གསེར་དེའུ་ཡུལ་ཚོར་གློག་བཅད།

བོད་ཁྱུང་མཆུ་རྫོང་གསེར་དེའུ་ཡུལ་ཚོར་གློག་བཅད་པར་བརྟེན་ཡུལ་ཚོའི་མི་མང་གིས་སྙན་ཞུ་ཞིག་སྤྲད་དེ་ང་ཚོ་ནི་མཐོ་སྒང་ནས་མི་ལོ་སྟོང་ཕྲག་མང་པོར་གློག་མེད་པར་འཚོ་བ་རོལ་མཁན་ཡིན་པས་གློག་མེད་ན་ཧ་ཅང་སྐྱིད་སྣང་ཞིག་འདུག་ཅེས་བརྗོད་འདུགཟླ་འདིའི་ཕྱི་ཚེས་ ༡༥ ཉིན། རྔ་བ་ཁུལ་ཁྱུང་མཆུ་རྫོང་གསེར་དེའུ་ཡུལ་ཚོའི་ནང་གློག་རིན་སྤྲད་མེད་མཁན་ཡོད་པའི་ཉེས་མིང་འོག ཁྱུང་མཆུ་རྫོང་གློག་འདོན་ཁང་གིས་བདུན་ཕྲག་གཅིག་ཙམ་རིང་གློག་བཅད་ཡོད་པ་དང་། དགོན་གྲོང་གཉིས་ནས་གློག་རིན་རྒྱ་སྒོར་ཁྲི་ ༡༠༠ ཡས་མས་དགོས་སྐོར་བརྗོད་ཀྱི་ཡོད་འདུག

འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཁ་སང་ཕྱི་ཚེས་ ༡༩ ཉིན་གསེར་དེའུ་མི་མང་ཡོངས་ཀྱི་མིང་ཐོག་ནས་རྫོང་སྲིད་གཞུང་ལ་སྙན་ཞུ་ཡི་གེ་ཞིག་སྤྲད་ཡོད་པ་དང་། སྙན་ཞུ་དེའི་ནང་གསེར་དེའུ་ཡུལ་ཚོའི་དུད་ཁྱིམ་ ༢༠༠༠ ལྷག་དང་མི་གྲངས་ ༨༠༠༠ ཙམ་གྱི་བསམ་པ་ལྟར་སྐད་ཆ་འདི་ཡི་གེར་ཕབ་པ་ཡིན། དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༥ ཉིན་ནས་བཟུང་། ཁྱུང་མཆུ་རྫོང་གློག་འདོན་ཁང་གིས་ལས་ཁུངས་ཁ་ཤས་ཀྱིས་གློག་རིན་མ་སྤྲད་པར་ཁ་གཡར་ནས་ངེད་མང་ཚོགས་ལ་དགུན་འཁྱག་ཙག་རླུང་དང་བསྟུན་གློག་འདོན་མཚམས་བཞག་ཡོད་པ་རེད། ཅེས་བཀོད་འདུག

ཡང་སྙན་ཞུ་དེའི་ནང་དུ་གསེར་དེའུ་མང་ཚོགས་ཀྱིས་གློག་རིན་མ་སྤྲད་པ་སོགས་གཅིག་ཀྱང་མེད་པ་མ་ཟད། ཕྱི་ལོ་ ༢༠༡༦ དང་ ༢༠༡༧། ༢༠༡༨ སོགས་ལ་ཁྱེད་གློག་འདོན་ཁང་གི་ལས་བྱེད་མི་སྣ་དང་ལས་ཁུངས་སོགས་ལ་ཡར་ཞུ་བྱས་ཀྱང་དོ་སྣང་མ་བྱས་པའི་རྐྱེན་གྱིས། ཁྱིམ་ཚང་བཅུ་ཙམ་ཞིག་ལ་གློག་སྐུད་ཀྱི་མེ་སྐྱོན་ཆེན་པོ་བྱུང་སྟེ་ཁྱིམ་ཚང་ཁག་གཅིག་ལ་སྒོར་ཁྲི་ ༨༣ དང་། རིན་ཐང་གཞལ་དུ་མེད་པའི་གནའ་རྫས་མང་པོ་དང་། ཆུང་ས་ནས་བཤད་ན་གློག་ཤུགས་རྒྱུན་ལྡན་མིན་པའི་བརྙན་འཕྲིན་དང་རྩིས་འཕྲུལ། ཐ་ན་གློག་མིག་སོགས་ལ་གནོད་སྐྱོན་བྱུང་བ་སོགས་ཡོང་ནས་གློག་འདོན་ཁང་གིས་སྒོར་ཁྲི་སྟོང་མང་པོའི་སྐྱིན་ཚབ་སྤྲད་ཀྱང་མི་འདང་བ་ཞིག་ཡིན་པ་རེད། ཅེས་བརྗོད་འདུག

