དྲང་ངེས་ལེགས་བཤད་སྙིང་པོའི་བགྲོ་གླེང་དབུ་འཛུགས་གནང་།

གནས་མཆོག་རྡོ་རྗེ་གདན་དུ་དྲང་ངེས་ལེགས་བཤད་སྙིང་པོའི་བགྲོ་གླེང་དབུ་འཛུགས་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སེམས་ཀྱི་གཏིང་ནས་ངེས་པ་ཐོབ་རྗེས་ཡང་ནས་ཡང་དུ་གོམས་པར་བྱས་ཏེ་བློ་ལ་འགྱུར་བ་ཐེབས་པ་ཞིག་དགོས་སྐོར་བཀའ་སློབ་གནང་འདུགདེ་རིང་སྔ་དྲོའི་ཆུ་ཚོད་ ༩།༠༠ ཙམ་གྱི་སྟེང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། གནས་མཆོག་རྡོ་རྗེ་གདན་གྱི་ལྷོ་ཕྱོགས་སུ་ཡོད་པའི་ཀིརྟི་བྱེས་པ་གྲྭ་ཚང་དང་ཀིརྟིའི་དགེ་རྩ་ཚོགས་པས་གསར་བཞེངས་གནང་འཆར་ཡོད་པའི་དཔལ་ནཱ་ལེནྡྲའི་ལྟ་གྲུབ་སློབ་གཉེར་ཁང་བསམ་ཡས་གླིང་ལ་རྩིག་རྨང་བཞག་གནང་མཛད་དེ་ཐུགས་སྨོན་བྱིན་བརླབས་གནང་གྲུབ་རྗེས། རྗེ་ཙོང་ཁ་པས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་བགྲོ་གླེང་སྐབས་དང་པོ་དབུ་འཛུགས་གནང་སོང་། བགྲོ་གླེང་གི་ཚོགས་མགོན་དུ་༧གོང་ས་མཆོག་དབུ་བཞུགས་ཐོག་དགའ་ལྡན་གདན་ཟུར་རྣམ་གཉིས་དང་ཤར་བྱང་གི་ཆེས་རྗེ། གདན་ས་ཁག་གི་མཁན་པོ་སོགས་མཁས་པ་ ༤༡༢ ཙམ་དང་ཟུར་ཉན་པ་བཅས་ཁྱོན་མི་གྲངས་ ༧༠༠ ལྷག་འཛོམས་འདུག

བགྲོ་གླེང་དབུ་འཛུགས་སྐབས་དྲང་ངེས་ལེགས་བཤད་སྙིང་པོའི་བྱུང་རིམ་སྐོར་ལ་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས། ཕྱི་ལོ་ ༢༠༡༥ ལོར་ཁམས་བྲག་མགོ་རུ་དྲང་ངེས་བགྲོ་གླེང་ཐེངས་དང་པོ་ཚོགས་ཡོད་པ་དང་། སྐབས་དེར་མཁས་པ་ཚོས་དཔྱད་རྩོམ་གྲངས་ ༤༡ བྱུང་ཡོད་པ་རེད། ཕྱི་ལོ་ ༢༠༡༦ ལོར་ངས་རེ་འདུན་ཞུས་པ་བཞིན་སྟག་ཚང་ལྷ་མོ་ཀིརྟིའི་དགོན་དུ་ཐེངས་ཤིག་མདོ་དབུས་ཁམས་གསུམ་ནས་རྙིང་མ་དང་དགེ་ལུགས། ས་སྐྱ་དང་ཇོ་ནང་བཅས་ལ་བགྲོ་གླེང་ཞིག་ཁོར་ཡུག་ཁག་པོ་ཞིག་གི་འོག་ཚོགས་ཐུབ་སོང་། སྐབས་དེར་དཔྱད་རྩོམ ༢༢ དང་། ད་ཐེངས་ཀྱི་བགྲོ་གླེང་གསུམ་པ་དེ་ཚོགས་སྐབས་འཆད་རྩོད་རྩོམ་གསུམ་ཡོང་ཐུབ་ན་བསམ་པ་བཞིན་ཕྱི་ལོ་ ༢༠༡༦ ལོ་ནས་མཁས་པ་རྣམས་ལ་དཔྱད་རྩོམ་འབུལ་རོགས་ཞེས་དཔྱད་རྩོམ་འགྲན་བསྡུར་གནང་ཡོད་པ་རེད་ལ། དཔྱད་རྩོམ་གྲངས་ ༦༢ ཡོད་པ་རེད། ཅེས་གསུངས་སོང་།

