བོད་ལ་ཕྱིར་ལོག་མཁན་ཚོ་ལྟ་སྐོར་ལ་འཁྲིད་ཀྱི་འདུག་ཟེར།

རྒྱ་ནག་གཞུང་གིས་བཙན་བྱོལ་ནས་ཕྱིར་བོད་དུ་ལོག་པའི་བོད་མི་ཚོ་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་ལྟ་སྐོར་དུ་འཁྲིད་དེ་རྒྱ་ནག་གི་འཕེལ་རྒྱས་དང་གུང་ཁྲན་ཏང་གི་སྟོབས་ཤུགས་ཟེར་བ་སོགས་ངོ་སྤྲོད་བྱེད་ཀྱི་ཡོད་འདུག 
དེ་རིང་འདི་གའི་གསར་ཁང་ལ་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན།  ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་རྒྱ་ནག་གཞུང་གིས།བཙན་བྱོལ་ནས་ཕྱིར་བོད་དུ་ལོག་པའི་བོད་མི་ཚོ་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་ལྟ་སྐོར་དུ་འཁྲིད་དེ་རྒྱ་ནག་གི་འཕེལ་རྒྱས་དང་གུང་ཁྲན་ཏང་གི་སྟོབས་ཤུགས་ཟེར་བ་སོགས་ངོ་སྤྲོད་བྱེད་པའི་ལས་གཞི་ཞིག་མགོ་འཛུགས་བྱས་ཡོད་པ་དང་། ལས་གཞི་དེའི་དམིགས་ཡུལ་གཙོ་བོ་ནི་ཕྱི་ལོག་ནས་ཡོང་མཁན་ཚོར་རྒྱ་ནག་འཕེལ་རྒྱས་སུ་ཕྱིན་ཡོད་ཟེར་ནས་ཧེབ་ལངས་ཐབས་བྱེད་ཀྱི་ཡོད་པ་དང་། ལོ་སྔོན་མ་རྣམས་སུ་རྒྱ་ནག་གི་ནན་ཅིན་དང་ཞི་ཨན་སོགས་གནའ་བོའི་གྲོང་ཁྱེར་ཁག་ཏུ་འཁྲིད་ཀྱི་ཡོད་ན་ཡང་། ད་ལོ་ནས་རྒྱ་ནག་གི་པེ་ཅིན་གྲོང་ཁྱེར་སོགས་ལ་འཁྲིད་ཀྱི་འདུག  ཅེས་བརྗོད་བྱུང་།

མུ་མཐུད་ཁོངགིས། ལྟ་སྐོར་ལ་མ་སོང་བའི་ཉིན་ཤས་རིང་ཟབ་སྦྱོང་སྤྲོད་མཁན་ཆེད་དུ་འཁྲིད་ཡོང་ནས་གུང་ཁྲན་ཏང་གི་འཕེལ་རྒྱས་དང་སྟོབས་ཤུགས། རྒྱ་ནག་གཞུང་གི་ཆབ་སྲིད་དང་ཁྲིམས་ལུགས། ལོ་རྒྱུས། ཕྱིར་རྒྱ་ནག་ལ་ལོག་པ་དེ་ཡག་པོ་ཡིན་པ་སོགས་ཀྱི་སྐོར་གཏམ་བཤད་སྤེལ་གྱི་འདུག་མོད། ལྟ་སྐོར་ལ་འཁྲིད་པའི་རིང་འགྲོ་སོང་ཚང་མ་ཁོ་རང་ཚོས་གཏོང་གི་འདུག དེ་བཞིན་ལམ་བར་སོགས་ནས་ཧ་ཅང་ཡག་པོ་བྱེད་ཀྱི་འདུག ལྟ་སྐོར་ལ་ལོ་རེ་བཞིན་རྫོང་ཁག་རེ་ནས་མི་གཉིས་གསུམ་རེ་བདམ་ནས་འཁྲིད་བཞིན་ཡོད་པ་རེད། ད་ལོ་ང་ཚོའི་རྫོང་ནས་མི་གསུམ་ཞིག་འཁྲིད་ཡོད་པ་དང་ཁོ་ཚོ་གྲྭ་པ་རེ་ཡིན་སྐོར་བརྗོད་ཀྱི་འདུག ཅེས་བརྗོད་བྱུང་།

