ཡེ་མན་གྱི་ཧོ་དྷེ་དྷ་ཁུལ་དུ་དམག་མཚམས་བཞག་འདུག

ཡེ་མན་གྱི་གཞུང་འཛིན་པ་དང་ཧོ་ཐི་སི་ཁ་གཏད་ཚོགས་པ་གཉིས་ཀྱིས་ཞི་མོལ་བརྒྱུད་དམག་མཚམས་འཇོག་རྒྱུའི་ཁས་ལེན་དང་ཁ་སང་མཚན་དགུང་ནས་ཁུལ་དེར་ཡོད་པའི་ཤོག་ཁག་གཉིས་ཀྱི་དམག་མི་ཕྱིར་འཐེན་བྱེད་འགོ་བརྩམས་ཡོད་འདུག
དེ་རིང་ཕྱི་ཚེས་ ༡༨ ཉིན། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༦ ཉིན་ནས་འགོ་འཛུགས་ཀྱིས་བདུན་ཕྲག་གཅིག་ལྷག་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མགོ་འཁྲིད་འོག་ཡེ་མན་གཞུང་འཛིན་ཚོགས་པ་དང་ཧོ་ཐི་སི་ཁ་གཏད་ཚོགས་པའི་(Houthis Rebels)བར་ཞི་མོལ་ཚོགས་འདུ་ཞིག་འཚོགས་ཡོད་པ་ལྟར། ཞི་མོལ་སྐབས་ཕྱོགས་གཉིས་ཀྱིས་ཡེ་མན་བ་ས་ཡ་མང་པོ་བྲོས་བྱོལ་དུ་སོང་ཡོད་པའི་ཧོ་དྷེ་དྷ་(Hodeidah)ས་ཁུལ་དུ་གནས་སྐབས་དམག་མཚམས་འཇོག་རྒྱུར་མོས་མཐུན་བྱུང་ཡོད་སྟབས། ཁ་སང་མཚན་དགུང་ནས་ཡེ་མན་གྱི་ཧོ་དྷེ་དྷ་ཁུལ་དུ་ཡོད་པའི་ཤོག་ཁག་གཉིས་ཀྱི་དམག་མི་རྣམས་ཕྱིར་འཐེན་བྱེད་འགོ་བརྩམས་ཡོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱིར་བསྒྲགས་བྱས་པ་ལྟར་ན། ཞི་མོལ་སྐབས་མོས་མཐུན་ཐག་གཅོད་བྱས་པ་ལྟར་ཕྱོགས་གཉིས་བར་ཧོ་དྷེ་དྷ་གྲོང་ཚོར་གནས་སྐབས་དམག་མཚམས་བཞག་སྟེ་ཉིན་གྲངས་ ༢༡ ནང་ཚུད་ལ་རང་གི་དམག་མི་ཕྱིར་འཐེན་བྱེད་དགོས་པ་དང་། ལོ་རྗེས་མའི་ཕྱི་ཟླ་ ༡ ཚེས་ ༢༠ སྔོན་ནས་ཕྱོགས་གཉིས་ཕན་ཚུན་གྱི་བར་བཙོན་འཇུག་བྱས་པའི་བཙོན་པ་ ༡༦,༠༠༠ ལྷག་རྩིས་སྤྲོད་བྱེད་ཚར་དགོས་ཀྱི་ཡོད་འདུག་པ་དང་། གྲོས་ཆོད་གཞིར་བཟུང་ཧོ་དྷ་དྷེ་དང་ར་སི་ཨི་ས།(Ras Isa)། ས་ལི་ཧྥི་(Saleef)བཅས་ཀྱི་མཚོ་འགག་རྣམས་སྐབས་འཕྲལ་ས་གནས་དམག་མིའི་སྟངས་འཛིན་འོག་འཇོག་རྒྱུ་ཡིན་འདུག