དྲང་ངེས་ལེགས་བཤད་སྙིང་པོའི་ཐོག་བགྲེ་གླེང་ཚོགས་དགོས་པའི་རྒྱུ་མཚན་སྐོར་ལ་རིན་པོ་ཆེ་མཆོག་གིས། ལེགས་བཤད་སྙིང་པོ་བརྩམས་ནས་ལོ་ ༦༡༠ ཕྱིན་འདུག དེར་འགྲེལ་བ་དང་ཡང་འབྲེལ་ང་ཚོས་ཧ་གོ་བ་ ༨༩ དང་འབྲེལ་བ་ཆ་ཚང་བ་ཡོད་པ་ ༤༩ ཙམ་འདུག དེ་བཞིན་བགྲོ་གླེང་གསུམ་གྱི་སྐབས་སུ་མཁས་པ་ ༡༢༥ ཡིས་དཔྱད་རྩོམ་བྲིས་ཡོད་པ་དང་དྲང་ངེས་ལེགས་བཤད་སྙིང་པོར་ལོ་ ༦༠༠ ལྷག་རིང་འགྲོ་དོན་རྒྱ་ཆེན་གནང་བསྡད་པ་དེ་ནས་ཧ་གོ་ཡོང་བ་དང་། ང་སྒེར་ལ་ལེགས་བཤད་སྙིང་པོའི་ཐོག་དོ་སྣང་ཡོང་སྟངས་ནི། ང་ཚོའི་ཡུལ་ཕྱོགས་ཀྱི་ཁོར་ཡུག་དེར་དྲང་ངེས་ལེགས་སྙིང་པོ་དང་ལམ་རིམ་ཆེན་པོ་གཉིས་ལག་ཏུ་འཁྱེར་རྒྱུ་མེད་ཚེ། མི་གྲལ་དུ་མི་ཚུད་པའམ་གྲྭ་པ་ཞིག་ཡིན་ནའང་གྲྭ་པའི་གྲལ་དུ་མི་ཚུད་པའི་སྲོལ་ལྟ་བུ་ཞིག་ལ་བརྩི་སྲོལ་ཡོད་པ་རེད། དེ་ཙམ་མ་ཟད་མི་སྐྱ་ཞིག་འདས་པ་ཡིན་ནའང་དྲང་ངེས་ལེགས་བཤད་སྙིང་པོ་དང་ལམ་རིམ་ཆེན་པོ་གཉིས་སྔས་མགོར་འཇོག་པ་དང་། དེའི་ཐོག་མཆོད་མེ་སྒྲོན་པ་རེད། ལྷ་སར་མཆོད་མཇལ་དུ་འགྲོ་སྐབས་ཀྱང་དྲང་ངེས་ལེགས་བཤད་སྙིང་པོར་རིན་གོང་ཆེན་པོ་ཡིན་པ་ཤེས་ནའང་ཉོས་ནས་ཕ་ཡུལ་ཕྱོགས་ལ་འཁྱེར་པ། དཔེ་ཆ་བ་དེ་ཚོ་ཡར་མར་འགྲོ་དུས་སུ་དྲང་ངེས་ཀྱི་དཔེ་ཆ་རིང་པོ་ཡོད་སྟབས་རྐེད་པར་དཀྲིས་ཏེ་རྒྱུན་ཏུ་སྐྱོར་ནས་འདུག་པ་རེད། དེ་བཞིན་འཆད་ཉན་བྱེད་མཁན་ལོ་ཆུང་ཞིག་ཡིན་ཚེ་དྲང་ངེས་དང་དེའི་འགྲེལ་བ་གཉིས་ངེས་པར་དུ་བློ་ལ་འདོན་ཤེས་དགོས་རེད། དེ་མ་ཤེས་ཚེ་གྲྭ་གྲལ་དུ་ཚུད་ཀྱི་མེད་པའི་འགྲོ་སྟངས་དེ་འདྲ་ཡོད་པ་རེད། ད་ལོར་ང་ཕྲན་བུ་ན་ཡོད་སྟབས། བོད་ནས་ང་ལ་ཐོ་ཞིག་འབྱོར་ཏེ་དྲང་ངེས་བློར་འཛིན་གྱི་ཡིན་ལབ་མཁན་གྲྭ་བ་ ༢༠༠ ལྷག་འདུག དེ་བས་ད་ལྟ་ཡང་དྲང་ངེས་ཐོག་དོ་སྣང་ཆེན་པོ་ཡོད་པ་རེད། ཅེས་གསུངས་སོང་།འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས། རྗེ་ཙོང་ཁ་བ་འཇམ་མགོན་བླ་མར་ཤིང་རྟའི་སྲོལ་འབྱེད་ཀྱི་མཚན་ཐོགས་པའི་སྲོལ་འབྱེད་བྱེད་གཅིག་ནི་མདོ་ཕྱོགས་ནས་དྲང་ངེས་ལེགས་བཤད་སྙིང་པོ་དང་། སྔགས་ཕྱོགས་ནས་ཡིན་སྟབས་གངས་ཅན་ཤིང་རྟའི་སྲོལ་འབྱེད་ཀྱི་མཚན་ཐོགས་པ་དང་། བགྲོ་གླེང་ནང་མཉམ་ཞུགས་པ་མཁས་པ་ཚོས་རྗེ་ཙོང་ཁ་པའི་གཞན་དང་མི་འདྲ་བར་རིག་པའི་ལམ་ནས་གཏན་ལ་ཕབ་པ་དེ་ཐོག་མར་སེམས་ཙམ་གྱི་གཞུང་ནས་རིམ་གྱིས་བགྲོ་གླེང་བྱ་རྒྱུ་དང་། གདན་ས་ཁག་ནང་དྲང་ངེས་སློབ་གཉེར་གནང་མུས་ཡིན་ནའང་། ད་དུང་མུ་མཐུད་གཞུང་ཆ་ཚང་གི་སྤྱི་ཁོག་ལོན་ནས་སློབ་སྦྱོང་གནང་དགོས་པ་ལས་ཞེན་ཁོག་བྱས་པས་ཕན་གྱི་མེད