ཡང་ཕྱིར་བོད་ལ་ལོག་མཁན་ཚོར་ནམ་རྒྱུན་ག་རེ་བྱེད་ཀྱི་ཡོད་པ་དང་། ལྟ་སྐོར་དུ་འཁྲིད་པའི་ལས་འགུལ་དེ་གང་དུ་སྤེལ་གྱི་ཡོད་མེད་དྲིས་པར་ཁོང་གིས། ལས་འགུལ་དེ་ལྟ་བུ་བོད་ཁུལ་གྱི་རྫོང་ཁག་ཕལ་མོ་ཆེ་ན་སྤེལ་བཞིན་ཡོད་པ་དང་། ཕྱིར་ལོག་མཁན་ཚོས་སོ་སོའི་ས་གནས་རྫོང་ལ་ཐོ་འགོད་དང་ཁ་པར་ཨང་གྲངས་སོགས་སྤྲོད་དགོས་པ་དང་། དུས་ཡུན་ངེས་མེད་ནང་ཁ་པར་བཏང་སྟེ་གང་དུ་ཡོད་པ་དང་ལས་དོན་ག་རེ་གཉེར་གྱི་ཡོད་མེད་སོགས་ཀྱི་སྐོར་ལ་འདྲི་རྩད་དང་སྐད་ཆ་གང་བྱུང་བཤད་མི་ཉན་པར་ཁ་ལ་བདག་པོ་རྒྱག་དགོས་པའི་དྲན་སྐུལ་སོགས་བྱེད་ཀྱི་ཡོད་པ་རེད། མང་པོ་ཞིག་ཕྱིར་བསླེབས་ནས་ལོ་ ༥ ལྷག་འགྲོ་ཡི་ཡོད་ཀྱང་། ད་དུང་ཁ་པར་བསླེབས་ནས་ག་རེ་བྱེད་ཀྱི་ཡོད་མེད་སོགས་ཀྱི་སྐོར་ལ་འདྲི་རྩད་བྱེད་ཀྱི་ཡོད་པ་རེད། དེང་སང་ཕྱིར་ལོག་མཁན་ཚོར་སྐད་འཕྲིན་ཚོགས་པ་བཙུགས་ནས་ཉིན་རེའི་རྒྱ་ནག་གཞུང་གི་ཆབ་སྲིད་དང་ཁྲིམས་ལུགས་སོགས་སྐབས་དོན་གནས་ཚུལ་དྲིལ་བསྒྲགས་དང་། དེ་ནས་མཚམས་རེར་ང་ཚོ་ཚང་མར་སྒྲོག་དགོས་པའི་གནས་ཚུལ་ཡོད་ན་དེའི་ནང་དུ་བཤད་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