ཁུལ་དེའི་བདེ་འཇགས་སྲུང་སྐྱོབ་དང་མི་མང་ས་ཡ་མང་པོའི་དཀའ་ངལ་སེལ་ཆེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བར་གནས་དམག་མི་འགྲེམས་འཇོག་དང་རྒྱལ་སྤྱིའི་རོགས་སྐྱོར་ལས་གཞི་འགོ་འཛུགས་བྱ་རྒྱུ་ཡིན་པ་དང་། ཐེངས་འདིའི་ཧོ་དྷེ་དྷ་གྲོང་ཚོར་དམག་མཚམས་འཇོག་རྒྱུའི་གྲོས་ཆོད་ལག་བསྟར་རྒྱུན་འཁྱོང་ཐུབ་ཚེ། མཚོ་འགག་བརྒྱུད་ཡེ་མན་རྒྱལ་ཁབ་ནང་རྒྱལ་སྤྱིའི་རོགས་སྐྱོར་སླེབས་ཐུབ་པ་མ་ཟད། བྲོས་བྱོལ་དུ་སླེབས་པའི་ཡེ་མན་བ་ས་ཡ་མང་པོ་ཞིག་མུ་གེས་མནར་བཞིན་པའི་ཛ་དྲག་གནས་སྟངས་ལས་སྐྱོབ་ཐུབ་ཀྱི་ཡོད་ན་ཡང་། ཡེ་མན་གྱི་གཞུང་འབྲེལ་མི་སྣ་དང་ས་གནས་མི་མང་གིས་བརྗོད་ཚུལ་ལྟར་ན། དམག་མཚམས་འཇོག་རྒྱུའི་གྲོས་ཆོད་ལག་བསྟར་མ་བྱས་སྔོན་ཏག་ཏག་དེར། ཧོ་དྷེ་དྷའི་ཤར་དང་ལྷོ་ཕྱོགས་ཁུལ་དུ་ཕྱོགས་གཉིས་བར་དམག་འཁྲུག་ཆེན་པོ་བྱུང་ཡོད་སྐོར་བརྗོད་ཡོད་པ་དང་།

ཡེ་མན་གྱི་ནང་འཁྲུག་བྱུང་བ་ནས་འདི་ལྟ་བུའི་གྲོས་ཆོད་གཅིག་ཀྱང་འཇོག་ཐུབ་མེད་པ་དང་།  ཐེངས་འདིའི་ཞི་མོལ་ལ་བརྟེན་ནས་ཧོ་དྷེ་དྷ་གྲོང་ཚོར་ཡོད་པའི་མི་མང་ས་ཡ་མང་པོར་འཚོ་གནས་ལ་བདེ་འཇགས་བྱུང་ཡོད་པ་དང་། ལོ་རྗེས་མའི་ཕྱི་ཟླ་ ༡ ནང་བསྐྱར་དུ་ཕྱོགས་གཉིས་བར་ཡང་ཞི་མོལ་ཚོགས་འདུ་ཞིག་འཚོག་རྒྱུ་ཡིན་པ་དང་། ཐེངས་འདིའི་དམག་མཚམས་གྲོས་ཆོད་དེ་དོན་འཁྱོལ་བྱུང་ཚེ། ཡོང་རྒྱུའི་ཞི་མོལ་སྐབས་ཡེ་མན་གྱི་ཆབ་སྲིད་བཅོས་བསྒྱུར་དང་འདུམ་སྒྲིག་བྱེད་རྒྱུ་ཅུང་ལས་སླ་རུ་འགྲོ་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་ན་ཡང་།རྒྱལ་སྤྱིའི་ཆབ་སྲིད་དབྱེ་ཞིབ་པ་མང་པོས་རྩ་བའི་ཆ་ནས་གྲོས་ཆོད་འདི་མུ་མཐུད་རྒྱུན་འཁྱོངས་ཐུབ་རྒྱུ་ཁག་པོ་ཡིན་སྐོར་བརྗོད་འདུག

ཡེ་མན་གྱི་ནང་འཁྲུག་ནི་ཕྱི་ལོ་ ༢༠༡༤ ནས་འགོ་འཛུགས་ཀྱིས་ད་ལྟའི་བར་མི་གྲངས་ ༦༠,༠༠༠ ལས་མང་བ་ཟིང་འཁྲུག་ཁྲོད་རྐྱེན་འདས་དང་། བྱིས་པ་ ༨༥,༠༠༠ ལས་མང་བ་མུག་གེ་རྐྱེན་པས་ཤི་ཡོད་པ་དང་། ད་ལྟའི་ཆར་མི་གྲངས་ས་ཡ་  ༨ ལྷག་ལ་རྒྱལ་ཁབ་ཀྱི་ཕྱི་ལོག་ནས་བཟའ་བཅའི་རོགས་སྐྱོར་མཁོ་སྤྲོད་བྱེད་དགོས་ཀྱི་ཡོད་པ་དང་། གལ་ཏེ་གནས་སྟངས་ཡག་ཏུ་མ་ཕྱིན་པར་མུ་མཐུད་ཟིང་འཁྲུག་བྱུང་ཚེ་འཆར་ལོའི་ནང་བར་མི་གྲངས་ས་ཡ་ ༡༤ ཙམ་ལ་འཕར་ཏེ། འཛམ་གླིང་གི་དེང་རབས་ལོ་རྒྱུས་ཁྲོད་ཀྱི་མིས་བཟོས་མུ་གེ་ཚབས་ཆེ་ཤོས་དེ་ཡོང་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༡༨/༡༢/༡༨

Leave a Reply