ཡང་གསེར་དེའུ་ཡུལ་ཚོའི་འབྲེལ་ཡོད་ཅིག་གིས་འདི་གའི་གསར་འགོད་པར། གློག་མི་གཏོང་དགོས་པའི་རྒྱུ་མཚན་གཙོ་བོ་གསེར་དེའུ་ཡུལ་ཚོའི་རུ་ཆེན་གསུམ་དང་། འབྲེལ་ཡོད་སྲིད་གཞུང་གི་ལས་ཁུངས་ཁག་དང་སྨན་ཁང་། མངག་གཏོང་ཁང་སོགས་ཀྱིས་ཁྱོན་བསྡོམས་གློག་རིན་སྒོར་ཁྲི་ ༡༠༠ ལྷག་སྤྲད་མ་སོང་ཟེར་ནས་གློག་བཅད་པ་རེད། ད་ལྟ་གསེར་དེའུ་ལ་གློག་མ་བཏང་བར་བདུན་ཕྲག་གཅིག་ཙམ་རེད། གནད་དོན་དེའི་ཐད་ཁྱུང་མཆུ་རྫོང་ནས་ཚོགས་འདུ་ཞིག་ཀྱང་ཚོགས་སོང་ལ། ཉིན་གཅིག་གཉིས་ཤིག་གི་རྗེས་སུ་གཏོང་གི་རེད་ཟེར་གྱི་འདུག གློག་འདོན་ཁང་གིས་སྲིད་གཞུང་དང་དགོན་པའི་གློག་རིན་འཁུར་ཡོང་བ་ཡིན་ན་གློག་གཏོང་གི་ཡིན་ཞེས་བཤད་ཡོད་ས་རེད།  དེ་བཞིན་ཡུལ་སྡེའི་དགོན་པ་ནས་ཀྱང་སྒོར་མོ་གྲ་སྒྲིག་བྱེད་ཀྱི་ཡོད་པ་ཞིག་བཤད་ཀྱི་འདུག ཅེས་བརྗོད་བྱུང་།

ཡང་ཡུལ་ཚོའི་མི་མང་གི་སྙན་ཞུ་དེའི་ནང་། ད་ནི་ཁྱེད་གློག་འདོན་ཁང་གིས་ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡ སྔོན་ལ་མང་ཚོགས་ལ་གྱོང་གུད་དེ་ཁ་གསབ་མ་བྱས་ན། ང་ཚོས་མཐོ་ས་ནས་ཀྲུང་དབྱང་དང་དམའ་ས་ནས་ཐད་ཀར་ལས་ཁུངས་ཚོར་གནད་དོན་དེ་ཐག་གཅོད་བྱེད་ཀྱི་ཡིན་ལ། ད་ནས་བཟུང་ཁྱེད་གློག་འདོན་ཁང་གིས་གློག་དེ་གཏོང་ཡང་མི་དགོས། ང་ཚོ་ནི་མཐོ་སྒང་ནས་མི་ལོ་སྟོང་ཕྲག་མང་པོར་གློག་མེད་པར་འཚོ་བ་རོལ་མཁན་ཡིན་པས་གློག་མེད་ན་ཧ་ཅང་སྐྱིད་སྣང་ཞིག་འདུག གལ་ཏེ་གློག་དགོས་ན་ཡང་ང་ཚོས་གློག་འདོན་ས་ཚིགས་གཞན་ལ་འབྲེལ་བ་བྱེད་ཆོག་པས་ཁྱེད་གློག་འདོན་ས་ཚིགས་དང་ད་ནས་བཟུང་འབྲེལ་བ་རྩ་བ་ནས་བཅད་པ་ཡིན། ཞེས་བརྗོད་འདུག

གཞན་ཡང་། གསེར་དེའུ་ཡུལ་ཚོའི་མཁྲིས་སུ་ཡོད་པའི་རྨེ་བ་ཡུལ་ཚོ་ལའང་གློག་རིན་ཁྲི་ ༡༥ ཡས་མས་ཆད་ཡོད་སྐོར་བརྗོད་དེ་གློག་གཅོད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག ཡིན་ནའང་། ད་ལྟའི་ཆར་གློག་བཅད་མེད་སྐོར་བརྗོད་བྱུང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༡༢/༢༠

Leave a Reply