འདས་པའི་ལོ་ཤས་ནས་རྒྱ་ནག་གཞུང་གིས་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོ་ཕྱིར་བོད་ནང་དུ་ལོག་པའི་སྲིད་བྱུས་སྣ་ཚོགས་འཐེན་གྱི་ཡོད་པ་དང་། དེ་སྔོན་རྒྱ་ནག་གཞུང་ཚབ་ཀྱིས་བོད་ནང་སྐྱོད་མཁན་ཚོར་ཡིག་ཆ་དུས་ཐོག་ཏུ་སྤྲོད་ཀྱི་མེད་པ་སོགས་ཀྱི་དཀའ་ངལ་འཕྲད་ཡོད་ན་ཡང་། ཕྱི་ལོ་ ༢༠༡༡ ལོའི་ལོ་མགོ་ཙམ་ནས་ལྡི་ལི་གཞུང་ཚབ་ཁང་བརྒྱུད་བོད་ནང་ལོ་ ༢ རིང་སྡོད་ཆོག་པའི་ཡིག་ཆ་༼འགྲུལ་བསྐྱོད་ཡིག་ཆ་༽ (Travel Document) ཟེར་བ་ཞིག་སྤྲོད་མགོ་བརྩམས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ཀྱི་བོད་རིགས་ནང་འགུག་བྱ་ཆེད་བོད་ཀྱི་ས་གནས་ཆེ་ཁག་ཏུ་སྣེ་ལེན་ཁང་གསར་རྒྱག་གིས་ལས་བྱེད་བསྐོ་བཞག་བྱས་ཡོད་པ་དང་། རྒྱ་ནག་གཞུང་ངོས་ནས་བོད་ནང་ལོག་མཁན་ཚོར་སྣེ་ལེན་ཡག་པོ་བྱེད་ཀྱི་ཡོད་པའི་དྲིལ་བསྒྲགས་རིགས་ཀྱང་བྱས་ཡོད་པ་མ་ཟད། ཕྱིར་ལོག་མཁན་ཚོ་མུ་མཐུད་བོད་ནང་འདུག་དགོས་པའི་ཁ་ཏ་སློབ་གསོ་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་རྒྱུན་ལས་དྲུང་ཆེ་གཞོན་པ་པདྨ་འཕྲིན་ལས་ཀྱིས་སྣེ་འཁྲིད་པའི་འཐུས་ཚབ་ཚོགས་ཆུང་ཞིག་ཨ་རིའི་གྲོང་ཁྱེར་ནའེ་ཡོག་ཏུ་འབྱོར་ཡོད་པ་དང་བསྟུན། ཁོས་ཕྱི་རྒྱལ་ཁག་ཏུ་བོད་མི་འབུམ་ ༢ ཙམ་ཡོད་ཅིང་། དེ་དག་ལས་མང་པོ་ཞིག་དེང་སྐབས་སྔ་རྗེས་སུ་ཕྱིར་རང་ཡུལ་དུ་ལོག་ཡོང་གི་འདུག བོད་ལྗོངས་ཀྱིས་ཁྱེད་ཅག་ཕྱིར་ལོག་པར་དགའ་བསུ་ཞུ་བཞིན་ཡོད་ཅིང་། ཕྱིར་རང་ཡུལ་དུ་ལོག་ནས་གཏན་སྡོད་བྱེད་པར་དེ་བས་ཀྱང་དགའ་བསུ་ཞུ་བཞིན་ཡོད་ཅེས་སོགས་བརྗོད་ཡོད་པ་རེད།

གཞན་ཡང་ད་ལོའི་ཕྱི་ཟླ་ ༡༡ ནང་བོད་ཀྱི་རྒྱལ་ས་ལྷ་ས་རུ་ཆེད་དུ་ཕྱི་སྡོད་བོད་མིའི་ལས་དོན་གཞུང་ལས་ཁང་ཟེར་བ་སོགས་ཀྱི་ལས་ཁུངས་སྒོ་འབྱེད་དང་། ལས་ཁུངས་དེའི་དམིགས་ཡུལ་ནི་ཕྱིར་སྡོད་བོད་མིའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། ཕྱིར་སྡོད་རང་མིའི་ལས་དོན་དང་མགོ་འཁྲིད་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྔར་བས་ཁྱབ་རྒྱ་ཆེ་བའི་སྒོ་ནས་བོད་ཀྱི་ཕྱིར་སྡོད་སྤུན་ཟླ་དང་རྒྱལ་ནང་དུ་ལོག་པའི་ཕྱིར་སྡོད་རང་མིའི་ཁྱིམ་མི་ལ་མཐུན་སྒྲིལ་དང་འབྲེལ་བ་བྱས་ཏེ། མང་ཚོགས་དང་ཚོགས་པའི་ནུས་པ་སྔར་བས་ལེགས་པར་འདོན་སྤེལ་བྱ་རྒྱུ་བཅས་ཡིན་སྐོར་བརྗོད་ཡོད་པ་རེད།