་སྐོར་གསུངས་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བགྲོ་གླེང་དང་འབྲེལ་བའི་གསུང་བཤད་གནང་སྐབས། དེ་སྔོན་དྷ་རམ་ས་ལར་ཀིརྟི་རིན་པོ་ཆེས་དྲང་ངེས་ལེགས་བཤད་སྙིང་པོའི་ཐོག་ཀིརྟིའི་བྱེས་པ་གྲྭ་ཚང་ནང་བགྲོ་གླེང་ཞིག་འཚོགས་ན་གསུངས་སོང་། ངོས་ཀྱིས་རྡོར་གདན་དུ་ཚོགས་ན་ཡག་པོ་ཡོད་པ་རེད་ཅེས་ལབ་པ་ཡིན། ལོ་མང་རིང་རིན་པོ་ཆེ་དང་ཕ་ཡུལ་ཕྱོགས་ལ་ཐད་ཀར་འབྲེལ་བ་ཡོད་པའི་བསྟན་པ་དང་འགྲོ་བའི་དོན་དུ་ཡུལ་མིའི་སློབ་སྦྱོང་དང་དགོན་སྡེ་ཁག་གི་སློབ་གཉེར་ཐོག་གཟབ་གཟབ་བྱེད་དགོས་པའི་རེ་སྐུལ་བྱས་ཏེ་རྒྱུན་རིང་པོར་ཧུར་ཐག་ངང་ཞེ་དྲག་ཡག་པོ་གནང་ཡོད་པ་རེད། འདིར་བསྟན་གཞི་ཆེན་པོ་ཞིག་ཀྱང་འདིངས་རྒྱུའི་འཆར་གཞི་ཡོད་ནའང་། ཆོ་ག་ཟེར་བ་དེ་ཚོ་ཕྱི་ལོག་ལ་རྩིག་པ་ཞིག་དང་ནང་ལོག་ལ་ཞེ་དྲག་མེད་པ་དེ་འདྲ་ཡོང་མི་སྲིད་པ་མ་རེད། དེ་འདྲ་ནི་གཟི་བརྗིད་ཁོག་སྟོང་རེད། ངོས་ཀྱིས་ནམ་རྒྱུན་ནས་བཤད་སྡོད་ཀྱི་ཡོད། མཚོ་པདྨར་སློབ་དཔོན་གྱི་སྐུ་ཆེན་པོ་ཞིག་ཡོད་པ་དང་། རྡོ་རྗེ་གདན་འདིར་སྟོན་པའི་སྐུ་ཆེན་པོ་ཞིག་ཉི་ཧོང་གི་ཚོགས་པ་ཞིག་གིས་བཞེངས་ཡོད་པ་ནི་བསམ་གྱིས་མི་ཁྱབ་པ་རེད། སྐུ་འདི་གཉིས་འབྱུང་འགྱུར་ལོ་སྟོང་ཕྲག་ཙམ་བཞུགས་མདོག་ཁ་པོ་རེད།  ཡིན་ནའང་གསུང་འབྱོན་གྱི་མ་རེད་ཅེས་ངས་བཤད་སྡོད་ཀྱིན་ཡོད། གང་ལྟར་སངས་རྒྱས་ཀྱི་བསྟན་པའི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་རྒྱུ་ངོ་མ་དེ་རྟོགས་པའི་བདེན་པ་ཡི་ཐོག་ནས་ཡོང་དགོས་ཀྱི་ཡོད་པ་དང་། དེའང་ལུངས་ཀྱི་བསྟན་པ་སྡེ་སྣོད་གསུམ་ལས་མངོན་པའི་སྡེ་སྣོད་ཆགས་ཡོད་པ་རེད། ཚིག་ཤེས་པ་ཙམ་གྱིས་འགྲིག་གི་ཡོད་པ་མ་རེད། དོན་ལ་བསམ་བློ་གཏོང་དགོས་རེད། ཐོས་བྱུང་གི་ཤེས་རབ་ཀྱིས་གཞུང་ཆ་ཚང་ཤེས་ཀྱི་ཡོད་ནའང་། དེ་ཙམ་གྱིས་འགྲིག་གི་ཡོད་པ་མ་རེད། ཐོས་དོན་ལ་རིག་པ་བཞིས་ཚུལ་བཞིན་སྐྱེད་ནས་དཔྱད་པ་བྱས་པའི་འབྲས་བུར་སེམས་བྱུང་གི་ཤེས་རབ་སྐྱེས་ཀྱི་ཡོད་པ་རེད། དེ་འདྲ་ཞིག་ཡོང་པའི་སྐབས་ལ་སེམས་ཀྱི་གཏིང་ནས་ངེས་པ་ཐོབ་བསྡད་པ་ཞིག་ཡོད་པ་དང་། དེ་འདྲའི་ངེས་པ་ཐོབ་ཡོད་མཁན་དེས་ཡང་ནས་ཡང་དུ་གོམས་པར་བྱས་པའི་ཐོག་ནས་བློ་ལ་འགྱུར་བ་ཐེབས་པ་ཞིག་དགོས་པ་རེད། དེར་བརྟེན་ཐོག་མར་ཐོས་བྱུང་གི་ཤེས་རབ་དེ་སྔོན་ལ་གོ་བ་ཞིག་སྐྱེད། སེམས་བྱུང་གི་ཤེས་རབ་ཡང་དང་ཡང་དུ་སྐྱེད་དེ་སེམས་གཏིང་ནས་དེ་མ་གཏོགས་འགྲོ་ས་མེད་བསམ་པ་ཞིག་བསམ་བློའི་གཏིང་ནས་ངེས་པ་ཐོབ་ཐུབ་པ་ཞིག་དགོས་པ་གལ་ཆེན་པོ་རེད། ཅེས་སོགས་གསུངས་བྱུང་།

