རྒྱ་ནག་གྲུ་གཟེངས་བཟོ་ལས་ཁང་གི་མགོ་འཁྲིད་ལ་ཉེས་པ་ཕོག

རྒྱ་ནག་གྲུ་གཟེངས་བཟོ་ལས་ཁང་གི་མགོ་འཁྲིད་ཟུར་པ་སིན་པའོ་ཡིས་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོས་པའི་ནག་ཉེས་འོག་དམར་ཤོག་ཚོགས་པ་ནས་ཕྱིར་འཕུད་བཏང་ཡོད་འདུགརྒྱ་ནག་གཞུང་གིས་ད་ལོའི་ཕྱི་ཟླ་ ༧ པའི་ནང་ལྐོག་ཟ་རུལ་སུངས་དང་། དམར་ཤོག་ཚོགས་པའི་ལམ་ལུགས་ལ་གཏོར་བཤིག་བཏང་བའི་ཉེས་མིང་འོག་འཛིན་བཟུང་བྱས་པའི་རྒྱ་ནག་གྲུ་གཟེངས་བཟོ་ལས་ཁང་གི་མགོ་འཁྲིད་ཟུར་པ་དང་། རྒྱ་ནག་མཚོ་ཐོག་གནམ་གྲུ་འབབ་སྐྱེལ་གྲུ་གཟེངས་བཟོ་སྐྲུན་པ་སིན་པའོ(Sun Bo)ཟེར་བ་ཞིག་གིས། དམར་ཤོག་ཚོགས་པའི་སྒྲིག་གཞིར་འགལ་ནས་ལྐོག་རྔན་འབོར་ཆེན་བླངས་པ་དང་ལྐོག་ཇུས་རྫུན་བཟོ་བྱས་པ་སོགས་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་པའི་ནག་ཉེས་འོག ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ལས་གནས་ནས་གནས་དབྱུང་དང་དམར་ཤོག་ཚོགས་པ་ནས་ཕྱིར་འཕུད་བཏང་ཡོད་པ་མ་ཟད། མུ་མཐུད་ཞིབ་བཤེར་བྱས་ཏེ་ཁྲིམས་ཆད་གཅོད་རྒྱུ་ཡིན་འདུག

གནད་དོན་དེའི་ཐད་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས། སིན་པའོ་ཡིས་ཚོང་ལས་ཀྱི་དབང་ཆ་ལོག་སྤྱོད་ཀྱིས་ལྐོག་རྔན་འབོར་ཆེན་བླངས་པ་དང་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་པ་ར་འཕྲོད་བྱུང་ཡོད་སྐོར་བསྒྲགས་ཡོད་ཀྱང་། རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གསར་ཁང་ལ་དམག་དོན་འབྲེལ་ཡོད་གཉིས་ཀྱིས། སིན་པའོ་ཡིས་རྒྱ་ནག་གི་ཐེངས་དང་པོའི་མཚོ་དམག་གནམ་གྲུ་འབབ་སྐྱེལ་གྲུ་གཟེངས་ལེའུ་ནིན(Liaoning)བཟོ་སྐྲུན་སྐོར་གྱི་གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱས་ཡོད་པའི་རྐྱེན་གྱིས་ཡིན་སྐོར་བརྗོད་འདུག

ཡང་གནས་ཚུལ་ཡོང་ཁུངས་གཞན་ཞིག་གིས། སིན་གྱི་ཉེས་དོན་དེ་ཧ་ཅང་མགོ་རྙོག་ཅན་ཞིག་དང་དམར་ཤོག་ཚོགས་པ་ནང་ཁུལ་གྱི་གསང་བའི་གནད་དོན་མང་པོ་ཞིག་དང་འབྲེལ་ཡོད་པས། དམར་ཤོག་ཚོགས་པའི་མགོ་འཁྲིད་ཚོས་ཁོའི་ནག་ཉེས་ངོ་མ་གསལ་བོ་ཞིག་ཕྱིར་བསྒྲགས་བྱེད་མི་སྲིད་པ་ཞིག་རེད། དམར་ཤོག་མགོ་འཁྲིད་ཚོས་ཁོས་ལྐོག་རྔན་དང་ལམ་ལུགས་ལ་གཏོར་བཤིག་བཏང་བར་ཁ་གཡར་ནས་འཇོག་རྒྱུ་ཡིན་པ་ངེས་གཏན་ཡིན་སྐོར་བརྗོད་འདུག་ལ། གྲུ་གཟེངས་བཟོ་ལས་ཁང་གི་ལས་བྱེད་ཚོར་སིན་པའོ་ཡི་གནད་དོན་སྐོར་ནས་སྐད་ཆ་རྩ་བ་ནས་བཤད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་འདུག