རྒྱ་ནག་གིས་བཙན་བྱོལ་བོད་མི་ཚོ་ཕྱིར་བོད་དུ་ལོག་ཐབས་སྣ་ཚོགས་བྱེད་བཞིན་པ་ནི་བོད་མིའི་སྒྲིག་འཛུགས་ཉམས་ཉེས་སུ་འགྲོ་ཐབས་ལ་དམིགས་ཡོད་སྐོར་བརྗོད་ཀྱི་ཡོད་པ་ལྟར། ཕྱི་ལོ་ ༢༠༡༣ ལོར་རྒྱ་ནག་གི་ཀྲུང་གོ་བོད་རིག་པའི་དུས་དེབ་ཟེར་བའི་སྟེང་མིང་ལ་ལིའུ་པིང་ཟེར་བའི་རྒྱ་ནག་གི་གཞུང་འབྲེལ་ལས་བྱེད་ཅིག་གིས་དུས་སྐབས་གསར་པའི་བོད་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཐད་ལ་བསམ་གཞིགས་ཟེར་བའི་རྩོམ་ཡིག་ཅིག་སྤེལ་བའི་ནང་། གོ་སྐབས་འཚམ་པོ་བྱུང་དུས་སེམས་ཐག་གཙང་བཅད་ཀྱིས་ཕྱི་སྡོད་བོད་རིགས་སྤུན་ཟླ་མེས་རྒྱལ་ལ་སེམས་ཕྱོགས་ཐབས་བྱེད་དགོས་སྐོར་དང་། དུས་རབས་ ༢༠ པའི་ལོ་རབས་ ༨༠ ནས་བཟུང་ཕྱི་ལ་སོང་སྟེ་ཕྱི་རྒྱལ་དུ་གནས་སྡོད་བྱས་ཡོད་པའི་བོད་རིགས་སྤུན་ཟླའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་དང། ཁོང་ཚོ་དང་འབྲེལ་བ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་མ་ཟད། ཕྱི་སྡོད་བོད་རིགས་ཀྱི་མི་རབས་གཉིས་པ་དང་གསུམ་པའི་འབྲེལ་གཏུག་གི་ལས་དོན་ཡག་པོ་སྒྲུབ་དགོས་ཤིང། ཏཱ་ལའི་རུ་ཚོགས་ཀྱི་ཕྱི་རྒྱལ་གྱི་སྤྱི་ཚོགས་ཀྱི་རྨང་གཞི་ཇེ་ཞན་དུ་གཏོང་དགོས། འགལ་ཟླ་བེད་སྤྱོད་བྱས་ཏེ་ནང་དཀྲུག་ཁ་གཏོར་བྱེད་པའི་རྩ་དོན་དེ་ཕྱི་སྡོད་བོད་རིགས་ཚོའི་ལས་དོན་གྱི་རིམ་པ་ཁག་གི་ནང་ཁྱབ་དགོས་པ་སོགས་བསྒྲགས་ཡོད་པ་རེད།