དེ་ནས་བགྲོ་གླེང་དངོས་སུ་དབུ་འཛུགས་ཀྱིས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གི་མཁན་པོ་དགེ་བཤེས་ལྷ་རམས་པ་བྱང་ཆུབ་སངས་རྒྱས་ལགས་ཀྱིས་གཙོ་སྐྱོང་གནང་སྟེ། ཝཱ་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་གཞུང་སློབ་དཔོན་དགེ་བཤེས་ཡེ་ཤེས་ཐབས་མཁས་ལགས་ཀྱིས་གསུང་བཤད་གནང་སོང་བ་དང་། སང་ཉིན་དང་གནངས་ཉིན་མུ་མཐུད་མཁས་པ་རྣམས་ནས་གསུང་བཤད་དང་དྲི་བ་དྲིས་ལན། རྟགས་གསལ་བཅས་གནའ་དེང་ཟུང་འབྲེལ་གྱི་ཐོག་ནས་བགྲོ་གླེང་གནང་རྒྱུ་རེད་འདུག

གནས་མཆོག་རྡོ་རྗེ་གདན་ནས་གསར་འགོད་པ་ཀླུ་མགོན་ཐར་གྱིས་སྤེལ།

བསྐྱར་བཅོས།: ༢༠༡༨/༡༢/༡༩

Leave a Reply