོར་ཤུགས་སྐྱེན་པའི་གྱོང་དོན་ཏེ་ཉེན་རྟོག་པས་བཅར་རྡུང་བཏང་བ་དང་། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པའི་གནད་དོན། ཞིང་ས་བཙན་ལེན་བྱས་པ་དང་ཆབ་སྲིད་ཀྱི་གནོན་ཤུགས་འོག་གར་སོང་ཆ་མེད་དུ་གྱུར་བ་སོགས་ལ་ཁྲིམས་ཀྱི་སྲུང་སྐྱོབ་དང་ཐག་གཅོད་དྲང་བདེན་དགོས་པའི་ཞུ་གཏུག་མང་པོ་བྱས་པར་བརྟེན། ཕྱི་ལོ་ ༢༠༡༥ ལོར་གཞུང་ལ་གྱེན་ལོག་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་ད་བར་དུས་ཡུན་ངེས་མེད་ཐོག་བཙོན་ཁང་དུ་བཅུག་ཡོད་པ་རེད།

ཕྱི་ལོ་ ༢༠༡༥ ལོ་ནས་བཟུང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཁྲིམས་རྩོད་པ་དང་རྩོམ་པ་པོ། སྒྱུ་རྩལ་བ་སོགས་མི་མང་འཛིན་བཟུང་བྱས་ཏེ་ངེས་མེད་བཀག་ཉར་བྱེད་ཀྱི་ཡོད་པ་དང་། བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༥ ལོ་ནས་ད་ལྟའི་བར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སོགས་མི་གྲངས་ ༣༠༠ ཙམ་བཀག་ཉར་འོག་ཡོད་པ་དང་། རྒྱལ་སྤྱིའི་ཐོག་ནས་གནད་དོན་དེ་ལ་ ༧༠༩ དོན་རྐྱེན་ཞེས་འབོད་ཀྱི་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་སོགས་འཛམ་གླིང་གི་ཚོགས་སྡེ་ཁག་མང་པོ་ནས་རྒྱ་གཞུང་གི་བྱ་སྤྱོད་དེར་སྐྱོན་བརྗོད་དང་སྦྲགས། བཀག་ཉར་འོག་ཡོད་པ་རྣམས་འཕྲལ་དུ་ཀློད་གྲོལ་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༡༢/༡༩

Leave a Reply