ཕྱི་ལོ་ ༢༠༡༡ ལོར་ཕྱིར་བོད་ནང་ལོག་མཁན་འབོར་ཆེན་བྱུང་བ་དང་བསྟུན་འདི་གའི་གསར་ཁང་གིས་བོད་མིའི་སྒྲིག་འཛུགས་བདེ་སྲུང་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་སུ་དེའི་སྐོར་དྲིས་པར་ཁོང་གིས། སྤྱིར་བོད་དུ་ལོག་ན་གཞིས་ཆགས་ཁག་གི་གཞིས་མགོར་འབྲེལ་བ་བྱས་ཏེ། བོད་དུ་ལོག་དགོས་དོན་སྐོར་གྱི་འགེངས་ཤོག་སྐོང་བ་དང་། ངྷ་ས་ལྟ་བུར་ས་གནས་མགོ་འཛིན་ལས་ཁུངས་ནས་འགེངས་ཤོག་སྐོང་དགོས་ཀྱང་། ད་བར་བོད་མི་ཉུང་ཤས་ཤིག་ལས་ལས་གཞི་དེར་དོ་སྣང་བྱེད་མཁན་བྱུང་ཡོད་པ་མ་རེད། དེར་མང་ཚོགས་ཀྱིས་ངེས་པར་དུ་དོ་སྣང་བྱ་དགོས་པ་རེད། བོད་དུ་ལོག་མཁན་དག་ལ་གཞུང་གི་ངོས་ནས་བཀག་འགོག་གནང་འདོད་ཡོད་པ་མ་རེད། ཡིན་ནའང་། གཙོ་བོ་རང་ཉིད་རྒྱ་ནག་གི་དྲིལ་བསྒྲགས་རྫུན་མའི་འོག་མགོ་མི་འཁོར་བ་ཞིག་གནང་དགོས་པ་རེད། རྒྱ་ནག་གཞུང་གིས་ལོ་རབས་ ༨༠ པའི་ནང་རྒྱ་གར་ལ་ཕེབས་མཁན་ཚོར་དམིགས་བསལ་སྣེ་ལེན་བྱེད་ཀྱི་ཡོད་པ་རེད། དེའི་སྔོན་ལ་ཡོང་མཁན་ཚོར་སྤུན་མཆེད་ཀྱི་འབྲེལ་བ་རིང་དུ་ཕྱིན་ཡོད་སྟབས་དེ་ཙམ་གལ་ཆེར་བརྩི་ཡི་ཡོད་པ་མ་རེད། དེ་མིན། སློབ་གྲྭ་ཁག་ནས་བོད་དུ་ལོག་མཁན་མང་པོ་ཡོང་གི་འདུག དེ་དག་ཁག་ཅིག་སློབ་ཕྲུག་གི་ཕ་མར་གནོན་ཤུགས་སྤྲད་དེ་ཕྱིར་ལོག་དགོས་པ་ཞིག་ཆགས་འདུག ཅེས་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༢/༡༩

Leave a Reply to སྟག་ཚང་རིག་རྒོད། Cancel Reply

One thought on “བོད་ལ་ཕྱིར་ལོག་མཁན་ཚོ་ལྟ་སྐོར་ལ་འཁྲིད་ཀྱི་འདུག་ཟེར།

  1. སྟག་ཚང་རིག་རྒོད།

    གསར་འགྱུར་འདི་ཆ་ཚང་ཞིག་བཀླགས་ཡོད། འདས་པའི་དུས་ཚོད་ནང་བོད་མི་མང་པོ་ཞིག་བོད་ལ་ལོག་གི་ཡོད་པ་འདིའི་རྒྱུ་རྐྱེན་ངོ་མ་ནི་ས་མཐའ་འདི་ནས་རང་ཉིད་དང་ནང་མི་སུ་ལ་ཡང་ཕན་པའི་འབྲས་བུ་ཞིག་མེད་པས་ཡིན་སྲིད་ལ། འགལ་ཟླ་དང་ནང་འཁྲུག་གི་ཁོར་ཡུག་འདིར་མི་དགའ་བ་ཡང་ཡིན་སྲིད། ཡང་ཅིག་བཤད་ན་ནམ་ཞིག་བོད་མི་བོད་ལ་ལོག་མཁན་སུ་ཡོད་ཀྱང་ཚང་མ་ལ་རྒྱ་ནག་གཞུང་ནས་ཆོག་མཆན་སྤྲོད་ཀྱི་ཡིན་ཟེར་ན་མི་ལོག་མཁན་སུ་སུ་ཡོད་མེད་སོ་སོས་བསམས་ན་ཤེས་གསལ་རེད། འདི་ང་ཚོའི་རྩ་དོན་གྱི་ཉེན་ཁ་ཞིག་རེད། འདི་ང་ཚོས་འདས་པའི་དུས་ཚོད་ནང་ལས་ལས་པའི་འབྲས་བུ་རེད། དེ་བས་ང་ཚོས་ཐབས་སྣ་ཚོགས་ཀྱི་སྒོ་ནས་མདུན་སྐྱོད་དང་ཆིག་སྒྲིལ་ལ་འབད་དགོས།