སིན་པའོ་ནི་དམར་ཤོག་ཚོགས་པའི་མགོ་འཁྲིད་མཐོ་ཤོས་ཤིག་དང་ལས་ཡུན་རིང་ཤོས་ཤིག་ཡིན་སྟབས། ཞི་ཅིན་ཕིན་གྱི་ལྐོག་ཟ་རུལ་སུངས་རྒོལ་རྡུང་ཁྲོད་ཀྱི་སྟག་རྒན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་འདུག་ལ། ཁོས་རྒྱ་ནག་གི་མཚོ་དམག་གྲུ་གཟེངས་བཟོ་ལས་ཁང་དེར་ལས་ཀ་གཉེར་བ་ནས། མཚོ་དམག་གནམ་གྲུ་འབབ་སྐྱེལ་གྲུ་གཟེངས་ཐད་བྱས་རྗེས་ཆེན་པོ་བཞག་ཡོད་འདུག  རྒྱ་ནག་གིས་ཕྱི་ལོ་ ༡༩༩༨ ནང་དེ་སྔོན་གྱི་ཨུ་རུ་སུ་མནའ་འབྲེལ་ནས་མཚོ་དམག་གནམ་གྲུ་འབབ་སྐྱེལ་གྲུ་གཟེངས་རྙིང་པ་ཞིག་ཉོས་ཏེ་རྒྱ་ནག་གི་བཟོ་ལྟ་བཟོས་པ་ལས་རྒྱ་ནག་རང་ནས་བཟོ་ཐུབ་མེད་པ་དང་། ཕྱི་ལོ་ ༢༠༡༢ ལོ་ནས་སིན་གྱི་མགོ་འཁྲིད་འོག་རྒྱ་ནག་རང་གི་ཐོན་སྐྱེད་བྱས་པའི་ལེའུ་ནིན་གྲུ་གཟེངས་བཟོ་ཐུབ་པ་བྱུང་ནས་ན་ནིང་ལོར་དངོས་སུ་བེད་སྤྱོད་བཏང་ཡོད་འདུག

ད་ལན་རྒྱ་ནག་གི་གྲུ་གཟེངས་བཟོ་ལས་ཁང་གི་མགོ་འཁྲིད་ཅིག་ལ་ཉེས་འཛུགས་བྱས་པ་ཐོག་མ་དེ་མ་ཡིན་པར། ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་གི་གྲུ་གཟེངས་བཟོ་ལས་ཁང་གི་མགོ་འཁྲིད་ལོའུ་ཁྲིང་ཧོང་(Liu Changhong)ཞེས་པར་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་བྱས་ཏེ། དམར་ཤོག་ཚོགས་པ་ནས་ཕྱིར་འཕུད་དང་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་བཏང་ཡོད་པ་དང་། རྗེས་སུ་ཁོས་ལྐོག་རྔན་འབོར་ཆེན་བླངས་ཡོད་པར་བརྗོད་ནས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། ཁོའི་གནད་དོན་དེའང་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་གྱི་ཟིང་རྙོག་དང་འབྲེལ་བ་ཡོད་པའི་གླེང་གཞི་བྱུང་ཡོད་འདུག

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཞི་ཡི་སྟག་དང་སྦྲང་མར་གཡུལ་འགྱེད་ཀྱི་ལས་འགུལ་མགོ་བརྩམས་ནས་ད་བར་རྒྱ་ནག་གི་གནས་རིམ་མི་འདྲ་བའི་དཔོན་རིགས་ས་ཡ་ ༡.༣ ལྷག་ལ་བཙོན་འཇུག་དང་ཉེས་ཆད་ཕྱིར་འཕུད་སོགས་བཏང་ཡོད་སྐོར་བརྗོད་ཡོད་ན་ཡང་། ཕྱིའི་ཆབ་སྲིད་དབྱེ་ཞིབ་པ་མང་པོས་ཞི་ཡི་ལྐོག་ཟ་རུལ་སུངས་འགོག་རྒོལ་ལས་འགུལ་ལ་གྲུབ་འབྲས་བྱུང་གི་མེད་པ་དང་། དེ་ནི་དམར་ཤོག་ཚོགས་པ་ནང་ཁུལ་གྱི་འཐབ་འཛིང་ཞིག་ལས་དོན་དངོས་ལྐོག་ཟ་རུལ་སུངས་ལ་རྒོལ་བའི་ལས་འགུལ་ཞིག་མིན་སྐོར་བརྗོད་ཀྱི་ཡོད་པ་རེད།

སིན་ནི་ཕྱི་ལོ་ ༡༩༦༡ ལོར་སྐྱེས་ཡོད་པ་དང་། ཕྱི་ལོ་ ༡༩༨༢ ལོར་རྒྱ་ནག་ཏཱ་ལིན་(Dalian)འཕྲུལ་ལས་གཙུག་ལག་སློབ་གཉེར་དང་ཐོན་སྐྱེད་བཟོ་ལས་ཁང་ཞེས་པ་ནས་སློབ་མཐར་ཕྱིན་ཡོད་པ་དང་།  ཁོང་ལ་སློབ་གླིང་དེ་ནས་འཕྲུལ་ལས་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོའི་བསླབ་གནས་སྤྲད་ཡོད་ལ། ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གྲུ་གཟེངས་བཟོ་གྲྭའི་འགན་འཛིན་དུ་བསྐོས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༢/༡༨

Leave a Reply